རྐ་སྲས།
ས་མཐའི་འཚོ་བའི་ཁ་སྟབས་ཧ་ཅང་ཞན་དུས།།
མྱི་རྐྱང་ཐུག་པའི་སྦྱིན་བདག་ཐོན་ཁུལ་བྱེད་མཁན།།
ཉིན་ཁའི་རྩམ་སྐྱའི་བྲོ་བ་གླེང་རོཊ་གྲོཊ་ཡིན།།
ཁྱོད་རང་ཆོལ་ཁ་གང་ཡིན་ཁྱད་པར་མ་བྱུང་།།
སློབ་གྲྭ་ཞིག་གི་འཛིན་ཁང་གཅིག་ལ་འཛོམས་ནས།།
མགོ་སེའི་སྐད་འདི་ལོབ་རྒྱུ་དཀའ་རབས་བཤད་ས།།
ཟླ་མཇུག་མོག་མོག་བཟོ་ཉིན་མཛུབ་མོས་བགྲང་གྲོཊ།།
ཁྱོད་རང་མདོ་དབུས་ཁམས་གང་ཁྱད་པར་མ་བྱུང་།།
མེ་དབུང་སྐོར་བྲོའི་མཐའ་ནས་མིག་གིས་འཚོ་ས།།
དགའ་རོཊ་ཡོད་མེད་སེམས་ཀྱིས་ག་ལེར་ཉན་ས།།
བརྩེ་བའི་གཏམ་རྒྱུད་ཅིག་གི་སྟོང་བསམ་བཅངས་ས།།
ཁྱོད་ཀྱི་སྐྱེ་ས་གང་ཡིན་ཁྱད་པར་མ་བྱུང་།།
མེ་མདའི་སོ་ཁ་དེ་ནས་འབྲོ་བའི་སྐབས་སུ།།
གངས་འཁྱཊ་ལམ་ནས་ཤི་ལ་ཉེ་བའི་དུས་སུ།།
མ་སྐྱུར་བརྒྱབ་ལ་ཁྱེད་ནས་ཡོང་མཁན་གྲོཊ་ཡིན།།
ཁྱོད་རང་ཁམས་དབུས་ཨམ་མདོ་ཁྱད་པར་མ་བྱུང་།།
རྒྱལ་བའི་གསེར་ཞལ་ཐོག་མར་མཇལ་བའི་ཉིན་ལ།།
དགའ་སྐྱོ་ཟུང་གི་མཆི་མ་ཤུབ་སེ་བཞུར་གྲོཊ།།
ཁ་སེམས་གཉིས་ནས་སྨོན་ལམ་ལྷན་དུ་འདེབས་གྲོཊ།
ཁྱེད་རང་མདོ་དབུས་སྟོད་སྨད་ཁྱད་པར་མ་བྱུང་།།
ལམ་མདོའི་ཐང་ཁྲོམ་དཀའ་ངལ་ནང་ལ་ལྷུང་དུས།།
སྐོར་སྲུང་བ་ཡིས་ཚོང་རྫས་བསྡུ་དགོས་ཟེར་སྐབས།།
སྐྱོ་བའི་མིག་ཆུ་ཁོངས་ནས་བཞུར་རོཊ་གྲོཊ་ཡིན།།
ཁྱོད་རང་སྐྱེ་ཡུལ་གང་ཡིན་ཁྱད་པར་མ་བྱུང་།།
མ་ཅང་ཊི་ལ་མ་འགོར་གཏོར་རྒྱུ་ཟེར་སྐབས།།
མགྲོན་ཁང་ཆ་བོ་རྩ་མེད་འགྲོ་ཉེན་ཤར་དུས།།
གོང་ས་མཆོག་ལ་ཞུས་པས་ཨེ་དགའ་ཟེར་གྲོཊ།།
ཁྱོད་རང་ཆོལ་གསུམ་གང་ཡིན་ཁྱད་པར་མ་བྱུང་།།
སྐྱབས་བཅོལ་ལག་དེབ་རྒྱངས་བའི་ཉི་མ་དག་ལ།།
ཉིན་གང་སྒུག་ནས་བསྡད་པའི་མཐའ་མ་མཐའ་མར།།
རང་ལ་རྒྱལ་ཁབ་མེད་པའི་སྡུག་སྨེ་འདོན་གྲོཊ།།
ཁྱོད་རང་མདོ་དབུས་ཁམས་གང་ཁྱད་པར་མ་བྱུང་།།
ས་མཐའི་གདན་ས་གསུམ་པོ་དཔལ་འབྱོར་ཞན་དུས།།
གནས་བརྟན་བགྲེས་པོའི་ཟས་ལ་རེ་དགོས་བྱུང་སྐབས།།
ཨ་ཤོམ་འདེབས་ལས་བ་མོ་འཚོ་རོཊ་གྲོཊ་ཡིན།།
ཁྱོད་རང་ཆོལ་ཁ་གང་ཡིན་ཁྱད་པར་མ་བྱུང་།།
མཇུག་མཐར་རྒས་པའི་རི་མོ་ཐོད་ལ་བབས་ནས།།
ས་མཐའི་དུར་ཐལ་ནག་པོ་འབྱུང་བཞིར་འཐིམས་དེ།།
མིང་གི་ལྷག་མ་ཙམ་དང་དྲན་པའི་ཡུལ་ཙམ།།
གྱུར་བའི་དུས་ན་ཆོལ་ཞེན་ཕན་ཐོཊ་ཨེ་ཡོང་།།
2019/8/25
ཨ་ཙི་ཅི་བས་བདེན་ནོ་རྐ་སྲས།།
སྔོན་ཚེ་བོད་མིའི་ལར་ཞེན་བརྟན་དུས།།
ཆོལ་ཁ་གང་ཡིན་ཁྱད་པར་མེད་མོད།།
གུང་ཁྲན་སྐྱག་ཁུང་ལྡག་མཁན་འདི་ཚོས།།
ཆོལ་ཁའི་དར་ཆ་སྒྲེང་གི་སྒྲེང་གི།
ཆོལ་ཁ་གསུམ་པོ་ཐུག་ལྷག་དཀྲུག་དཀྲུག།།
ཅིས་ཀྱང་བདེན་ནོ་བདེན་པའི་མགྲིན་པ་ཅན།།
བཙན་པོའི་སྙིང་ཁྲག་བྲང་ནས་ཁོལ་བའི་བུ།།
གངས་རིའི་སྐེད་རགས་གཅིག་གིས་བཅིང་བའི་བོད།།
དཀའ་བའི་དུས་སུ་རྡོག་རྩ་གཅིག་སྒྲིལ་གཅེས།།
འགོ་ན་འདུག་མཁན་འགོ་པ་རྣམས་ཀྱིས་འགོ་ནས་ཤིག་གིན་འདུག།
འོག་ན་འདུག་མཁན་མི་མང་རྣམས་ནི་འོག་ནས་འཐོར་ཀིན་འདུག།
ཁ་སྟབས་ཞན་པའི་སྨྱུག་ཐོགས་པ་རྣམས་སེམས་ཁྲལ་བྱེད་ཀྱིན་འདུག།
བོད་ཀྱི་སྤྱི་ཚོགས་འགོ་པས་གཏོར་ན་ང་ཚོ་བུད་ལ་འགྲོ།།
དེ་ཡང་བདེན་ནོ་བདེན་པའི་སྨྱུག་འཛིན་དག །སྔ་མོ་སྲིད་པ་ཆགས་པའི་གཏམ་དཔེ་ལ། །རྒྱལ་པོའི་རྒྱལ་ས་བདེ་ལ་མ་འཁོད་ན། །སྤྲང་བའི་ཉལ་ས་བདེ་ལ་འབབ་ཐབས་མེད། །བོད་མི་བསོད་ནམས་ཟད་པའི་རྟགས་མཚན་ལ། །སློབ་བཟང་སངས་རྒྱས་མིང་ཅན་སྲིད་ལ་འཁོད། །ཆོལ་གསུམ་མཐུན་སྒྲིལ་རྨང་ནས་བཤིག་པ་དང་། །སྐད་ཡིག་རིག་གཞུང་ཉམས་པའི་ལས་མང་བརྩམས། །འབངས་རྣམས་སེམས་ཤུག་ཆག་ནས་རྩ་དོན་བོར། །བསམ་ཞིང་བསམ་ན་་་་་་་་
རྣམ་པ་ཚོ་བྱོན་པ་ལེགས།