ཁྲོ་གཏུམ།
འབུ་དེ་ནི་གསེར་སྦྲང་ཞིག
སྦྲང་མའི་ནང་ནས་མཛེས་ཤོས་ཡིན་པའི་དཔེ་འཇོག་རྩོམ་མང་དུ་བཀོད་ཡོད
བྱིས་དུས་རང་བྱུང་ཁམས་སུ་ས་འབྱར་རྡོ་འབྱར་གྱིས་འཚར
རང་བྱུང་གི་རྩེད་མོའི་ཁྲོད་དུ་འབུ་བཟུང་བ་ནི་མཚར་སྣང་གི་པྲ་ཚག་ཅིག་ཡིན
སྐབས་ཤིག་གསེར་སྦྲང་ཞིག་བཟུང
ལག་པའི་མཐེ་མོང་ལ་རྐུབ་མདས་བརྩེགས་པའི་ན་ཟུག་ད་རུང་ག་ལ་བརྗེད
ཡིན་ནའང་ ཨོང་མགོ་བཅད་དེ་ཤུལ་དུ་མེ་ཏོག་སེར་ཆེན་ཆུང་ཆུང་ཞིག་བཙུག་སྟེ་འཕུར་དུ་བཅུག
ཡིད་སྐྱོ་བ་ཞིག་ལ དེ་འདྲའི་སྦྲང་མ་ག་ཚོད་ཅིག་ངའི་ལག་ཏུ་ཤི་ཡོད་ན
སྨན་རྩྭ་འཐུ་སའི་རི་བོ་གསང་རྒན་གྱི་རྐེད་པ་ནས
གསེར་སྦྲང་ཆེན་པོ་ཞིག་བཟུང་སྟེ་མེ་ཏོག་རྐུབ་མདའི་ཚབ་ལ་འཛུག་དུས
ལག་ཤུགས་ཀྱི་བསྡམས་བཙུར་ཆ་མ་སྙོམ་པས་གཅིར་སྟེ་བསད
འབུ་དེ་ནི་སྙིང་རྗེ་སོང་བ་ཐོག་མ་ཡིན་ལ
འབུ་གསོད་པའི་ཐ་མའང་དེ་ནས་ཡིན་པ་འདྲ
འདི་གློ་བུར་དུ་དྲན་པའི་གཏིང་ནས་འཕྱོ་སོང
༢༠༡༩།༠༨།༢༤ཉིན།
ཨ་ལེ། ད་ཡིན་ན་ཤེས་སོང་། ཁྱོད་ཁྲོ་ཁྲོ་སྦྲང་མའི་སྟེང་ལ་ཁྲོ། ཁྱོད་གཏུམ་གཏུམ་སྦྲང་མའི་རྐུབ་ལ་གཏུམ། ཁྲོ་གཏུམ། སྦྲང་མའི་ཨོ་ཤ་གཏུབ་མཁན།
ཆུང་ཆུང་བྱིས་པ་ཡིན་དུས།།
སྦྲང་མའི་ཨོང་ཤ་བཅད་ཡིན།།
ཆུང་ཆུང་བྱིས་པ་ཡིན་དུས།།
ཉ་ལྕོང་སྐམ་ལ་བཏོན་ཡིན།།
ཆུང་ཆུང་བྱིས་པ་ཡིན་དུས།།
ཁྱིམ་མཚེས་ཡོང་རྡོག་བརྐུས་ཡིན།།
ཆུང་ཆུང་བྱིས་པ་ཡིན་དུས།།
མ་བྱས་པ་ཞིག་མེད་ཡ།།
ང་དང་ཁྲོ་གཏུམ་འུ་གཉིས།།
ཆུང་དུས་འདྲ་ས་མང་གི།
ཆུང་ཆུང་བྱིས་པ་ཡིན་དུས།།
ཨ་ཕའི་གློ་ཁུག་ཨེ་སློང་།།
ཆུང་ཆུང་བྱིས་པ་ཡིན་དུས།།
སློབ་གྲྭར་དུད་ཆང་ཨེ་སྤྱད།།
ཆུང་ཆུང་བྱིས་པ་ཡིན་དུས།།
དགུན་ཁ་དར་ཤུད་ཨེ་གཏག།།
ཆུང་ཆུང་བྱིས་པ་ཡིན་དུས།།
བྱེའུ་ཚང་རྫོག་གི་ཨེ་སོང་།།