ཆང་སྐྱེས།
སྙན་ངག་མེད་པའི་ཉིན་མོ་འདི་དག་ལ།།
སེམས་ཀྱི་བུ་ཆུང་ལང་ཤོར་ཆང་གིས་བཟི།།
མེ་ཏོག་མགོ་བོ་རླུང་གིས་སྒུལ་ན་ཡང་།།
སུན་སྣང་ཕར་ལ་གཡུག་ཀྱང་འཁོར་ནས་ཡོང་།།
དེ་རིང་ཚ་བའི་རྦ་རླབས་དགུང་ལ་འཕྱུར།།
ལོ་མ་ལྗང་ཁུ་དག་ཀྱང་འབར་ལ་ཁུལ།།
མི་ཚོགས་འཚིང་ཁ་རྒོད་པའི་ཁྲོམ་ལམ་ན།།
ལོ་ཆུང་བུ་མོ་གཅེར་བུར་ཕུད་དེ་རྒྱུགས།།
འཚིག་ཇ་ཕོར་གང་འཐུང་ཞོར་འཐུང་ཞོར་ཏུ།།
གློ་རྡེག་མཛེས་མ་ཞིག་ཀྱང་ཡིད་ལ་འཁོར།།
ལུག་ཆུང་འབའ་སྒྲ་འཕུར་བའི་རི་ངོགས་ན།།
ལ་གཞས་སང་སིང་ལེན་པའི་སྣང་བ་ཤར།།
མ་སྐྱེས་ཨ་མའི་ཞལ་རས་ཝ་ལེར་ཞེས།།
རིག་འཛིན་ཚངས་དབྱངས་རྒྱ་མཚོས་སྙན་ངག་བྲིས།།
ཨ་རག་ཆང་ལ་དགའ་བའི་བུ་ཆུང་ངས།།
སྐྱོ་གདུང་སྙིང་གཏམ་དམར་པོ་སུ་ལ་བཤད།།
མགོ་བོ་བྲང་ཁར་སྨད་པའི་བསམ་གཞིག་ཁྲོད།།
མཛེས་སྡུག་ཁ་དོག་མིན་པ་ངང་གིས་རྟོགས།།
ཐ་མག་ཤུགས་ཀྱིས་རྔུབ་པའི་ན་ཟུག་གིས།།
རང་ཉིད་ཁེར་རྐྱང་ཡིན་པ་ད་བཟོད་ཤེས།།