བློ་བཟང་ལུང་རྟོགས་ཀྱིས་བསྒྱུར། (ཨོ་གླིང་།)
རང་དབང་མེད་པའི་ཡར་རྒྱས་གོང་འཕེལ་ནི་རྣམ་པ་འགྱུར་བའི་དབུལ་ཕོངས་ཞིག་རེད། སྲིད་འཛིན་ཨོ་བྷ་མ།
སྒྲོམ་གཞི་གསར་བ་ཞིག
ཨ་མེ་རི་ཀ་དང་རྒྱ་ནག་གཉིས་དགྲ་ཟླར་འགྱུར་བའི་ཉེན་ཁ་ཡོང་དོན་ནི། ཕྱོགས་གཉིས་ཀར་མ་འོངས་པའི་འབྲེལ་ལམ་གནང་སྟངས་དང་ཨེ་ཤེ་ཡའི་མ་འོངས་པའི་གནས་སྟངས་ཐད་འགལ་ཟླའི་ལྟ་ཚུལ་ཡོད་པས་རེད། ང་ཚོས་མཐོང་གསལ་ལྟར། ཨ་རིས་སྣེ་ཁྲིད་པའི་སྒྲོམ་གཞི་དེ་ལ་མི་ལོ་བཞི་བཅུ་ལྷག་གི་རིང་གྲུབ་འབྲས་ཡག་པོ་བྱུང་ཡོད་པ་དང་གནས་སྟངས་དེ་ཨ་རིས་ངོས་ནས་མུ་མཐུད་རྒྱུན་འཛིན་བྱེད་འདོད་ཀྱི་ཡོད། རྒྱ་ནག་རང་ཉིད་མངའ་ཁུལ་འདིའི་སྣེ་ཁྲིད་པའམ་འགོ་གཙོ་ཡིན་པའི་སྒྲོམ་གཞི་གསར་བ་ཞིག་གི་ཐོག་འགྲོ་འདོད་ཡོད།
ཕྱོགས་གཉིས་ཀས་ཞི་བདེ་འདོད་ཀྱི་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། འོན་ཀྱང་། ཞི་བདེ་ཅི་ལྟར་རྒྱུན་གནས་ཡོང་ཐབས་སྐོར་ལ་བསམ་ཚུལ་མཐུན་གྱི་མེད། སྔོན་མའི་སྒྲུང་རྙིང་པ་ཞིག་སྟེ་གྲང་དམག་སྐབས་ཀྱི་མཚོ་དམག་སྤྱི་ཁྱབ་པ་ སྐུ་ཞབས་་ཇེ་ཁེས་ ཧྥེ་ཞེར་(Admiral Jacky Fisher) མཆོག་གིས་སྐབས་དེའི་ཡོ་རབ་ཁུལ་གྱི་འགྲན་རྩོད་སྐོར་ལ་འདི་ལྟར་གསུང་ཡོད། ་་རྒྱལ་ཁབ་ཚང་མས་ཞི་བདེ་འདོད་ཀྱི་ཡོད་པ་རེད། འོན་ཀྱང་། ཁོང་ཚོ་ཚང་མས་རང་ཉིད་ལ་འོས་ཤིང་འཚམ་པའི་ཞི་བདེ་ཞིག་འདོད་ཀྱི་ཡོད་པ་རེད།
འཛམ་གླིང་གི་ཉེན་ཁ་གསར་བ་འདི་ལ་ང་ཚོས་རྒྱུས་ལོན་དང་ལན་འདེབས་ཅི་ལྟར་བྱེད་དགོས་སམ། རྒེ་སྦོམ་གྱིས་བརྩམ་པའི་ཉམས་རྒུད་ཅེས་དཔེ་དེབ་ (In the Decline and Fall, Gibbon suggested) དེའི་ནང་འདི་ལྟར་བྲིས་ཡོད། ་་ཡོ་རོབ་དབང་འཛིན་པ་རྣམས་ཀྱིས་༡༤༥༣་ལོར་ཏིར་ཀི་བཙན་པོའི་ལག་འོག་ནས་ཨོ་ཁྲོ་མོ་(དཀྱིལ་ཤར་མངའ་ཁུལ་གྱི་དམག་འཁྲུག་གི་ལོ་རྒྱུས་ཤིག) སྐྱོབ་པའི་ཆེད་ནུས་ཕན་ལྡན་པའི་ལས་དོན་སྒྲུབ་མེད། གང་ཡིན་ཟེར་ན། གནས་སྟངས་ཁ་ཤས་ནང་ཁོང་ཚོས་ཉེན་ཁའི་སྐོར་ལ་རྒྱུས་ལོན་ཡག་པོ་བྱེད་ཐུབ་མེད། ཉེན་འཚབ་ཁ་ཤས་ནི་རྟོག་བཟོ་དང་། ཉེན་འཚབ་ཁ་ཤས་འགོག་ཐུབ་བྲལ་བར་བརྩིས་པས་རེད། ང་ཚོས་ནོར་འཁྲུལ་དེ་འདྲ་ཡང་བསྐྱར་བཟོ་བའི་ཉེན་ཁ་ཡོད། མི་མང་པོ་ཞིག་གིས་ཨ་རྒྱ་གཉིས་བར་དུ་རྩོད་རྙོག་ལངས་རྒྱུ་ཡིན་པ་ནི་གཡོལ་ཐབས་མེད་པ་ཞིག་ཏུ་འདོད་པ་དང་། ཡང་ཁ་ཤས་ཀྱིས་བློ་སེམས་བདེ་བོའི་ངང་དེ་འདྲ་ཡོང་མི་སྲིད་པ་ཞིག་རེད་བསམ་ཀྱི་ཡོད། ཧང་སང་མི་དགོས་ཀྱང་ཁྱད་མཚར་བ་ཞིག་ལ་ཡང་མི་ཁ་ཤས་ཀྱིས་གནས་དུས་མ་འདྲ་བའི་ནང་བསམ་ཚུལ་དེ་གཉིས་ཀ་འཛིན་མཁན་ཀྱང་ཡོད་པར་མ་ཟད། ཁ་ཤས་ཀྱིས་དུས་གཅིག་ཏུ་བསམ་ཚུལ་གཉིས་ངོས་ལེན་བྱེད་མཁན་ཀྱང་ཡོད། བསམ་ཚུལ་དེ་གཉིས་ཀ་ནོར་འཁྲུལ་ཅན་རེད། བསམ་ཚུལ་དེ་གཉིས་ཀས་རྣོ་ངར་ཆེ་བའི་འགྲན་རྩོད་ཀྱི་གནས་སྟངས་དེ་ལས་བཤོལ་ཐབས་ལ་འགོག་རྐྱེན་བཟོ་གི་ཡོད།
ཨ་རྒྱའི་བར་གྱི་རྩོད་རྙོག་ནི་གཡོལ་ཐུབ་ཐབས་མེད་པ་ཞིག་ཡིན་སྐོར་གྱི་རྒྱུ་མཚན་ཤུགས་ཆེ་ཤོས་བཤད་མཁན་ནི་སྐུ་ཞབས་ འཇོན་མེར་ཞིས་མར་ ཡིན་པ་དང་། JOHN MEARSHEIMER་(ཨ་རིའི་ཆབ་སྲིད་རིག་པའི་མཁས་པ་ཞིག) ཁོང་གིས ་་ལོ་རྒྱུས་ཁྲོད་སྟོབས་ཆེན་ཏུ་འགྱུར་བཞིན་རྒྱལ་ཁབ་ཚོས་སྟོབས་ཆེན་ཆགས་ཟིན་པའི་རྒྱལ་ཁབ་རྣམས་ལ་འགྲན་རྩོད་བསླང་པར་བརྟེན་དམག་འཁྲུག་ཡོང་གི་ཡོད། གནས་ཚུལ་དེ་འདྲ་ད་ལྟར་ཡང་བསྐྱར་འབྱུང་གི་རེད་་ ཅེས་གསུང་ཡོད། དེ་ལ་རྒྱུ་མཚན་ཆེན་པོ་ཡོད། འོན་ཀྱང་། ལྟ་ཚུལ་དེས་གཞུང་དང་མི་མང་གིས་རང་ཉིད་ཀྱི་མ་འོངས་བའི་རྣམ་པ་ཅི་ལྟར་བསྐྲུན་པར་སྣང་མེད་བཏང་བ་རེད། སྟོབས་ལྡན་རྒྱལ་ཁབ་བར་གྱི་སྟོབས་ཤུགས་ལ་འགྱུར་འགྲོས་སྐབས་འགྲན་བསྡུར་དང་རྩོད་རྙོག་ལས་གཡོལ་རྒྱུ་ནི་ཧ་ཅང་གི་ཁག་པོ་ཡིན་པ་མ་ཟད། རྒྱུན་ལྡན་དང་མ་འདྲ་ཞིག་ཡིན་པ་ནི་ང་ཚོར་ལོ་རྒྱུས་ཀྱིས་བདེན་དབང་བྱས་ཡོད་ཀྱང་། ཨ་རྒྱ་ཕྱོགས་གཉིས་ནས་ཕན་ཚུན་གྱི་མངོན་འདོད་དང་ལེན་བྱེད་རྒྱུའི་ཆེད་དམག་འཁྲུག་མ་རྒྱབ་པར་ཕལ་ཆེར་འགྲུབ་པར་མི་སྲིད་པ་ལྟ་བུ་ཞིག་ཏུ་མཐོང་གི་ཡོད། འདིས་སྤྱིར་སྐྱེ་བོ་སྒེར་ནས་རང་ཉིད་ཀྱི་ཁེ་ཕན་ཆེད་གཞན་ལ་བསྟུན་མཁས་དང་མཉམ་ལས་ཀྱིས་རང་ཉིད་གོང་འཕེལ་གཏོང་པའི་རྩ་དོན་ལ་རྩིས་མེད་བཏང་བའི་ལྟ་ཚུལ་ཞིག་རེད།
དེབ་འདིའི་སྙིང་དོན་གཙོ་བོ་ནི་ཨ་རྒྱ་གཉིས་བར་བསམ་ཤེས་བྱེད་ཐུབ་པའི་གནས་སྟངས་ཡོང་སྲིད་པ་དེའི་སྐོར་ཡིན། དེ་ལ་གདམ་ཀ་གསུམ་ཡོད་པ་ལས་ཨ་མེ་རི་ཀས་རྒྱ་ནག་གི་འཕེལ་རྒྱས་ལ་ལན་འདེབས་ཀྱི་ཐབས་ལམ་ཡག་ཤོས་ནི། ཨེ་ཤེ་ཡའི་འགོ་གཙོའི་གནས་བབ་མཉམ་སྤྱོད་བྱེད་པར་མོས་མཐུན་བྱེད་རྒྱུ་དེ་རེད། སྒྲོམ་གཞི་འདི་འདྲ་ཞིག་བསམ་བློར་འཁོར་རྒྱུ་དཀའ་ལས་ཁག་པོ་དང་ལེགས་འགྲུབ་ཡོང་རྒྱུ་ནི་དེ་ལས་ཀྱང་དཀའ་ཚེགས་ཅན་ཞིག་ཡིན། གལ་སྲིད་ལེགས་འགྲུབ་བྱུང་བ་ཡིན་ན་ཡང་དེ་རྒྱུན་གནས་ཐུབ་རྒྱུ་ཁག་པོ་རེད། གལ་སྲིད་གདམ་ཀ་གཞན་པ་རྣམས་དེ་འདྲའི་སྡུག་ཐུག་ཅིག་མིན་ན་ལྟ་ཚུལ་འདི་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁག་པོ་རེད། གལ་སྲིད་རྒྱ་ནག་ཕྱོགས་ཀྱི་དབང་སྒྱུར་དང་འགྲན་རྩོད་གཉིས་ཀའི་ཉེན་ཁར་གཡོལ་བའི་ཐབས་ལམ་ཞིག་ཡོད་པ་ཡིན་ན། དེ་ནི་སྒྲོམ་གཞི་གསར་བ་ཞིག་གི་ནང་ཁོང་ཚོའི་དབང་ཆ་དང་ཤུགས་རྐྱེན་འཕེལ་རྒྱས་ཀྱི་འདོད་བློ་ཁེངས་པ་ཞིག་དང་། ཨ་མེ་རི་ཀས་མུ་མཐུད་སྟོབས་ཤུགས་འདང་ངེས་ཡོད་པའི་ཐོག་རྒྱ་ནག་ལ་སྟོབས་ཤུགས་བེད་སྤྱོད་ལོག་པར་གཏོང་མ་བཅུག་པ་ཞིག་བྱེད་ཐུབ་རྒྱུ་དེ་རེད།
ང་ཚོའི་འགན་འཁྲི་ནི་འདུམ་འགྲིག་འདི་འདྲ་ཞིག་རྨང་གཞི་བཞག་པའི་སྒྲོམ་གཞི་གསར་བ་ཞིག་གསར་གཏོད་བྱེད་རྒྱུ་དེ་ཡིན་པ་དང་། སྒྲོམ་གཞི་གསར་པ་དེ་གང་འདྲ་ཞིག་ཡིན་པ་དང་། དེས་ནུས་པ་གང་འདྲ་ཐོན་གྱི་ཡོད་པ་དང་། གོང་འཕེལ་ལ་ཅི་ལྟར་གཏོང་མིན་སྐོར་རེད། འདི་ནི་ལེའུ་འདིའི་དམིགས་གཏད་གཙོ་བོ་ཡིན། ངས་ཐག་གཅོད་ཅིག་ཡོང་པའི་སྔོན་དཔག་བྱེད་ཀྱི་མེད། དེ་ད་དུང་རྒྱང་རིང་གི་གནས་རེད། ཨ་མེ་རི་ཀ་དང་རྒྱ་ནག་གཉིས་ད་ལྟ་འགྲོ་བཞིན་པའི་ལམ་ཁར་མུ་མཐུད་འགྲོ་རྒྱུ་ཡིན་པ་འདྲ། ཁོང་ཚོ་མུ་མཐུད་ཐབས་ཇུས་ཀྱི་འགྲན་སྡུར་ནང་ཞུགས་རྒྱུ་དང་དཔལ་འབྱོར་འབྲེལ་ལམ་གྱི་ཟུངས་ཤུགས་མཉམ་ནས་དམག་འཁྲུག་གི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད། འདིར་བརྗོད་པའི་ཐབས་ལམ་གཉིས་པ་དེ་ལ་རེ་བ་ཆེན་པོ་མེད་ཀྱང་དེ་ནི་གདམ་ཀ་ཡག་ཤོས་སུ་མཐོང་གི་ཡོད།
སྟོབས་ཤུགས་མཉམ་སྤྱོད་རྨང་གཞི་བྱས་པའི་སྒྲོམ་གཞི་ཞིག་གི་ནང་ཨ་མེ་རི་ཀ་མུ་མཐུད་ཨེ་ཤེ་ཡའི་ལས་དོན་ནང་འཁྲབ་སྟོན་པ་གཙོ་བོ་ཞིག་ཏུ་གནས་རྒྱུ་དང་། ཁོང་ཚོས་སྟོབས་ཤུགས་ཀྱིས་རྒྱ་ནག་གི་སྟོབས་ཤུགས་ལ་ཚོད་འཛིན་བྱེད་པ། ལྕི་ཡང་སྙོམས་ནས་ཨ་རིའི་མངོན་འདོད་སྲུང་སྐྱོབ་དང་རྒྱལ་སྤྱིའི་སྤྱོད་ལམ་ཚད་ལྡན་དུ་གཏོང་ཐུབ། དེ་བས་འདི་ནི་རྒྱ་ནག་གི་ཆེད་དུ་ཨེ་ཤེ་ཡ་བློས་གཏོང་བ་ལས་ལྡོག་སྟེ་ཕན་ཚུན་གདོང་ཐུག་གི་ཉེན་ཁ་ལས་གཡོལ་སྟེ་གྲུབ་འབྲས་བཟང་པོ་ཞིག་ཡོང་གི་ཡོད། ཡིན་ན་ཡང་། འདི་ནི་དོན་མེད་དུ་ཡོང་གི་མེད། རྒྱ་ནག་གིས་རང་ཉིད་ཀྱི་སྟོབས་ཤུགས་དེ་ཨ་མེ་རི་ཀས་ངོས་ལེན་ཡོད་པའི་ཁོར་ཡུག་ཅིག་གི་ནང་བེད་སྤྱོད་གཏོང་དགོས་པ་ཇི་བཞིན། ཨ་མེ་རི་ཀས་ཀྱང་རྒྱ་ནག་གིས་ངོས་ལེན་ཡོད་པའི་ཁོར་ཡུག་ཞིག་གི་ནང་རང་ཉིད་ཀྱི་དབང་ཆ་དང་ཤུགས་རྐྱེན་བེད་སྤྱོད་གཏོང་དགོས། སྒྲོམ་གཞི་འདི་འདྲ་ཞིག་བསྐྲུན་པའི་དཀའ་ངལ་ཆེ་ཤོས་ནི་ཕྱོགས་གཉིས་ཀྱིས་ངོས་ལེན་ཡོད་པའི་ཚད་གཞིའི་ཐོག་གྲོས་མོལ་བྱེད་རྒྱུ་དེ་ཡིན། དེ་ལ་ང་ཚོས་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་མཐོང་མ་མྱོང་བའི་ཕྱི་འབྲེལ་ཐབས་ཇུས་གསར་བ་ཞིག་དགོས།
ཤར་ཨེ་ཤེ་ཡའི་ཆེས་མཐོའི་ཚོགས་འདུ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས། ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་མཐུན་གྲོགས་སོགས་ཀྱིས་མཚོན་པའི་ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་མངའ་ཁུལ་གྱི་ལྡིང་ཆ་ཐོག་ཐུན་མོང་གིས་ཁས་ལེན་བྱེད་པའི་ཕྱི་འབྲེལ་སྲིད་ཇུས་འདི་འདྲ་ཞིག་མཐོང་མི་ཐུབ། ཁོང་ཚོས་སྒྲོམ་གཞི་གསར་བ་ཞིག་གི་ཆེད་དུ་ལེགས་སྐྱེས་འབུལ་རྒྱུའི་ཚབ་ལ་རང་ཉིད་རྒྱབ་ཁབ་གཞན་དང་འདྲ་མཚུངས་ཡིན་པར་འདོད་པའི་སྒྲོམ་གཞི་རྙིང་པ་ཞིག་གི་ནང་བསྡད་ཡོད་པ་མཚོན་གྱི་ཡོད། སྒྲོམ་གཞི་གསར་བ་ཞིག་འདི་ལྟར་བཟོ་བ་མ་རེད། སྒྲོམ་གཞི་གསར་པ་ཞིག་ནི་རྒྱལ་ཁབ་སྟོབས་ཤུགས་ཆེ་ཤོས་དང་དབང་ཤུགས་ཆེ་ཤོས་ཚོས་གྲོས་མོལ་བྱས་པ་ལས་བཟོ་ལྟ་གཏོད་ཀྱི་ཡོད། གྲོས་མོལ་དེ་འདྲ་རྒྱལ་ཁབ་ཀྱི་གནས་བབས་སམ་སྣང་བརྙན་ལ་ཐད་ཀར་འབྲེལ་བའི་དཀའ་ངལ་དང་མི་འདོད་བཞིན་ནང་འགྲིག་བྱེད་པའི་སྐོར་སོགས་ཚུད་ཀྱི་ཡོད་པས་འདི་དག་ཡོངས་གྲགས་སུ་བྱེད་མི་ཐུབ། གྲུབ་འབྲས་རྣམས་རིམ་བཞིན་ཡོངས་གྲགས་སུ་འགྱུར་མོད་ནང་འགྲིག་འདི་དག་མངོན་གསལ་དོད་པོ་མ་ཡིན་པར་སྤྱི་ཚོགས་རྒྱུན་འདྲིས་རང་བཞིན་གྱི་ཐོག་ནས་ཡོང་གི་ཡོད། ཨེ་ཤེ་ཡའི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་དབང་ཤུགས་རྨང་གཞིའི་ཐོག་སྒྲོམ་གཞི་གསར་བ་ཞིག་བཟོ་གི་ཡིན་ན་ང་ཚོས་ཤོག་ངོས་གསར་བ་ཞིག་ནས་འགོ་འཛུགས་བྱེད་དགོས།
སྤྲོད་ལེན་བྱེད་པ།
ཨེ་ཤེ་ཡའི་མངའ་ཁུལ་དུ་སྟོབས་ཤུགས་མཉམ་སྤྱོད་བྱེད་རྒྱུ་དེ་ཨ་མེ་རི་ཀ་གཅིག་པོས་འདེམ་ནས་སྒྲུབ་ཐུབ་པ་ཞིག་མིན། ཝ་ཞིན་ཀྲོན་དང་པེ་ཅིང་ཕྱོགས་གཉིས་ནས་དེ་སྒྲུབ་པར་མོས་མཐུན་བྱེད་དགོས་ཀྱི་ཡོད། ཕྱོགས་གཉིས་ཀྱི་གནས་སྟངས་དང་སྣང་བརྙན་ལ་འདྲ་མཚུངས་ངེས་ཅན་ཞིག་དགོས་པ་ནི་ཨེ་ཤེ་ཡའི་ནང་སྟོབས་ཤུགས་མཉམ་སྤྱོད་ལ་མེད་ཏུ་མི་རུང་པར་གྱུར་ཡོད། འདྲ་མཚུངས་དེ་འདྲ་ཡོང་རྒྱུ་མི་མང་པོས་དཀའ་ལས་ཁག་པོར་མཐོང་གི་ཡོད། ཁོང་ཚོས་རྒྱ་ནག་དང་ཨ་མེ་རི་ཀ་གཉིས་སྟོབས་ཤུགས་དང་མངོན་འདོད་ཀྱི་ཁྲིམས་མཐུན་རང་བཞིན་ལ་གཏིང་ཟབ་པོའི་ཁྱད་པར་ཆེན་པོ་ཡོད་པ་ཞིག་མཐོང་གི་ཡོད། ཨ་རིའི་མི་མང་གིས་ཁོང་ཚོའི་རྒྱལ་ཁབ་ཀྱི་སྔར་ཡོད་སྒྲོམ་གཞི་སྲུང་བརྩི་བྱེད་རྒྱུ་དེ་ཨ་རིའི་མི་མང་དང་རྒྱལ་ཁབ་གཅིག་པོ་ཙམ་མ་ཡིན་པར་ཨེ་ཤེ་ཡ་མངའ་ཁུལ་ཡོངས་ལ་ཁྱབ་ཀྱི་ཡོད་པར་བསམ་པ་དང་། ཁོང་ཚོས་རྒྱ་ནག་གི་དམིགས་ཡུལ་ནི་སྒྲོམ་གཞི་དེ་ལ་འཇིགས་སྐུལ་དང་ཁ་གཏོར། མི་མང་ཚང་མར་འདོད་པའི་ཞི་བདེ་བརྟན་ལྷིང་ཡུན་གནས་ཡོང་བར་གནོད་སྐྱོན་གཏོང་གི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། རྒྱ་ནག་ལ་མཚོན་ན་དེ་ནི་རྣམ་པ་མི་གཅིག་པའི་འདྲ་མཉམ་ཞིག་ཏུ་མཐོང་གི་ཡོད། རྒྱ་ནག་ཕྱོགས་ནས་ཁོང་ཚོར་གསར་ཏུ་ཐོབ་པའི་སྟོབས་ཤུགས་དེ་བེད་སྤྱད་ནས་དུས་ཡུན་རིང་པོར་མངའ་ཁུལ་གྱི་དྲང་པོ་མིན་པའི་སྒྲིག་གཞི་དེ་ལ་བསྐྱར་བཅོས་དང་། ཨ་མེ་རི་ཀས་ཁོ་ཚོར་གདོང་ལེན་བྱེད་པ་ནི་དྲང་པོ་མིན་པའི་གནས་སྟངས་མུ་མཐུད་རྒྱུན་བསྲིང་རྒྱུ་དང་། ད་དུང་རྒྱ་ནག་གི་སྟོབས་ཤུགས་མངོན་འགྱུར་ཡོང་བར་བཀག་འགོག་བྱེད་ཀྱི་ཡོད་པར་མཐོང་གི་ཡོད།
ཨ་རྒྱ་གཉིས་བར་གྱི་འབྲེལ་བ་དེ་ཞི་བདེའི་ངང་སྐྱོང་བའི་རེ་བ་ཡོད་ན། གོང་དུ་བཤད་པའི་ཕྱོགས་གཉིས་ཀས་ཁྲིམས་མཐུན་ཡིན་པར་འདོད་ཅིང་། འགལ་ཟླ་ཤོར་པའི་དམིགས་ཡུལ་རྣམས་ཀྱི་ཐོག་ངེས་པར་དུ་བགྲོ་གླེང་བྱེད་དགོས་པ་དང་། འདི་ནི་གནད་དོན་ཚང་མའི་ནང་གི་ཁག་ཤོས་དེ་ཡང་ཡིན་སྲིད། གྲོས་མཐུན་གང་རུང་ཞིག་ཡོང་བར་ཐོག་མར་དགོས་པ་ནི་རང་ཉིད་ཀྱི་འདྲ་ཡ་དེའི་དམིགས་ཡུལ་རྣམས་ཕྱོགས་ཡོངས་ནས་ཁྲིམས་མཐུན་ཡིན་པའི་ངོས་ལེན་དང་ཤེས་རྟོགས་ཡོང་དགོས་ཀྱི་ཡོད། དེའི་དོན་དག་ནི་ཁོ་ཚོ་ཁས་ལེན་དང་བརྩི་བཀུར་བྱེད་དགོས་པའི་ངེས་པ་མེད། འོན་ཀྱང་། ཨ་རྒྱ་གཉིས་ཨེ་ཤེ་ཡའི་མངའ་ཁུལ་དུ་ཞི་བདེ་མཉམ་གནས་ཡོང་དགོས་ན་ཕྱོགས་གཉིས་ཀས་ཕན་ཚུན་གྱི་དམིགས་ཡུལ་རྣམས་ལུགས་མཐུན་ཡིན་པ་ངོས་ལེན་དགོས་ཀྱི་ཡོད། ཨ་རིའི་ཕྱོགས་ནས་རྒྱ་ནག་ཡར་རྒྱས་ལ་འགྲོ་བ་དང་ལྟན་དབང་ཤུགས་ཆེ་རུ་འགྲོ་བ་ནི་ཁྲིམས་མཐུན་ཡིན་པའི་ངོས་ལེན་བྱེད་དགོས། རྒྱ་ནག་ཕྱོགས་ནས་ཀྱང་ཨ་མེ་རི་ཀ་མུ་མཐུད་ཨེ་ཤེ་ཡའི་ནང་སྒུལ་ཤུགས་ཆེན་པོའི་ངང་གནས་རྒྱུར་ངོས་ལེན་བྱེད་དགོས།
ང་ཚོས་ཕྱོགས་གཉིས་ཀྱི་ཁྲིམས་མཐུན་རང་བཞིན་ཡིན་པའི་དམིགས་ཡུལ་རྣམས་ངོས་ལེན་བྱས་པ་ཡིན་ན། ཁྱོན་ཡོངས་ཀྱི་འདྲ་མཉམ་ཡིན་པའི་བསམ་ཚུལ་རྣམས་མཐོང་རྒྱུ་ལས་སླ་བོ་ཡིན། ཕྱོགས་གཉིས་ནས་རང་ཉིད་ཀྱི་དབང་ཆ་དང་ཤུགས་རྐྱེན་ཆེ་རུ་གཏོང་འདོད་པ་དང་། ཕྱོགས་གཉིས་ནས་གཅིག་ལ་ཐོབ་པ་དེ་གཅིག་ལ་ཤོར་བར་ངོས་འཛིན་བྱས་ཏེ་ཕན་ཚུན་གྱི་ཤུགས་རྐྱེན་སྤེལ་བའི་ཐོག་འབད་རྩོལ་བྱེད་ཀྱི་ཡོད། འོན་ཀྱང་ཕྱོགས་གཉིས་ཀར་ཕན་ཚུན་འགྲན་རྩོད་བྱས་ན་ཉེན་ཁ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པ་དང་། ཇི་ལྟར་ཕྱོགས་གཉིས་ཀྱི་དམིགས་ཡུལ་འགྲུབ་ཆེད་འབུད་རྒྱག་བྱས་པ་དེ་ཙམ་གྱིས་འགྲན་རྩོད་ནི་རྣོ་ངར་ཅན་དང་། གྱོང་གུན་ཅན། ཉེན་ཁ་ཅན་དུ་འགྱུར་བཞིན་ཡོད། རྒྱལ་ཁབ་གཉིས་ཀ་སྟོབས་ཤུགས་ཆེན་པོ་ཡིན་པའི་དབང་གིས་ཕྱོགས་གཉིས་ཀར་འགོ་གཙོ་བྱེད་པའི་འགྲན་རྩོད་ལ་རྒྱལ་ཁ་ཆ་ཚང་ཞིག་ཐོབ་པའི་རེ་བ་མེད། དེ་བས་ཕྱོགས་གཉིས་ཀས་ནང་འགྲིགས་ཡོང་བ་བྱས་ན་ཕན་ཐོགས་ཆེན་པོ་ཡིན། ཕྱོགས་གཉིས་ནས་དབང་ཤུགས་ཀྱི་ཆེད་འགྲོ་སོང་ཕོན་ཆེན་པོ་ཞིག་མི་གཏོང་བའི་གྲོས་འཆམ་ཡོང་བར་འབད་བརྩོན་གནང་དགོས། གནས་བབས་དེ་འདྲ་ཞིག་གི་དུས་སུ་གྲོས་འཆམ་ཞིག་ཡོང་ཐུབ་མིན་ནི་གནད་འགད་གཉིས་ལ་ཐུག་འདུག དང་པོ། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཚོས་རང་ཉིད་ཀྱི་གནས་སྟངས་འདི་ལྟར་གསལ་བོར་མཐོང་ཐུབ་མིན་ལ་ཐུག་ཡོད། ཁོ་ཚོའི་ཕན་ཚུན་གྱི་གནས་སྟངས་ཁྲོད་འདྲ་མཉམ་དང་དེའི་ནང་ཡོང་སྲིད་པའི་འགྲིག་འཇགས་གི་རང་བཞིན་ཞིག་མཐོང་ཐུབ་ཀྱི་ཡོད་མེད་དང། གཉིས་པ། དབང་ཤུགས་ཆེད་ཉེན་ཁར་འཛེམས་མེད་དང་མངོན་འདོད་ཆེན་པོར་བརྟེན་ཕྱོགས་གཉིས་ནས་མོས་མཐུན་བྱེད་ཐུབ་པའི་གནས་བབ་ཅིག་ཏུ་སླེབས་ཐུབ་མིན་དེ་ཡིན།
སྤྲོད་ལེན་འདི་འདྲ་ཞིག་ཡོང་པར་ནམ་རྒྱུན་ཕྱོགས་གཉིས་ཀས་རང་ཉིད་ལ་གྱོང་གུན་ཕོག་པའི་ཚོར་བ་སླེབས་ཀྱི་ཡོད། སྟོབས་ཤུགས་འདྲ་མཉམ་ཡིན་པའི་རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་བྱེད་སྐབས་ཁས་ལེན་རུང་བའམ་བཟོད་སྲན་བྱེད་ཐུབ་པའི་གྲུབ་འབྲས་ཐོབ་པ་ནི་ཕྱོགས་གཉིས་ཀས་རེ་བ་རྒྱབ་པ་ལས་ཉུང་བ་ཡིན་ངེས། ཕྱོགས་གཉིས་ཀས་རང་ཉིད་ཀྱིས་སྐོམ་པ་ཆུ་འདོད་ལྟར་རྒྱུན་འཛིན་བྱེད་འདོད་པ་ཁག་ཅིག་ཕར་སྤྲོད་དགོས་ཐུག་གི་ཡོད། དེ་ལྟར་བྱས་པ་ཡིན་ཕྱོགས་གཉིས་ཀར་རྒྱལ་ནང་དུ་སྐྱོན་བརྗོད་ཕོག་གི་ཡོད། སྟོབས་ཤུགས་འདྲ་མཉམ་ཡིན་པའི་རྒྱལ་ཁབ་གཉིས་གྲོས་མོལ་ལེགས་འགྲུབ་ཡོང་བའི་རྒྱུན་རིམ་ཁྲོད། རྒྱལ་ཁ་ཐོབ་པ་འདྲ་བོ་མཐོང་རྒྱུ་ཧ་ཅང་ཁག་པོ་ཡིན་ལ་ཕམ་ཁ་ཤོར་བ་འདྲ་བོ་མཐོང་རྒྱུ་ཧ་ཅང་གི་ལས་སླ་བོ་ཡིན། ཕྱོགས་གཅིག་ལ་རྒྱལ་ཁ་ཐོབ་པའི་རྣམ་པ་ཐོན་པ་ཡིན་ན་ཕྱོགས་གཞན་ཏན་ཏན་ཕམ་ཁ་བྱུང་པའི་ཚོར་བ་ཡོང་གི་ཡོད་པས་གྲོས་མཐུན་རྒྱུན་སྐྱོང་མི་ཐུབ། གྲོས་མཐུན་རྒྱུན་རིང་པོར་གནས་དགོས་ན་ཕྱོགས་གཉིས་ཀྱིས་རང་ཉིད་ཀྱི་དགོས་འདོད་ལས་མང་པ་ཕར་སྤྲད་ཡོད་བསམ་པའི་ཚོར་སྣང་སླེབས་རྒྱུ་དེ་ཡིན།
གྲོས་མཐུན་ཞིག་ཡོང་བར་ཕྱོགས་གཉིས་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་སྲིད་དོན་གྱི་ཁ་ཕྱོགས་སྒྱུར་བར་འགྲན་ཟླ་བྲལ་བའི་དབུ་ཁྲིད་ཞིག་དགོས་ཀྱི་ཡོད། དེ་བས་ཁེ་གྱོང་རྒྱ་ཆེན་པོ་ཞིག་ཡོད་ན་མ་གཏོགས་གྲོས་མཐུན་ཞིག་ཡོང་ཐབས་བྱེད་དགོས་པའི་རྒྱུ་མཚན་མཐོང་གི་མེད། དོན་དངོས་ཐོག་ནས་ཀྱང་ཕྱོགས་གཉིས་ལ་གནད་འགག་ཆགས་ཡོད། དང་པོ། དཔལ་འབྱོར་ཐོག་ནས་བཤད་ན། ཨེ་ཤེ་ཡའི་ནང་སྟོབས་ཤུགས་འདྲ་མཉམ་ཡོང་ཐབས་བྱས་པ་དེས། ཁེ་ཕན་ཆེ་ཤོས་སམ་ཐབས་ལམ་ཉག་གཅིག་པོ་ཡིན་པའི་ཨ་རྒྱ་གཉིས་པོའི་དཔལ་འབྱོར་གྱི་མ་འོངས་པ་སྟེ་དཔལ་འབྱོར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་རྒྱུན་འཛིན་ཐུབ། གཉིས་པ། ཐབས་ཇུས་ཀྱི་ཐོག་ནས་བཤད་ན། ཁོང་ཚོ་ཕན་ཚུན་གྱི་དགྲ་ཟླར་འགྱུར་ཉེན་གྱི་ཞེད་སྣང་ཆེན་པོ་མེད་ན་ཨ་རྒྱ་གཉིས་ཀྱིས་ཨེ་ཤེ་ཡའི་ནང་སྟོབས་ཤུགས་མཉམ་སྤྱོད་བྱེད་པར་མོས་མཐུན་ཡོང་མི་སྲིད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཚོས་ཤེས་དགོས་པ་ཞིག་ནི་ཨེ་ཤེ་ཡའི་ནང་སྟོབས་ཤུགས་མཉམ་སྤྱོད་བྱེད་པ་ནི་ཆབ་སྲིད་ཀྱི་ཁེ་གྱོང་ཆེན་པོ་ཞིག་ཡོད་དེ་རེད། གང་ཡིན་ཟེར་ན། ཁོ་ཚོས་ལམ་ཁ་གཞན་ནི་ཕན་ཚུན་ཁ་གཏད་ལངས་རྒྱུ་དེ་ཡིན་པ་དང་དེ་ལ་གྱོང་གུན་དང་ཉེན་ཚབས་ཅི་འདྲ་ཆེན་པོ་ཞིག་ཡིན་པ་ཤེས་ཀྱི་ཡོད།
ལྷག་པར་དུ། ཨ་རྒྱ་གཉིས་ཀྱི་མ་འོངས་པའི་འབྲེལ་ལམ་ཐད་ཐག་གཅོད་བྱེད་མཁན་གང་ཟག་དེ་ལ་རྐྱེན་ངན་འདི་ཅི་ལྟར་ལྡོག་མིན་ཀྱི་བློ་གྲོས་དགོས་ལ། བློ་གྲོས་དེ་འདྲ་ཐོབ་ས་ཡག་ཤོས་ནི་ལོ་རྒྱུས་ཀྱི་དེབ་ཐེར་ཁག་རེད།
གྲོས་མཐུན་གྱི་བསམ་ཚུལ།
ཕྱི་ལོ་༡༨༡༥་ནང་། ཡོ་རབ་གླིང་དེ་བཞིན་ནེ་པོ་ལིའི་དམག་འཁྲུག་་Napoleonic ཁྲོད་མངོན་འགྱུར་བྱུང་བ་རེད། སྐབས་དེའི་རྒྱལ་ཁབ་ལྔའི་འགོ་ཁྲིད་རྣམས་ Vienna (ཨོ་སི་ཀྲི་ར་ཡའི་རྒྱལ་ས) ཝེ་ནར་འཛོམས་སྟེ་དམག་འཁྲུག་རྗེས་ཀྱི་སྒྲོམ་གཞིའི་ཐོག་གྲོས་མོལ་བྱས་པ་སྟེ། ཁོང་ཚོའི་དམིགས་ཡུལ་ནི་མ་འོངས་པར་ཕན་ཚུན་བར་དུ་དམག་འཁྲུག་ཆེན་པོ་མི་ལངས་པ་དེ་རེད། གང་ཡིན་ཟེར་ན། འདས་པའི་ལོ་ཉེར་གསུམ་རིང་དམག་འཁྲུག་གི་མཇུག་འབྲས་ངན་པ་ལས་བསླབ་བྱ་ཐོབ་ཡོད། ཁོང་ཚོས་གསར་གཏོད་བྱས་པའི་སྒྲོམ་གཞི་དེ་རྣམ་པ་མི་འདྲ་བའི་ཐོག་དུས་རབས་གཅིག་ཙམ་གྱི་རིང་གནས་ཐུབ་ཡོད། ཕྱི་ལོ་༡༩༡༤་ལོ་ལ་གཞི་ནས་སྟོབས་ལྡན་རྒྱལ་ཁབ་དེ་རྣམས་གླིང་ཆེན་རང་བཞིན་གྱི་དམག་འཁྲུག་ནང་ལྷུང་། (Vienna to Sarajevo ) ཝེ་ན་དུས་རབས་ནས་སེ་ར་ཇེ་བོ་དུས་རབས་ནི་དོན་དངོས་ཐོག་ཡོ་རོབ་ཀྱི་དུས་རབས་སུ་འབོད་འོས། ཕྱི་ལོ་༡༨༡༥་ནས་༡༩༡༤་བར་ཡོ་རོབ་ནས་བསམ་ཡུལ་ལས་འདས་བའི་མི་འབོར་དང་། རྒྱུ་ནོར། སྟོབས་ཤུགས་བཅས་འཕེལ་རྒྱས་བྱུང་ནས་བདེ་སྐྱིད་བྱུང་ཡོད། ང་ཚོ་ད་ལྟ་ཡང་དུས་རབས་གཅིག་གི་སྔོན་འཐོར་བཤིག་ལ་སོང་བའི་མཇུག་འབྲས་ནང་འཚོ་བཞིན་ཡོད།
ཕྱི་ལོ་༡༨༡༥་ལོར་བཟོས་པའི་སྒྲོམ་གཞི་དེ་ལ་ཡོ་རོབ་གྲོས་མཐུན་སུ་འབོད། ལོ་རྒྱུས་སྨྲ་བ་ཚོར་དུས་རབས་གཅིག་ཙམ་རིང་ཡོ་རོབ་ཀྱི་འབྲེལ་ལམ་འགྱུར་འགྲོས་ནང་དེ་ལྟར་(ཨོ་རོབ་གྲོས་མཐུན)འབོད་དགོས་མིན་གྱི་བསམ་ཚུལ་ལ་མི་མཐུན་པ་ཡོད། འོན་ཀྱང་། ངས་འདིར་སྒྲོམ་གཞི་དེ་རྨང་གཞིའི་ཐོག་དུས་རབས་བཅུ་དགུ་བར་ཕན་ཚུན་ཁྱུར་མིད་གཏོང་བའི་དམག་འཁྲུག་བྱུང་པས་དབང་གིས་འགྲེལ་བཤད་རྒྱག་གི་ཡོད།
ངས་འདིར་བརྗོད་འདོད་པ་ནི་སྒྲོམ་གཞི་དེས་དབང་གིས་དུས་རབས་བཅུ་དགུ་ཡོངས་སུ་དམག་འཁྲུག་གི་མེ་དཔུང་ལྷུང་བཅུག་མེད། དུས་རབས་འདི་ནི་ཡོ་རོབ་ནང་ཡོངས་ཁྱབ་ཞི་བདེར་རོལ་བའི་དུས་སྐབས་ཅིག་མིན། དཔེར་ན། རྟག་པར་དམག་འཁྲུག་མང་པོ་ཞིག་རྒྱབ་ཡོད་པ་དང་གསལ་ཤོས་ནི་འཇར་མན་གཅིག་སྒྲིལ་གྱི་དམག་འཁྲུག་ལྟ་བུ་སྟེ། དམག་འཁྲུག་དེས་ཕྱི་ལོ་༡༨༧༡ ནང་དེང་སྐབས་ཀྱི་འཇར་མན་གསར་སྐྲུན་བྱས། འོན་ཀྱང་། དམག་འཁྲུག་དེ་ཚོ་ཕྱི་ལོ་༡༨༡༥ སྔོན་དང་ཕྱི་ལོའི་ ༡༩༡༥་ལོའི་རྗེས་ཀྱི་གླིང་ཆེན་རང་བཞིན་གྱི་དམག་འཁྲུག་སློང་གཞིར་གྱུར་མེད། དེ་འདྲ་ཡིན་པའི་རྒྱུ་རྐྱེན་ག་རེ་རེད་དམ། གྲོས་མཐུན་དེས་ཡོ་རོབ་ཁུལ་གྱི་སྟོབས་ཆེན་རྒྱལ་ཁབ་ཁག་ཕན་ཚུན་དབར་གྱི་འབྲེལ་ལམ་ཐོག་གོ་རྟོགས་ཡོད་པ་མཚོན་གྱི་ཡོད། གོ་རྟོགས་དེ་འདྲ་ཞིག་ཡོང་བའི་རྨང་གཞི་ནི་སྟབས་བདེ་བོ་རེད། ཁོང་ཚོས་སུས་ཀྱང་ཡོ་རོབ་ནང་དབང་སྒྱུར་མི་བྱེད་པ་དང་། གལ་སྲིད་ཚོགས་མི་སུས་ཐབས་ཤེས་བྱས་པ་ཡིན་པ་གཞན་རྣམས་མཉམ་འབྲེལ་གྱིས་ཁ་གཏད་དུ་ལངས་ནས་ཕམ་ཉེས་གཏོང་རྒྱུ་དེ་རེད།
དེ་ནི་སྟོབས་ཆེན་རྒྱལ་ཁབ་ཁྲོད་ཀྱི་ཐག་གཅོད་ཅིག་ཡིན་པ་དང་། སྟོབས་འབྲིང་དང་སྟོབས་ཆུང་རྒྱལ་ཁབ་རྣམས་ཅོག་ཙེ་དེའི་ཐོག་སླེབས་མེད། མདུན་ཅོག་ཐོག་སླེབས་མིན་དེ་རང་ཉིད་ཀྱི་སྟོབས་ཤུགས་ལ་ཐུག་ཡོད། དེ་ཡང་རྒྱལ་ཁབ་གང་རུང་གི་སྒྲོམ་གཞི་ཁྱོན་ཡོངས་ཀྱིས་རང་བཙན་རྒྱལ་ཁབ་སྟོབས་ཆེན་གཞན་ལ་ཉེན་ཚབས་ཆེན་པོ་སྤྲོད་པའི་ནུས་པ་ཡོད་དགོས་པ་དང་། འགོ་གཙོའི་གནས་བབ་ཆེད་སྟོབས་ཆེན་རྒྱལ་ཁབ་གང་རུང་ལ་སུན་པོ་བཟོ་བའི་ནུས་ཡོད་དགོས། དེ་འདྲ་ཡོད་པ་ཡིན་ན་ཡོ་རོབ་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་ཐུབ་པར་མ་ཟད། ཁོང་ཚོས་དགོས་མཁོ་དང་འཚམས་པའི་སྒྲོམ་གཞི་སྒྱུར་ཐུབ། ཚིག་གཞན་ནང་བཤད་ན། དེ་འདྲ་ཞིག་བྱེད་པར་སྟོབས་ཤུགས་ཆེན་པོ་ཞིག་དགོས་ཀྱི་ཡོད། ཡོ་རོབ་གྲོས་མཐུན་ཀྱི་སྐྱོན་ཆ་ཆེ་ཤོས་ནི་གྲོས་མཐུན་དེས་སྟོབས་ཆེན་རྒྱལ་ཁབ་ཁག་གི་ཁེ་ཕན་ཆེད་སྟོབས་འབྲིང་དང་སྟོབས་ཆུང་རྒྱལ་ཁབ་ཀྱི་ཁེ་ཕན་བློས་བཏང་བ་དེ་ཡིན། དེ་བདེན་པ་རེད། ཡོ་རོབ་གྲོས་མཐུན་ནི་ཆ་མ་ཚང་བའི་ལམ་ལུགས་ཞིག་དང་། རྒྱལ་ཁབ་ཆུང་བ་རྣམས་དྲང་བདེན་མིན་པའི་གནས་སྟངས་འོག་ལྷུང་པ་དེ་སྔོན་འགོག་མ་ཐུབ་པའི་ནོར་འཁྲུལ་ཆེན་པོ་ཤོར་ཡོད། དེ་ལ་བཟང་ཕྱོགས་གཅིག་ཡོད་པ་ནི་ལམ་ལུགས་དེས་ལོ་དགུ་བཅུ་གོ་དགུའི་རིང་ཡོ་རོབ་ཀྱི་སྟོབས་ཆེན་རྒྱལ་ཁབ་དབར་དམག་འཁྲུག་ཆེན་པོ་མ་ཡོང་བར་སྔོན་འགོག་བྱེད་ཐུབ་ཡོད། ང་ཚོས་ལམ་ལུགས་དེ་འཐོར་བཤིག་ཏུ་སོང་པའི་རྗེས་ཀྱི་དུས་རབས་ལ་ཕྱིར་མིག་གིས་བལྟས་པ་ཡིན་ན་ལམ་ལུགས་དེའི་གྲུབ་འབྲས་ནི་ཆུང་ཆུང་ཞིག་གཏན་ནས་མིན་ལ། སྟོབས་ཆེན་རྒྱལ་ཁབ་རྣམས་ཁོ་ནར་ཁེ་ཕན་ཡོད་པ་ཞིག་ཀྱང་མིན། དུས་རབས་བཅུ་དགུ་བའི་ལོ་རྒྱུས་སློབ་གཉེར་བ་ཚོས་༡༨༡༥་ལོའི་རྗེས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཚོའི་ལག་འོག་གི་ཕོ་ལན་ཌིའི་ POLAND ལས་དབང་སྣང་མེད་དུ་གཏོང་མི་ཐུབ། འོན་ཀྱང་དྲི་བ་ཞིག་ནི། ཕོ་ལན་ཌིའི་མི་མང་ལ་བྱུང་བའི་གནས་སྟངས་ནི་ཕྱི་ལོ་༡༨༡༥་ནས་༡༩༡༤་ལོའི་བར་བྱུང་བ་དེ་དང་ཕྱི་ལོ་༡༩༡༤་ནས་༡༩༨༩་ནང་གཉིས་ལས་གང་སྡུག་པོ་བྱུང་ཡོད་དམ།
གྲོས་མཐུན་དེ་ནི་སྤུན་ཟླའི་འདུ་ཤེས་སམ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་སྙིང་པོ་རྨང་གཞི་བཞག་པ་ཞིག་མིན། གྲོས་མཐུན་དེ་ལ་ཡོ་རོབ་དབུ་ཁྲིད་ཚོས་མངའ་ཁུལ་དབང་སྒྱུར་བྱས་པའི་གྱོང་གུན་ནི་དབང་བསྒྱུར་མ་བྱས་པའི་ཁེ་ཕན་ལས་བརྒལ་བར་ངོས་འཛིན་གསལ་བོར་བྱུང་ཡོད། ཁོང་ཚོས་གསལ་བོར་རྟོགས་ཡོད་པ་ནི་སྟོབས་ལྡན་རྒྱལ་ཁབ་ཁྲོད་དབང་ཤུགས་ལྟོས་འཇོག་གི་འདྲ་མཉམ་བགོ་འགྲེམས་བྱས་ཡོད་པ་དང་། ཁོང་ཚོས་གང་མགྱོགས་གིས་མངའ་ཁུལ་སྤྱི་ཁྱབ་ཏུ་འགྱུར་བའི་དམིགས་ཡུལ་ཡོད་མཁན་ལ་མཉམ་འབྲེལ་གྱིས་ཁ་གཏད་བྱེད་དོན་ནི་ཚང་མ་གཞན་གྱི་སྟངས་འཛིན་དབང་བསྒྱུར་ལས་གཡོལ་འདོད་ཆེན་པོ་ཡོད་པས་རེད། ལྷག་པར་དུ་ཁོང་ཚོས་ངོས་འཛིན་བྱས་ཡོད་པ་ནི་བཀག་འགོག་གམ་སྟངས་འཛིན་མ་བྱས་པའི་ཐབས་ཇུས་ཀྱི་འགྲན་རྩོད་དེས་ཁོང་ཚོས་ཚང་མ་ཕམ་ཉེས་གཏོང་བའི་དམག་འཁྲུག་གི་ཉེན་ཁ་སྤྲོད་ཀྱི་ཡོད་པ་དེ་རེད། དེ་བས་ཡོ་རབ་གྲོས་མཐུན་གྱི་རྨང་གཞི་དངོས་མ་ནི་ཡོ་རོབ་ཀྱི་སྟོབས་ཅན་རྒྱལ་ཁབ་རྣམས་ནས་ཁོ་ཚོས་མངའ་ཁུལ་སྤྱི་ཁྱབ་ཀྱི་གོ་གནས་ལ་འགྲན་རྩོད་བྱས་ན་གོན་གུན་ཆེན་པོ་དང་། དེ་སྔོན་འགོག་བྱེད་ཐུབ་ན་ཁེ་ཕན་ཆེན་པོ་ཡོད་པའི་ངོས་འཛིན་ཐོབ་པ་དེ་ཡིན།
ཡོ་རོབ་གྲོས་མཐུན་དེ་ནི་ལོ་བཞི་བརྒྱའི་རིང་ཐུན་མོང་མ་ཡིན་པའི་སྔོན་ཆད་ཀྱི་སྟོབས་ཤུགས་འདྲ་མཉམ་གྱི་ལམ་སྲོལ་མུ་མཐུད་གནས་པ་ལྟ་བུ་མཐོང་སྲིད་མོད། དོན་དངོས་ཐོག་སྟོབས་ཤུགས་ཀྱི་གྲོས་མཐུན་དང་སྟོབས་ཤུགས་འདྲ་མཉམ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། གྲོས་མཐུན་ལ་དགོས་པ་ནི། ཐབས་ཇུས་ཀྱི་སྒྲོམ་གཞིའི་ནང་རྒྱལ་ཁབ་གང་རུང་གིས་རང་ཉིད་འགོ་གཙོ་མི་བྱེད་པ་དེ་སྤྱི་ཚོགས་ནང་རང་བཞིན་དར་ཁྱབ་བྱུང་བའི་ཡིད་ཆེས་སམ་ཡོངས་གྲགས་ཐོག་ཁས་ལེན་ཡོད་པ་ཞིག་དགོས། སྟོབས་ཤུགས་འདྲ་མཉམ་ཡོང་བར་ཕྱོགས་གཉིས་ཀྱིས་རང་ཉིད་འགོ་གཙོ་མི་བྱེད་པའི་ཁས་ལེན་བྱེད་ཀྱི་མེད། རྒྱལ་ཁབ་རྣམས་ནས་རང་འགུལ་ཐོག་ཕུགས་བསམ་གཏད་ཕྱོགས་གཅིག་གྱུར་ཀྱིས་སྟངས་འཛིན་བྱེད་མཁན་ལ་འགོག་རྒོལ་བྱེད་ཀྱི་ཡོད་པས་དབང་གིས་ལམ་ལུགས་དེས་སྟོབས་ལྡན་རྒྱལ་ཁབ་གང་རུང་འགོ་གཙོར་འགྱུར་རྒྱུ་ཁག་པོ་བཟོ་གི་ཡོད། བརྗོད་སྟངས་གཞན་ཞིག་ནི། དེས་ཕྱོགས་སུ་ལ་ཡང་རྒྱལ་ཁ་ཐོབ་རྒྱུ་ཁག་པོ་བཟོས་ཡོད། འོན་ཀྱང་། དེས་འགྲན་རྩོད་ཀྱི་ངར་ཤུགས་དང་དམག་འཁྲུག་གི་ཉེན་ཁ་ཆུང་རུ་གཏོང་བར་ནུས་པ་དེ་ཙམ་འདོན་མི་ཐུབ། དོན་དངོས་ཐོག་དེ་ལྟར་ཡོང་བར་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད། སྟོབས་ཤུགས་ཀྱི་ཁྱད་པར་ནི་སྟོབས་ལྡན་རྒྱལ་ཁབ་རྣམས་ཀྱིས་གྲོས་མཐུན་ལ་ཁས་ལེན་མ་བྱས་པའི་གནས་སྟངས་འོག་རང་ཤུགས་ཀྱིས་ཡོང་གི་ཡོད་པ་དང་། ཕྱི་ལོ་༡༩༡༤་ལོའི་གོང་དུ་བྱུང་པ་ལྟར་གྲོས་མཐུན་ནུས་མེད་དུ་གྱུར་བའི་མཇུག་འབྲས་ཀྱང་རེད། དེ་དང་བསྡུར་ན། གྲོས་མཐུན་ནི་སྟོབས་ཤུགས་ཀྱི་བར་ཁྱད་ནང་ཡོང་སྲིད་པའི་དམག་འཁྲུག་གི་ཉེན་ཁ་ཆུང་རུ་གཏོང་ཐབས་བྱས་པ་ཞིག་ཡིན།
དེ་བས་སྟོབས་ལྡན་རྒྱལ་ཁབ་ཀྱི་གྲོས་མཐུན་ནི་རང་ཤུགས་ཀྱི་བྱུང་བ་ཞིག་མིན། དེ་ནི་གཟབ་གཟབ་ངང་བཟོ་བཀོད་དང་རྒྱུན་གནས་ཡོང་ཐུབ་བྱེད་དགོས་པ་དང་དེ་ལྟར་སྒྲུབ་རྒྱུ་ཧ་ཅང་ཁག་པོ་ཡིན། དེ་ལེགས་འགྲུབ་བྱུང་བ་དེང་རབས་ཀྱི་ལོ་རྒྱུས་ནང་ཉུང་མཐར་ཡང་དཔེར་མཚོན་ཁ་ཤས་ཡོད། དུས་རབས་ཉི་ཤུ་བའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་རང་བཞིན་གྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་གྲོས་མཐུན་ཡོང་བར་ཐེངས་གཉིས་ལ་འབད་རྩོལ་བྱས་ཡོད། ༡༩༡༩་ནང་ཝེར་ས་ལེ་སུ་(ཧྥ་རིན་སིའི་གྲོང་ཁྱེར་ཞིག)(Versailles), ཡང་བསྐྱར་ཕྱི་ལོ་༡༩༤༥་ལོར་(ཨ་རིའི་གྲོང་ཁྱེར་)སེན་ཧྥི་རིན་སེ་སུ་ཁོ་(San Francisco)་ནང་བྱུང་ཡོད། རྒྱལ་ཁབ་མང་པོའི་མཐུན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཚོགས་ཁག་ཚང་མས་སྟོབས་ཤུགས་ཀྱི་གྲོས་འཆར་གཙོ་བོར་བཟུང་ཡོད། རྒྱལ་ཁབ་མང་པོའི་མཐུན་ཚོགས་ཀྱི་སྒྲོམ་གཞི་ལམ་ལྷོང་མ་བྱུང་བའི་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ནང་གཏན་འཇགས་ཚོགས་མི་ཡོད་པའི་བདེ་སྲུང་ལྷན་ཁང་གསར་འཛུགས་ཀྱི་ནང་གྲོས་འཆར་ཀྱི་སྙིང་དོན་འགྲུབ་ཐུབ་པར་འབད་རྩོལ་བྱས་ཡོད། གཏན་འཇགས་བདེ་སྲུང་ལྷན་ཁང་ཚོགས་དགོས་དོན་ཡང་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་གྲོས་མཐུན་གཅིག་གི་འོག་མཉམ་ལས་ཡོང་བར་དམིགས་པ་ཞིག་ཡིན།
ཐབས་ཤེས་གཉིས་ཀར་ལམ་ལྷོང་མ་བྱུང་བ་སྟོབས་ཤུགས་ཆེ་ཆུང་གི་ལམ་ལུགས་ནང་ཞུགས་ནས་འཛམ་གླིང་གི་སྒྲོམ་གཞིར་ཉམས་ཆགས་ཆེན་པོ་བྱུང་སྟེ་ཕྱི་ལོ་༡༩༣༩་ལོའི་དམག་ཆེན་དང་༡༩༤༧་ལོར་གྲང་དམག་ནང་ལྷུང་བ་རེད། འདི་ནས་ཉམས་མྱོང་ཐོབ་པ་ནི་སྟོབས་ལྡན་རྒྱལ་ཁབ་ཁག་ཕན་ཚུན་དབར་རྨང་གཞིའི་གོ་རྟོགས་ཀྱི་ནུས་པ་ནི་རྒྱས་སྤྲོས་ཆེ་བའི་སྒྲིག་འཛུགས་དང་གཞུང་འབྲེལ་གྱི་འགྲོ་ལུགས་ལས་གལ་ཆེན་པ་དེ་རེད། གོ་རྟོགས་འདི་དག་ཤུགས་ཆེན་པོ་ཡིན་པའི་སྐབས་སུ་གྲོས་ཆོད་ཞིག་འཇོག་རྒྱུར་གཞུང་འབྲེལ་གྱི་འགྲོ་ལུགས་གྲ་རྒྱས་པོ་མེད་པའི་ཐོག་སྒྲུབ་ཐུབ། གོ་རྟོགས་དེ་ཙམ་མེད་པའི་སྐབས་སུ་རྒྱས་སྤྲོས་ཆེ་བའི་སྒྲིག་གཞི་དང་འགྲོ་ལུགས་ཀྱིས་གྲུབ་འབྲས་ཐོན་རྒྱུ་ཁག་པོ་ཡིན། དེ་བས་ང་ཚོས་ཨེ་ཤེ་ཡའི་དུས་རབས་ནང་མངའ་ཁུལ་དེའི་སྟོབས་ལྡན་རྒྱལ་ཁབ་དབར་དུ་གྲོས་མཐུན་ཞིག་ཡོང་དགོས་ན། འགྲོ་ལུགས་དང་སྒྲིག་འཛུགས་གཙོར་བཟུང་བྱེད་པ་ལས་ང་ཚོས་ངེས་པར་དུ་གནད་ཡོད་རྒྱལ་ཁབ་ཁག་གི་བར་དུ་རྨང་གཞིའི་གོ་རྟོགས་ཇི་ལྟར་ཡོང་བར་འབད་རྩོལ་བྱེད་དགོས།
དགོས་ངེས་ཀྱི་གོ་རྟོགས།
རྒྱལ་ཁབ་བར་གྱི་གྲོས་མཐུན་ནི་སྟོབས་ལྡན་རྒྱལ་ཁབ་ཕན་ཚུན་ལ་དབང་བསྒྱུར་བྱེད་ཐབས་ལ་འབད་རྩོལ་མི་བྱེད་པར། ཕན་ཚུན་གཅིག་གིས་གཅིག་ལ་སྟོབས་ཆེན་རྒྱལ་ཁབ་ཡིན་པའི་ཁས་ལེན་དང་། ཕན་ཚུན་བར་གྱི་མི་མཐུན་པའི་གནད་དོན་རྣམས་གྲོས་མོལ་ལམ་ནས་སེལ་ཐབས་བྱེད་རྒྱུ་དེ་ཡིན། དེ་ནི་ཕན་ཚུན་ལ་འགྲན་སྡུར་རྩ་བ་ནས་མི་བྱེད་པར་མོས་མཐུན་བྱས་པ་ཞིག་མ་ཡིན་པར་འགྲན་སྡུར་ལ་ཚོད་འཛིན་བྱེད་རྒྱུ་དེ་ཡིན། ས་མཚམས་གཙོ་བོ་དེ་ལས་སླ་བོ་ཡིན། ཚོགས་མི་རྣམས་ནས་ཕན་ཚུན་རང་ཉིད་སྟོབས་ཆེན་རྒྱལ་ཁབ་ཡིན་པའི་གོ་གནས་འཕྲོག་རྩོད་མི་བྱེད་པ་དེ་ཡིན། འགྲན་རྩོད་བྱས་པ་དེ་ངེས་པར་དུ་ཕན་ཚུན་གྱི་རང་དབང་རང་བཙན་གྱི་གོ་བབས་ལ་ཉེན་ཁ་མི་སྤྲོད་པར་གྲོས་མཐུན་འོག་ཚང་མ་འདྲ་མཉམ་ཡིན་དགོས། ཚད་གཞི་འདི་འདྲ་ཞིག་གི་འོག་ཁོ་ཚོས་རྣོ་ངར་ཆེན་པོས་ངང་འགྲན་རྩོད་བྱེད་ཐུབ། དུས་རབས་བཅུ་དགུ་བའི་ཡོ་རབ་སྟོབས་ལྡན་རྒྱལ་ཁབ་ཁག་གི་གྲོས་མཐུན་འོག་ཁོ་ཚོས་ཡོ་རོབ་ཕྱི་ལོག་ནས་ཉེ་འདབས་བར་ཏུ་མི་སེར་སྤེལ་བའི་འགྲན་རྩོད་ཤུགས་ཆེན་པོ་བྱས་ཡོད། དེ་བས་ཡོ་རོབ་པ་རྣམས་དང་འདྲ་བར་ཨེ་ཤེ་ཡའི་སྟོབས་ལྡན་རྒྱལ་ཁབ་རྣམས་ནས་གྲོས་མཐུན་ཞིག་གི་འོག་ཨ་ཧྥེ་རི་ཀ་དང་དཀྱིལ་ཤར་རྒྱལ་ཁབ་ཁག་གི་ནང་ཤུགས་རྐྱེན་ཡོང་ཐབས་ལ་འགྲན་རྩོད་བྱེད་པ་སྨོས་ཅི་དགོས། གྲོས་མཐུན་གྱི་རྨང་གཞི་ལ་སྤྱིར་བཏང་གི་མོས་མཐུན་ཡོད་པ་ཙམ་གྱིས་མི་འགྲིག་པར་དེ་ལ་མུ་མཐུད་གནས་པར་རྩ་བའི་ཕན་ཚུན་བསམ་ཤེས་ཡོད་དགོས། ངས་དེ་ལ་གནད་དོན་བདུན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
དང་པོ། རྒྱལ་ཁབ་ཕན་ཚུན་ཚང་མས་ངེས་པར་དུ་སྲིད་དོན་ལམ་ལུགས་རྣམས་ཁྲིམས་མཐུན་ཡིན་པའི་ངོས་ལེན་བྱེད་དགོས། འདིའི་ནང་དོན་ནི་ཆབ་སྲིད་ལམ་ལུགས་རྣམས་གཅིག་པའམ་འདྲ་མཚུངས་ཡིན་དགོས་བརྗོད་ཀྱི་མེད། ཡོ་རོབ་གྲོས་མཐུན་གྱི་ནང་སྲིད་དབང་སྒེར་འཛིན་རྒྱལ་བོའི་ལམ་ལུགས།(ར་ཞི་ཡའི་གོང་མ) གྲོས་ཚོགས་རྒྱལ་བོའི་ལམ་ལུགས། (དབྱིན་ཇི) འགྱུར་ལྡོག་ཅན་གྱི་སྤྱི་མཐུན་ལམ་ལུགས་(ཧྥ་རན་སི) དང་། མགོ་རྙོག་ཧ་ཅང་ཆེ་བའི་གོང་མ་རྒྱལ་བོའི་ལམ་ལུགས། (Austro-Hungarian Empire ) འགྱུར་ལྡོག་ཅན་གྱི་འཇར་མན་བཅས་ཡོད། དུས་རབས་བཅུ་དགུ་བའི་དཀྱིལ་གྱི་ར་ཞི་ཡ་དང་དབྱིན་ཇི་གཉིས་ཀྱི་སྲིད་གཞུང་ལམ་ལུགས་གཉིས་དེང་སྐབས་ཀྱི་ཨ་རི་དང་རྒྱ་ནག་དང་བསྡུར་ན་ཐུན་མོང་གི་ཆ་ཧ་ཅང་ཉུང་། ལམ་ལུགས་སྣ་ཚོགས་ལ་བཟོད་སྒོམ་དགོས་ཟེར་བ་ནི་གྲོས་མཐུན་ཁྲོད་ཀྱི་རྒྱལ་ཁབ་རྣམས་ཀྱིས་ཕན་ཚུན་གྱི་ལམ་ལུགས་དང་རྨང་གཞིའི་རིན་ཐང་ལ་སྐྱོན་བརྗོད་མི་བྱེད་པའི་དོན་མིན། འོན་ཀྱང་། རྒྱལ་ཁབ་ཀྱི་རྨང་གཞིའི་ཁྲིམས་མཐུན་གྱི་ངོ་བོ་ལ་དྲི་བ་གཏོང་བའི་སྐྱོན་བརྗོད་ངེས་པར་དུ་མཚམས་འཇོག་དགོས།
གཉིས་པ། ངེས་པར་དུ་རྒྱལ་ཁབ་ཕན་ཚུན་གྱི་ལྟ་ཚུལ་དང་མངོན་འདོད་དེ་དག་ཁྲིམས་མཐུན་གྱི་ངོ་བོའི་ཐོག་ནས་ཁྱད་པར་ཡོད་པའམ། ཐ་ན་ཐད་ཀར་འགལ་ཟླ་ཡོད་པ་ཡིན་ན་ཡང་། ཚད་གཞི་ངེས་ཅན་ཞིག་འོག་ཁས་ལེན་ནམ་བརྩི་བཀུར་བྱེད་དགོས། གྲོས་མཐུན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་འདོད་མོས་དང་དངོས་ཡོད་ཀྱི་དམ་བཅའ་བརྟན་པོ་ཞིག་གི་ཐོག་གྲོས་མོལ་བརྒྱུད་རྩོད་རྙོག་ཞི་ཐབས་བྱེད་པ་དང་། བརྒྱུད་རིམ་ཁྲོད་ཕྱོགས་གཉིས་ཀས་ཆག་ཡངས་གཏོང་དགོས་པ་ངོས་ལེན་བྱེད་དགོས།
གསུམ་པ། རྒྱལ་ཁབ་ཚང་མར་རང་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་དྲག་ཤུགས་བེད་སྤྱོད་གཏོང་བ་དང་། སྲུང་སྐྱོབ་ཆེད་འདང་ངེས་ཀྱི་དམག་དཔུང་འཛུགས་སྐྲུན་བྱེད་པའི་ཐོབ་ཐང་ཡོད་པར་ངོས་ལེན་ངེས་པར་དུ་བྱེད་དགོས། རང་ཉིད་ཀྱི་མངོན་འདོད་ཆེད་དམག་དཔུང་ཤུགས་ཆེར་སྤེལ་ཆོག་ཀྱང་རང་བཙན་ལྡན་པའི་སྟོབས་ལྡན་རྒྱལ་ཁབ་ཁག་ལ་འཇིགས་སྐུལ་བྱེད་པ་ངོས་ལེན་བྱེད་མི་ཐུབ་པ་ཞིག་རེད། གྲོས་མཐུན་གྱིས་དམག་དཔུང་གི་རྒྱ་ཁྱོན་ལ་ཚད་བཀག་བྱེད་ཀྱི་མེད་ཀྱང་། རྒྱལ་ཁབ་གང་རུང་གིས་གཞན་ལས་ལྷག་པའི་དམག་དཔུང་གི་སྟོབས་ཤུགས་མངོན་གསལ་དོད་པོ་ཆགས་པ་ཡིན་ན་གྲོས་མཐུན་ལ་གནོད་སྐྱོན་ཕོག་གི་ཡོད།
བཞི་བ། རྒྱལ་ཁབ་རྣམས་ཀྱིས་ཁྲིམས་མཐུན་བྱ་སྤྱོད་སྤེལ་སྟངས་ལ་གོ་རྟོགས་གསལ་བོ་ཞིག་ཡོད་དགོས། ཁོང་ཚོས་ངེས་པར་དུ་བྱ་སྤྱོད་གང་གི་རིགས་ཁས་ལེན་དགོས་པ་དང། གང་གི་རིགས་ལ་ཁ་གཏད་གཅོག་དགོས་པར་ངོས་འཛིན་དང་མོས་མཐུན་ཡོད་དགོས། འདིའི་ཐོག་གསལ་བོ་མེད་པ་ཡིན་ན་གྲོས་མཐུན་བཞག་པའི་རྒྱལ་ཁབ་རྣམས་ཀྱི་མངོན་འདོད་གཙོ་བོ་མུ་མཐུད་གནས་ཐུབ་རྒྱུར་ཐེ་ཚོམ་ཡོང་གི་ཡོད། གྲོས་མཐུན་གྱི་དགོས་དོན་གཙོ་བོ་ནི་ཕན་ཚུན་ལ་དབང་སྒྱུར་བྱེད་པ་ལས་གཡོལ་ཐབས་བྱེད་རྒྱུ་དེ་ཡིན་པས། གྲོས་མཐུན་ནང་ཕྱོགས་ཚང་མས་དབང་སྒྱུར་གྱི་བྱ་སྤྱོད་ལ་གདོང་ལེན་བྱེད་རྒྱུ་ངེས་པར་དུ་ཁས་ལེན་བྱེད་དགོས།
ཚད་བཀག་འདི་དག་ཁས་ལེན་བྱེད་རྒྱུ་ལག་ལེན་དངོས་སུ་བསྟར་དུས་ཁག་པོ་ཡིན། དཔེར་མཚོན་སྟབས་བདེ་དང་གསལ་ཤོས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་རེད། དེའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་སྒྲོམ་གཞི་ལས་ཁྲིམས་འགལ་བྱེད་མཁན་ལ་མཉམ་འབྲེལ་གྱིས་ཁ་གཏད་གཅོག་རྒྱུའི་ཆེད་བཟོས་པ་ཞིག་ཡིན། རྒྱུ་མཚན་དེ་ལ་བརྟེན་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཀྱི་དོན་ཚན་གཉིས་པའི་ཚིག་བརྗོད་ཁག་ཁས་ལེན་དགོས་པ་དང་། དེ་ནི་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ཉུང་མཐར་ཡང་ཕན་ཚུན་བར་དྲག་དཔུང་སྤྱོད་རྒྱུ་སྤོངས་དགོས་པ་དེ་རེད།
གཅིག་བྱས་ན་དགག་བྱ་འདི་ཆུང་ཆུང་ཞིག་ཏུ་མཐོང་སྲིད་མོད། རྒྱལ་ཁབ་ཁྲིམས་མེད་ལུགས་མེད་ཞིག་གིས་དམག་དཔུང་བེད་སྤྱོད་གཏོང་བ་དང་བསྡུར་ན་སྟོབས་ཆེན་རྒྱལ་ཁབ་བར་གྱི་གྲོས་མཐུན་ནི་ཡིད་དབང་འཕྲོག་པ་ཞིག་ཡིན། འོན་ཀྱང་། དེ་ནི་ལག་བསྟར་བྱེད་མི་ཐུབ་པ་ཞིག་དང་ཕན་ཚུན་གོ་རྟོགས་ཡོང་བར་གནོད་གཞིར་འགྲོ་གི་རེད། དྲག་ཤུགས་བེད་སྤྱོད་བཏང་ནས་སྟོབས་ལྡན་རྒྱལ་ཁབ་སུ་ལ་ཡང་འཇིགས་སྐུལ་བྱེད་མི་ཐུབ་ལ།རང་ཉིད་ཀྱི་རྩ་བའི་ཁེ་ཕན་གྱི་འགག་རྩར་ཐུག་ན་མ་གཏོགས་གྱོང་གུན་དང་ཉེན་ཁ་ཆེན་པོ་དང་ལེན་མི་བྱེད། གྲོས་མཐུན་གྱི་རྨང་གཞི་ག་ཚོད་ཀྱི་དོག་པོ་ཡོད་པ་དང་། སྟོབས་ལྡན་རྒྱལ་ཁབ་རྣམས་ཀྱིས་རང་ཉིད་ཀྱི་ཁེ་ཕན་ཆེད་བཟོད་སྒོམ་ག་ཚོད་བྱེད་ཐུབ་པ་དེ་ཙམ་གྱིས་གྲོས་མཐུན་བརྟན་པོ་ཡོང་གི་རེད།
དེ་ལྟར་བྱས་ན་གྲོས་མཐུན་གྱི་ནང་དུ་མ་ཚུད་པའི་སྟོབས་ཤུགས་ཆུང་བ་དང་འབྲིང་ཡིན་པའི་རྒྱལ་ཁབ་རྣམས་ཟ་རྔམས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཚོས་གླགས་རྙེད་སླ་བའི་གནས་སུ་ལྷུང་འགྲོ་ངེས་ཡིན། དྲི་བ་ནི་འདི་ལ་བརྟེན་ནས་ཕྱོགས་གཅིག་ནས་གྲོས་མཐུན་འདི་བརྩི་མེད་གཏོང་གི་རེད་དམ། དེ་བས་སྲུང་སྐྱོབ་ཚད་མཐོན་པོ་ཞིག་གྲ་སྒྲིག་མི་བྱེད་པ་ནི་གནས་ལུགས་དང་མི་མཐུན་ཞིག་པ་དང་དེ་འདྲ་ཞིག་འབྱུང་ཉེན་ཡོད་པ་མཐོང་གི་མི་འདུག གྲོས་མཐུན་གྱིས་ཉེན་ཁའི་གནས་སྟངས་ཚང་མ་སེལ་ཐུབ་ཀྱི་མེད་ཀྱང་། དེས་སྟོབས་ལྡན་རྒྱལ་ཁབ་དབར་དམག་འཁྲུག་གིས་མཚོན་པའི་ཉེན་ཚབས་ཆེན་པོ་རྣམས་ཆུང་རུ་གཏོང་པར་ཕན་གྱི་ཡོད།
ལྔ་བ། ཚོགས་ཞུགས་རྒྱལ་ཁབ་རྣམས་ལ་རྒྱལ་ཁབ་གང་རུང་ཞིག་གིས་དབང་བསྒྱུར་བྱས་པ་ཡིན་ན་དེ་ལ་ཁ་གཏོད་གཅོག་ཐུབ་པའམ་འདོད་དོན་མངོན་གསལ་དོད་པོ་ཡོད་དགོས། ཡུན་གནས་ཐུབ་པའི་གྲོས་མཐུན་ནི་ཚོགས་ཞུགས་རྒྱལ་ཁབ་རྣམས་ཀྱི་སེམས་བཟང་ལ་བརྟེན་ནས་ཡོང་བ་ཞིག་མིན། མོས་མཐུན་དགོས་ས་གཙོ་བོ་ནི་གཅིག་གིས་གཅིག་ལ་དབང་སྒྱུར་མི་བྱེད་པའི་ངེས་ཤེས་སྐྱེས་རྒྱུ་དེ་ཡིན་པ་དང་། དེ་ཡང་གནས་སྟངས་དེ་འདྲའི་འོག་གདམ་ཀ་གཞན་མེད། གང་ཡིན་ཟེར་ན་གལ་སྲིད་རྒྱལ་ཁབ་སུ་རུང་ཞིག་གིས་དབང་སྒྱུར་བྱ་ཐབས་སྤེལ་བ་ཡིན་དེ་ལ་ཚང་མས་ཁ་གཏད་བཅག་ནས་རྒྱལ་ཁ་ཐོབ་མི་འཇུག་པ་ཞིག་དགོས་ཀྱི་ཡོད།
དྲུག་པ། རྒྱལ་ཁབ་ཚང་མས་མི་མང་ལ་གནས་ཚུལ་དེ་དག་ཤེས་རྟོགས་ཡོང་ཐབས་བྱེད་དགོས། མི་མང་དང་འགོ་ཁྲིད་རྣམས་ལ་གནས་ཚུལ་མཁོ་སྤྲོད་དམ་འགྲེལ་བརྗོད་ཀྱིས་ཤེས་རྟོགས་ཡག་པོ་མ་བྱུང་ཡིན་ན་གྲོས་མཐུན་རྒྱུན་གནས་ཡོང་མི་ཐུབ། དེ་ལས་ལྡོག་སྟེ། སྙན་གྲགས་དོན་གཉེར་རིང་ལུགས་པ་དང་རྒྱལ་གཅེས་རིང་ལུགས་པ་ཚོས་འཆར་ཅན་གྱི་འབྲེལ་ལམ་དང་གནད་དོན། དཀའ་རྙོག་རྣམས་འཛིན་སྐྱོང་བྱེད་པར་འགོག་རྐྱེན་སྤྲད་ནས་གོ་རྟོགས་ཡོང་བར་ཅི་བྱ་གཏོལ་བྲལ་གྱི་གནས་སུ་བསྐྱལ་ངེས་ཡིན།
མཇུག་མཐར། གནས་ཚུལ་ཡོད་ཚད་ཀྱི་ནང་ནས་གཙོ་བོ་གྲོས་མཐུན་བཞག་པའི་རྒྱལ་ཁབ་ཕན་ཚུན་ངེས་པར་འདྲ་མཉམ་དུ་བརྩི་དགོས་པ་དང་། ཕན་ཚུན་གྱི་མངོན་འདོད་དང་རིན་ཐང་འཛིན་སར་ཁྱད་པར་ཡོད་མེད་ལ་མ་ལྟོས་པར་རང་ཉིད་ཀྱི་མངོན་འདོད་འགྲུབ་པར་འབད་རྩོལ་བྱེད་པ་གང་ཞིག་ཚང་མ་ཞི་བདེའི་ངང་གནས་པར་ངོས་ལེན་བྱེད་དགོས།
གོང་གསལ་གྱི་འགྲུབ་དཀའ་བའི་དོན་ཚན་དེ་དག་ལ་བརྟེན་ང་ཚོས་ལོ་རྒྱུས་ཁྲོད་གྲོས་མཐུན་བྱུང་བ་མཐོང་དཀོན་པོ་ཡིན། འོན་ཀྱང་། དོན་ཚན་དེ་དག་གིས་མཚམས་རེར་གྲོས་མཐུན་ཡོང་ཐུབ་པ་ཡང་བསྟན་ཡོད། དེ་བས་གྲོས་མཐུན་ནི་ཡིད་ཆེས་ཁོ་ན་ལས་བྱུང་བ་ཞིག་མ་ཡིན་པར་མཐར་གཏུགས་ས་ཚོགས་མི་རྒྱལ་ཁབ་ཚང་མའི་སྟོབས་ཤུགས་ནས་བྱུང་བ་ཞིག་ཡིན། རང་བཞིན་ལྷན་སྐྱེས་གྱི་སྒུལ་ཤུགས་ལྡན་པའམ་རྩ་བའི་སྒྲོམ་གཞི་མི་གཅིག་པའི་ཁྱད་པར་ཡོད་པ་ནས། ཕན་ཚུན་འབྲལ་ཐབས་མེད་ཅིང་གཉིས་ཕན་གྱི་བསམ་ཤེས་བྱེད་ཐུབ་པའི་གྲོས་འཆམ་ཞིག་ལེགས་འགྲུབ་ཡོང་བར་གྲོས་མོལ་དང་ཕྱོགས་ཕན་ཚུན་ཁས་ལེན་བྱེད་དགོས། ཕྱོགས་ཚང་མས་ཕན་ཚུན་བར་དུ་དགོས་ངེས་ཀྱི་གོ་རྟོགས་ཡོད་པ་མཐོང་དུས་གཞི་ནས་ལས་རིམ་འགོ་འཛུགས་ཐུབ་པ་དང་། ཕན་ཚུན་སྤྲོད་རེས་ཀྱི་རྟགས་མཚན་གསལ་བོ་ཞིག་མེད་པར་རྒྱལ་ཁབ་སུས་ཀྱང་དགོས་ངེས་ཀྱི་ཆག་ཡང་གཏོང་གི་མ་རེད། དེ་ལས་གཞན་རྩོད་རྙོག་བྱུང་བའི་སྐབས་སུ་རང་ཉིད་བྱུས་ཉེས་ཆེན་པོ་ཞིག་གི་ལྷུང་ངེས་ཡིན།
དེ་བས་ནམ་རྒྱུན་དམག་འཁྲུག་ཆེན་པོ་ཞིག་གི་རྗེས་སུ་གྲོས་མཐུན་ཡོང་གི་ཡོད་པ་དང་། དེ་ཡང་དམིགས་བསལ་མི་ཚང་མར་དམག་འཁྲུག་གི་མཇུག་འབྲས་ངན་པ་དེ་ཚོར་གོ་རྟོགས་གསལ་བོ་ཡོད་པས་ཡིན། རྒྱུ་མཚན་དེའི་དབང་གིས་ཨེ་ཤེ་ཡའི་གྲོས་མཐུན་ཡང་དམག་འཁྲུག་ཆེན་པོ་ཞིག་གི་རྗེས་སུ་ཡོང་བར་བརྗོད་མཁན་ཡོད། གཅིག་བྱས་ན་དེ་བདེན་པ་ཡིན་སྲིད། འོན་ཀྱང་། ཨེ་ཤེ་ཡ་མངའ་ཁུལ་གྱི་འགོ་ཁྲིད་དང་སྲིད་བྱུས་འདིང་མཁན་ཚོའི་མདུན་དུ་ལྷགས་པའི་གནད་དོན་ནི། མངའ་ཁུལ་འདིར་དམག་འཁྲུག་ཆེན་པོ་ཞིག་གི་གྱོང་གུན་ཕོག་མ་དགོས་པའི་ཐོག་ནས་ཕན་ཚུན་བར་དུ་གོ་རྟོགས་ཞིག་བསྐྲུན་པའི་སྲིད་དོན་གྱི་འདུན་པ་རྙེད་ཐུབ་མིན་ལ་ཐུག་ཡོད། གལ་སྲིད་དམག་འཁྲུག་རྒྱབ་པ་ཡིན་ན་དེ་ནི་ལོ་རྒྱུས་ནང་གི་སྡུག་ཤོས་སུ་འགྱུར་ངེས་ཡིན། དེ་བས་ཕན་ཚུན་བར་དུ་གོ་རྟོགས་ཡོང་རྒྱུ་དེ་ཡང་འཇིགས་སྐྲག་གཅིག་པོ་མ་ཡིན་པར་རེ་བ་རྨང་གཞིར་འཇོག་དགོས། གལ་སྲིད་དྲང་པོ་(ཡག་པོ)་བྱུང་བ་ཡིན་ན། ཨེ་ཤེ་ཡའི་དུས་རབས་ཀྱིས་འཛམ་གླིང་གི་མི་འབོར་ཕྱེད་ཀར་འོད་སྟོང་འབར་བའི་རེ་བ་ཞིག་སྤྲོད་ངེས། ཡོ་རོབ་གྲོས་མཐུན་གྱིས་ཡོ་རོབ་དུས་རབས་ལ་ཐབས་ཇུས་ཀྱི་རྨང་རྡོ་བཞག་པ་ནི་སྟེས་དབང་ངམ་གློ་བུར་དུ་བྱུང་བ་ཞིག་ག་ལ་ཡིན། ཕྱི་ལོ་༡༨༡༥ གྲོས་མཐུན་འཇོག་མཁན་གྱི་དབུ་ཁྲིད་རྣམས་ཀྱིས་གསར་གཏོད་དང་། མི་རབས་མང་པོས་དུས་ཡུན་རིང་པོར་མུ་མཐུད་རྒྱུན་འཛིན་པ་རྣམས་ཀྱིས་གལ་སྲིད་ཡོ་རབ་ཞི་བདེར་གནས་པ་ཡིན་ན་མི་ཚང་མ་ཁེ་ཕན་ཡོད་པ་ཤེས་རྟོགས་ཀྱི་བློ་སྟོབས་འཕེལ་ཡོད་ངེས། འདི་ནི་ཨེ་ཤེ་ཡའི་དུས་རབས་ལ་ཨེ་ཤེ་ཡའི་གྲོས་མཐུན་ཡོང་བའི་རེ་བའམ་ཆ་རྐྱེན་ཡིན།
ཨེ་ཤེ་ཡ་ཁུལ་གྱི་གྲོས་མཐུན་ཞིག
དེང་སྐབས་ཀྱི་ཨེ་ཤེ་ཡའི་གྲོས་མཐུན་སྐོར་གྱི་བསམ་ཚུལ་ལ་ཞིབ་འཇུག་བྱེད་སྐབས་ང་ཚོས་ངེས་པར་དུ་རྒྱལ་ཁབ་སུ་ཞིག་དེའི་ནང་དུ་ཚུད་མིན་ལ་བསམ་བློ་གཏོང་དགོས། དེང་སྐབས་ཨེ་ཤེ་ཡའི་ཐབས་ཇུས་ཀྱི་མ་ལག་གསལ་བོ་ཞིག་ཡོད་པ་ནི་བྱང་ཤར་ཨེ་ཤེ་ཡའི་ནང་རྒྱུ་འབྱོར་དང་སྟོབས་ཤུགས་ཀྱི་ལྟེ་གནས་ཆགས་པ་ཡོད་པ་དེ་རེད། རྒྱལ་ཁབ་གང་དང་གང་མ་ལག་དེའི་ཁྲོད་ཀྱི་སྟོབས་ཆེན་རྒྱལ་ཁབ་རེད་དམ། གྲོས་མཐུན་གྱི་ཚོགས་མིའི་རྒྱལ་ཁབ་ཚང་མ་སྟོབས་ཤུགས་འདྲ་མཚུངས་ཡོད་དགོས་པའི་ངེས་པར་མེད། རྒྱལ་ཁབ་ཁ་ཤས་གཞན་ལས་ཚད་ངེས་ཅན་གྱི་སྟོབས་ཤུགས་ཆེ་བ་ཡོད་སྲིད། འོན་ཀྱང་། སྟོབས་ཤུགས་སྐྱོ་ཤོས་དེ་ལ་ཡང་མ་ལག་དེའི་ཁྲོད་རང་ཉིད་ཀྱི་མངོན་འདོད་དང་མ་འཚམས་པའི་གནས་ཚུལ་བྱུང་སྐབས་དགག་བྱ་ཐུབ་པའི་ནུས་པ་ངེས་པར་དུ་ཡོད་དགོས། ཡང་སྟོབས་ཤུགས་ཆེ་ཤོས་རྒྱལ་ཁབ་དེས་རྒྱལ་ཁབ་གཞན་རྣམས་ལས་སླ་བོའི་ཐོག་དབང་སྒྱུར་བྱེད་ཐུབ་པ་དེ་འདྲ་ཡང་འགྲིག་གི་མེད། དེ་ལྟར་བྱས་ན་རྒྱལ་ཁབ་གཞན་རྣམས་གྲོས་མཐུན་ལ་ཡིད་ཆེས་བྱེད་པའི་གཞི་རྟེན་ཆེན་པོ་མེད། དེ་བས་གྲོས་མཐུན་མུ་མཐུད་གནས་པར་རྒྱལ་ཁབ་ཚང་མ་སྡེ་ཚན་འདིའི་ནང་ཚུད་དགོས་པ་ཡིན། ཨ་རི་དང་རྒྱ་ནག་གཉིས་དེའི་ནང་ཚུད་པ་སྨོས་མེད་རེད། རྒྱལ་ཁབ་གཞན་སུ་ཞིག་ཨེ་ཤེའི་དུས་རབས་ནང་ཞུགས་པའི་ཚད་ལོངས་ཡོད་དམ། ངས་དེ་ལ་ཚོགས་མིར་འོས་པ་ཁ་ཤས་ཡོད་པ་མཐོང་གི་འདུག
འཇར་པན།
དང་པོ། འཇར་པན་ནི་ད་དུང་འཛམ་གླིང་ཐོག་དཔལ་འབྱོར་ཆེ་ཤོས་ཨང་གསུམ་པ་དེ་ཡིན། དེ་བས་འཇར་པན་ནི་ད་ལྟ་དང་འབྱུང་འགྱུར་གྱི་དུས་ཡུན་རིང་པོའི་ནང་ཨེ་ཤེ་ཡའི་སྟོབས་ཆེན་རྒྱལ་ཁབ་ཁྲོད་ཐབས་ཇུས་ཐོག་ནུས་ཤུགས་ལྡན་པ་ཞིག་ཏུ་གནས་རྒྱུར་ཐེ་ཚོམ་མི་དགོས། དྲི་བ་གཙོ་བོ་ནི་ཁོང་ཚོས་རང་ཉིད་ཀྱི་ནུས་འཇོན་བཏོན་ནས་ཨེ་ཤེ་ཡའི་སྒྲོམ་གཞིའི་ནང་བསྐྱར་དུ་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་འགྱུར་བ་བྱེད་རྒྱུ་ཡིན་མིན་དེ་རེད། འཇར་པན་རྒྱལ་ཁབ་ཀྱི་སྣང་བརྙན་ཏེ། གཏོར་བཤིག་དང་སྐྱི་ཡ་བའི་ལོ་རྒྱུས་ལ་དྲན་གསོ་བྱེད་དགོས་ཀྱི་ཡོད་པས། འཇར་པན་མི་མང་ལ་གསར་བརྗེ་ཞིག་བྱེད་པའི་དང་ག་ཡོད་མེད་དང་ཁོང་ཚོའི་ཆབ་སྲིད་ལམ་ལུགས་ལ་མི་མང་གི་སྣེ་ཁྲིད་པའི་ནུས་འཇོན་ཡོད་མེད་དྲི་བ་ཆེན་པོ་ཞིག་རེད། འདས་པའི་ལོ་ངོ་ཉི་ཤུའི་ལོ་རྒྱུས་ཀྱི་མཉམ་མྱོང་ལས་དྲི་བ་གཉིས་ཀར་ལན་འདེབས་བྱེད་ཐུབ། དོན་དངོས་ཐོག་དེ་ལྟར་ཡོང་པར་ཆབ་སྲིད་ཀྱི་ཡོ་ལང་ཆེན་པོ་ཞིག་སྟེ། འཇར་པན་ཡང་བསྐྱར་རང་ཉིད་ལུགས་མཐུན་ཐོག་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་འགྱུར་པར་གསར་བརྗེ་ཞིག་བྱེད་དགོས། དེའི་ག་རེ་སྟོན་གྱི་ཡོད་པ་རེད་ཟེར་ན། འཇར་པན་ལ་མཚོན་ན་གདམ་ཀ་གཞན་རྣམས་གསལ་བོ་དེ་ཙམ་མེད། གལ་སྲིད་ཁོང་ཚོ་མུ་མཐུད་ཨ་རིའི་ཚོང་ཤག་བྱས་པ་ཡིན་ན། ལེའུ་ལྔ་བའི་སྐབས་ནས་བསྟན་པ་ལྟར་ཁོ་ཚོའི་དཀའ་རྙོག་གཏིང་ཟབ་མོ་ཞིག་གི་ནང་འཐིམ་རྒྱུ་ཡིན་པ་དང་། རྒྱ་ནག་ལ་སྟོབས་ཤུགས་ག་ཚོད་རྒྱས་པ་དེ་ཙམ་གྱིས་འཇར་པན་ཕྱོགས་ནས་བློ་འཚབ་བྱེད་དགོས་འགྱུར་བ་དང་ཨ་རིའི་སྲུང་སྐྱོབ་ལ་བརྟེན་རྒྱུ་ཁག་རུ་འགྲོ་གི་ཡོད། ཁོང་ཚོའི་བདེ་འཇགས་སྲུང་སྐྱོབ་ནི་གལ་ཆེ་ཤོས་ཀྱི་ཚོང་གྲོགས་གཉིས་དབར་གྱི་འགལ་ཟླའི་འབྲེལ་ལམ་ལ་བརྟེན་བསྡད་ཡོད། དེ་དག་འགོག་སྲུང་བྱེད་རྒྱུ་ཧ་ཅང་ཁག་པོ་རེད།
ཕྱོགས་གཞན་ནས་བཤད་ན། གལ་སྲིད་འཇར་པན་རང་ཉིད་སྟོབས་ལྡན་རྒྱལ་ཁབ་ཞིག་ཏུ་མ་འགྱུར་བའི་སྔོན་དུ་ཨ་རིའི་ཐབས་ཇུས་ཀྱི་ཚོང་ཤག་བྱེད་མཚམས་བཞག་པ་ཡིན་ན། རང་ཉིད་རྒྱ་ནག་གི་སྟོབས་ཤུགས་ཀྱི་གཤམ་འོག་ཏུ་ལྷུང་ངེས་ཡིན་ལ། དེ་ལྟར་བྱུང་བ་ཡིན་ན་དོན་དངོས་ཐོག་ཁོང་ཚོ་རྒྱ་ནག་གི་ཐབས་ཇུས་ཚོང་ཤག་ཏུ་གྱུར་བ་རེད། འཇར་པན་སྐོར་ཆེད་མཁས་ཁ་ཤས་ཀྱིས་འཇར་པན་ཁོང་ཚོ་བྱུས་ཉེས་འདི་ནས་ཐར་འདོད་དེ་ཙམ་ཆེན་པོ་མེད་ཟེར་བ་དེ་བདེན་པ་ཡིན་སྲིད། འོན་ཀྱང་། ཉུང་མཐར་ཡང་འཇར་པན་ལ་ཁོང་ཚོའི་ཐུན་མོང་མ་ཡིན་པའི་ངོ་བོ་དང་ལོ་རྒྱུས་ཀྱི་ཚོར་པ་ཟབ་མོ་ཞིག་དང་། རྒྱ་ནག་གིས་དབང་སྒྱུར་ལ་འཇིགས་སྣང་ཡོད་པ་དེས་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་ནུས་པ་ཆེན་པོ་འདོན་ངེས་ཡིན།
ཁོང་ཚོས་དེ་ལྟར་མ་བྱས་པ་ཡིན་ན་ཨེ་ཤེ་ཡའི་གྲོས་མཐུན་ཞིག་ཕལ་ཆེར་ཁག་པོ་རེད། ད་ལྟའི་གནས་བབས་ལྟར་འཇར་པན་ཐབས་ཇུས་ཐོག་ཨ་རིར་བརྟེན་བསྡད་པ་ཡིན་ན་རྒྱ་ནག་དང་ཨ་རིའི་དབར་གྲོས་མཐུན་ཞིག་མངོན་འགྱུར་ཡོང་མི་ཐུབ། འཇར་པན་གྱིས་ཨ་རིར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ་དེ་ཙམ་གྱིས། ཨ་རི་ནི་རྒྱ་ནག་དང་གྲོས་མཐུན་འཇོག་པར་ནུས་སྟོབས་ཆེ་དྲགས་པ་དང་། གལ་སྲིད་འཇར་པན་དེ་རྒྱ་ནག་གི་ཐབས་ཇུས་ཚོང་ཤག་ཏུ་གྱུར་བ་ཡིན་ན་(དེ་འདྲ་ཡོང་མདོག་མ་རེད)་གྲོས་མཐུན་གང་ཡིན་ཡང་ཆ་སྙོམ་པོ་ཞིག་ཡོང་གི་མ་རེད། མཐའ་དོན་ཨེ་ཤེ་ཡའི་ནང་རྨང་གཞི་བརྟན་པོ་ཚུགས་པའི་གྲོས་མཐུན་ཞིག་ཡོང་པར་འཇར་པན་རང་ངོས་ནས་ཨ་རི་དང་ལྟོས་མེད་ཀྱི་གྲོས་མཐུན་ནང་སྟོབས་དང་ལྡན་པའི་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་མཉམ་ཞུགས་བྱེད་འདོད་པ་དང་བྱེད་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་དེ་རེད། འདི་ནི་ཨེ་ཤེ་ཡའི་ནང་གྲོས་མཐུན་གྱི་བཟོ་བཀོད་བྱེད་ཁག་པོ་ཡིན་པའི་རྒྱུ་མཚན་གཅིག་ཡིན།
རྒྱ་གར།
རྒྱ་གར་གྱི་འཕེལ་རྒྱས་འདིས་ང་ཚོར་དྲི་བ་མ་འདྲ་ཞིག་གཏོང་གི་ཡོད། འཇར་པན་གྱི་སྟོབས་ཤུགས་དུས་ཚོད་འགོར་བོ་ཞིག་དང་རྨང་གཞི་མཐོན་བོ་ཞིག་ནས་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་སུ་རྒྱ་གར་མགྱོགས་མྱུར་ངང་ཡར་རྒྱས་སུ་འགྲོ་གི་ཡོད། འཇར་པན་དང་མ་འདྲ་བར་རྒྱ་གར་གྱིས་རང་རྐྱ་ཐུབ་པའི་སྒོ་ནས་རང་ཉིད་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་མཐོང་གི་ཡོད་པ་དང་བྱེད་སྟངས་ཡང་དེ་མཚུངས་རེད། ཡིན་ན་ཡང་། ང་ཚོས་དམིགས་གཏད་བྱེད་སའི་ཨེ་ཤེ་ཡའི་བྱང་ཤར་མངའ་ཁུལ་ལ་མཚོན་ན་རྒྱ་གར་ལྟོས་ས་ལྟོས་འཇོག་གི་རྒྱང་ཐག་རིང་པོར་གནས་ཡོད། དེ་བས་གནས་སྐབས་རིང་ཤར་ཨེ་ཤེ་ཡའི་གྲོས་མཐུན་འཇོག་པར་རྒྱ་གར་ནང་དུ་མ་ཚུད་པ་ཡོང་སྲིད། འོན་ཀྱང་། རྒྱ་གར་མུ་མཐུད་ཡར་རྒྱས་ལ་ཕྱིན་པ་ཡིན་ན་ཁོང་ཚོ་གང་མགྱོགས་ངང་གྲོས་མཐུན་ནང་ཚུད་པ་བྱེད་རྒྱུ་ནི་རྒྱུ་མཚན་ལྡན་པ་ཞིག་རེད། ལྷག་པར་དུ་རྒྱ་གར་གྱིས་གྲོས་མཐུན་དེ་བརྟན་པོ་ཡོང་བར་མཐུན་རྐྱེན་སྦྱོར་རྒྱུ་ཡིན་པ་དང་། ཁོང་ཚོ་གྲོས་མཐུན་ནང་ལྟོས་མེད་སྟོབས་ལྡན་རྒྱལ་ཁབ་ཞིག་གི་ངོ་བོར་ཞུགས་པ་དེས་གྲོས་མཐུན་ནང་ཚུད་པའི་རྒྱལ་ཁབ་གཞན་གྱིས་རྒྱ་གར་གང་གི་ཕྱོགས་སུ་འགྲོ་སྲིད་པའི་སེམས་ཁྲལ་ཀྱང་ཉུང་རུ་གཏོང་གི་རེད། དེ་བས་སྟོབས་ཤུགས་ཀྱི་ལྗིད་ཁོག་ནང་ངས་རྒྱ་གར་ཡང་འཇུག་གི་ཡིན།
ར་ཞི་ཡ།
ར་ཞི་ཡ་ཕྱོགས་གཅིག་ནས་བཤད་ན་ཕྱི་ལོགས་སུ་བཞག་ཆོག ང་ཚོས་མཐོང་གསལ་ལྟར་ར་ཞི་ཡ་མ་འོངས་པའི་པར་ཨེ་ཤེ་ཡའི་ནང་སྟོབས་ལྡན་རྒྱལ་ཁབ་ཞིག་ཏུ་འགྱུར་རྒྱུ་ཁག་པོ་རེད། ཁོང་ཚོའི་སྟོབས་ཤུགས་ལ་བལྟས་ན་ཁོང་ཚོ་གྲོས་མཐུན་ནང་ཞུགས་དགོས་དོན་མེད་ལ་ཁོང་ཚོས་དེའི་ནང་མ་ཞུགས་པ་དེས་ཁོང་ཚོས་གནས་སྟངས་སྐྱོ་བོ་ཡིན་པ་མཚོན་གྱི་མེད། དོན་དངོས་ཐོག། ཨེ་ཤེ་ཡའི་ནང་དུ་ར་ཞི་ཡ་ནི་སྟོབས་འབྲིང་རྒྱལ་ཁབ་ཞིག་གི་ངོ་བོར་གནས་རྒྱུ་དང་སྟོབས་འབྲིང་རྒྱལ་ཁབ་རྣམས་ལ་གྲོས་མོལ་གྱི་རྐུབ་བཀྱགས་ཐོག་སྡོད་ས་མེད།
དེ་ནང་བཞིན་ཨེ་ཤེ་ཡའི་ནང་གི་སྟོབས་འབྲིང་རྒྱལ་ཁབ་གཞན་ཀོ་རི་ཡ། (ཐ་ན་ཀོ་རི་ཡ་ལྷོ་བྱང་མཉམ་འབྲེལ་བྱུང་བ་ཡིན་ན་ཡང་)། ཝེ་ཊི་ནམ་ཡང་མ་འོངས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་དོན་སྙིང་ཅན་གྱི་སྟོབས་འབྲིང་རྒྱལ་ཁབ་ཞིག་ཏུ་འགྱུར་མོད། ངའི་ཚོད་དཔག་ལ་ཁོང་ཚོར་ཡང་གྲོས་མོལ་གྱི་རྐུབ་བཀྱགས་ཐོག་སྡོད་པའི་སྟོབས་ཤུགས་འདས་ངེས་མེད། ཨིན་ཌོ་ཉེ་ཞི་ཡ་ཁོ་ནར་ཨེ་ཤེ་ཡའི་ནང་ཁ་ཡོད་ལག་ཡོད་ཀྱི་སྟོབས་ལྡན་རྒྱལ་ཁབ་ཞིག་ཏུ་འགྱུར་བའི་ནུས་པ་ཡོད་ཀྱང་། དུས་རབས་འདིའི་དཀྱིལ་བར་དུ་དེ་ལྟར་མི་འགྱུར་བས་གནས་སྐབས་རིང་ང་ཚོས་ཨེ་ཤེ་ཡའི་གྲོས་མཐུན་ནི་ཚོགས་པ་བཞི་ཡིས་གྲུབ་པ་ཞིག་རེད། (ཨ་རི། རྒྱ་དཀར་ནག འཇར་པན)
ཁོང་ཚོས་མོས་མཐུན་བྱེད་ཐུབ་བམ།
དྲི་བ་གཙོ་བོ་ཨེ་ཤེ་ཡིའི་གྲོས་མཐུན་ཆེད་དགོས་ངེས་ཀྱི་གོ་རྟོགས་ཡོད་པ་དང་རྒྱུན་གནས་ཡོང་བ་ཞིག་སྟོབས་ཆེན་རྒྱལ་ཁབ་བཞི་ཡིས་བྱེད་ཐུབ་མིན་དེ་རེད། ཁོང་ཚོའི་དགོས་མཁོ་ག་རེ་ཡིན་ནམ། གནད་འགག་གཙོ་བོ་ནི་རྒྱལ་ཁབ་བཞི་ཡིས་ཕན་ཚན་འདྲ་མཉམ་ཡིན་པར་ཁས་ལེན་རྒྱུ་དང་། དེ་ཡང་ཕན་ཚུན་འདྲ་མཉམ་ཀྱི་ཐོབ་ཐང་དང་འདྲ་མཉམ་ཀྱི་འོས་འགན་ཁུར་དགོས། འདི་ནི་ལས་སླ་བོ་ཞིག་གཏན་ནས་མེད། ཨེ་ཤེ་ཡའི་གྲོས་མཐུན་གྱི་ཚོགས་མིར་འགྱུར་སྲིད་པའི་རྒྱལ་ཁབ་སུ་གཅིག་ལ་ཡང་སྟོབས་ཆེན་རྒྱལ་ཁབ་ཀྱི་ལམ་ལུགས་ཁྲོད་ཀྱི་ཉམས་མྱོང་མེད། ཁོང་ཚོ་ཚང་མས་རྒྱལ་སྤྱིའི་ནང་ཡོད་པའི་རང་ཉིད་ཀྱི་སྣང་བརྙན་དང་། དོན་དངོས་ཐོག་རྒྱལ་ནང་གི་སྣང་བརྙན་ལ་འགྱུར་བ་བཏང་ནས་གྲོས་མཐུན་ཡོང་ཐབས་བྱེད་དགོས་ཀྱི་ཡོད།
གནས་སྟངས་འདི་ཨ་མེ་རི་ཀར་གསལ་ཤོས་ཡིན། ཨེ་ཤེ་ཡའི་ནང་གྲོས་མཐུན་ཞིག་ཡོང་བར་བྱེད་པ་ལ་ཨ་མེ་རི་ཀ་བས་རྒྱ་ནག་ལ་འདྲ་མཉམ་གྱི་ལྟ་ཚུལ་ཞིག་འཛིན་དགོས་པ་དང་། ཁོང་ཚོས་རྒྱ་ནག་དང་རྒྱབ་ཁབ་གཞན་རྣམས་དམག་དཔུང་དང་ཆབ་སྲིད་ཐོག་གོ་བབ་འདྲ་མཉམ་དུ་བརྩི་དགོས་པར་མ་ཟད། ཨེ་ཤེ་ཡའི་མངའ་ཁུལ་དུ་རང་ཉིད་ཀྱི་མངོན་འདོད་ལ་ཆུང་རུ་བཏང་ནས་རྒྱལ་ཁབ་གཞན་གྱི་མངོན་འདོད་དང་མཐུན་པོ་ཡོང་བ་བྱེད་རྒྱུ་དེ་དང་དུ་ལེན་དགོས། ཁོང་ཚོས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཁྲིམས་མཐུན་ཡིན་པར་ཁས་ལེན་དང་དེ་ལྟར་ཡིན་པ་ཨ་རིའི་མི་མང་ལ་གསལ་སྟོན་བྱེད་དགོས། འོན་ཀྱང་། དེ་དང་མཉམ་དུ་ཁོ་ཚོས་ཨེ་ཤེ་ཡའི་མངའ་ཁུལ་དུ་སྤྱང་གྲུང་དོད་པོར་གནས་དགོས་པ་དང་། སྟོབས་ལྡན་རྒྱལ་ཁབ་གང་རུང་གིས་གཞན་ལ་དབང་སྒྱུར་བྱེད་པར་འབད་རྩོད་བྱས་པ་ཡིན་ན་དེ་ལ་དྲག་པོས་ཁ་གཏད་གཅོག་ཐུབ་པ་མ་ཟད་གཅོག་པའི་འདོད་པ་ཡོད་དགོས། འདི་ནི་དགོས་འདུན་ཆེན་པོ་ཞིག་རེད།
འོན་ཀྱང་། འདི་ནི་རྒྱ་ནག་ལ་མཚོན་ན་ཡང་དགོས་འདུན་ཆེན་པོ་ཞིག་ཡིན། གཅིག་བྱས་ན་ཕོན་ཆེན་པོ་ཡིན། རྒྱ་ནག་གིས་རང་ཉིད་ཨེ་ཤེ་ཡའི་འགོ་ཁྲིད་བྱེད་པའི་རྨི་ལམ་དེ་འདོར་དགོས་ཀྱི་ཡོད། ཁོང་ཚོ་འཛམ་གླིང་ཐོག་གི་སྟོབས་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ན་ཡང་། ཨ་མེ་རི་ཀས་བྱས་ཟིན་པའི་ཨེ་ཤེ་ཡའི་ནང་གི་འགོ་གཙོའི་གནས་བབས་དེ་ལ་རྩོད་ལེན་མི་བྱེད་པའི་ཁས་ལེན་བྱེད་དགོས་ཀྱི་ཡོད། རྒྱ་ནག་གི་འགོ་ཁྲིད་དང་མི་མང་གིས་དོན་དངོས་ཐོག་རང་ཉིད་སྟོབས་ཤུགས་ཆེན་པོ་ཡིན་ཀྱང་རང་ཉིད་དེ་འདྲའི་སྟོབས་ཤུགས་ཆེན་པོ་མིན་པ་(མི་འདོད་བཞིན) ཁས་ལེན་བྱེད་དགོས་ཀྱི་ཡོད། ཁོང་ཚོས་ངོས་འཛིན་བྱེད་ཐུབ་དགོས་པ་ནི་རང་ཉིད་ཀྱིས་ཨེ་ཤེ་ཡའི་འགོ་གཙོའི་གནས་བབ་རྩོད་ལེན་བྱས་པའི་གྱོང་གུན་ནི་རྩོད་ལེན་མ་བྱས་པ་ཆེ་བ་ཡོད་པ་དང་། རྩོད་ལེན་བྱས་པ་ཡིན་ན་ཕལ་ཆེར་ཕམ་ཉེས་ཡོང་རྒྱུ་ཡིན། དེ་བས་དོན་དངོས་ཐོག་རྒྱ་ནག་གིས་ཨ་མེ་རི་ཀར་གཅིག་པོར་འབྲེལ་ལམ་འཇོག་པ་མ་ཙམ་ཡིན་པར། ད་དུང་འཇར་པན་དང་རྒྱ་གར་ལ་འདྲ་མཉམ་གྱི་འབྲེལ་བ་འཛིན་དགོས། ཁོང་ཚོའི་དོགས་ཟོན་གཞིར་བཞག་ན་བསམ་ན་འདི་ནི་རྒྱ་ནག་གི་འགོ་ཁྲིད་ཚོས་ཁས་ལེན་བྱེད་རྒྱུ་ལས་སླ་བོ་ཞིག་མིན། རྒྱ་ནག་སྔོན་ཆད་འཛམ་གླིང་གི་རྒྱལ་ཁབ་ཁྲོད་སྟོབས་དང་ལྡན་པ་ཅིག་བྱས་མྱོང་ཡོད། ཨ་རིའི་དྲུང་ཆེ་ཟུར་བ་ཧེན་ནེ་རེས་ཁེས་སེན་འཇེར་(Henry Kissinger )ནས་རྩོམ་ཡིག་ཅིག་གི་ནང་འདི་ལྟར་བྲིས་ཡོད།
ཨ་མེ་རི་ཀས་རྒྱུན་སྲོལ་ལྟར་ན་རང་ཉིད་རྒྱལ་སྤྱིའི་མ་ལག་གི་ཆ་ཤས་ཤིག་ཡིན་པ་ལས་དེ་སྟངས་འཛིན་ནམ་དབང་བསྒྱུར་བྱེད་རྒྱུ་ནི་དོན་དུ་གཉེར་མེད་པར། རང་ཉིད་མ་ལག་དེ་འགྱུར་བར་འབད་བརྩོན་བྱེད་གསུང་པ་འདི་ནི་ལོ་རྒྱུས་རང་བཞིན་ལྡན་པའི་བསམ་ཚུལ་ཞིག་རེད།
དེ་བཞིན་འཇར་པན་ལ་མཚོན་ན་འདི་དགོས་འདུན་ཆེན་པོ་ཞིག་རེད། འཇར་པན་མི་མང་རྣམས་རྒྱལ་ཁབ་འདི་ཉིད་ཡང་བསྐྱར་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་འགྱུར་རྒྱུར་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད། མི་མང་ཕྱོགས་གཅིག་ནས་ཁོ་ཚོའི་གཞུང་གིས་ཕྱི་ལོ་༡༩༤༥་ལོའི་སྔོན་བཞིན་ཡང་བསྐྱར་སྟོབས་ཤུགས་བེད་སྤྱོད་ལོག་པར་གཏོང་བར་འཇིགས་སྣང་སྐྱེས་ཀྱི་ཡོད། ཡང་མི་མང་ཕྱོགས་གཅིག་ལ་ཨེ་ཤེ་ཡའི་ནང་ཐབས་ཇུས་ཀྱི་འགོ་ཁྲིད་བྱེད་པའི་ཆེད་འགན་ཁུར་ལེན་པ་དང་འགྲོ་སོང་གཏོང་རྒྱུར་འདོད་མོས་དེ་ཙམ་བྱེད་ཀྱི་མེད། ད་དུང་མི་མང་པོ་ཞིག་ལ་ཐེ་ཚོམ་མེད་པའི་ཐོག་ལྟ་ཚུལ་གཉིས་ཀར་ཚོར་སྣང་ཡོང་གི་ཡོད། རྒྱུ་མཚན་གང་ཡིན་ཟེར་ན། ཨེ་ཤེ་ཡའི་ད་ཡོད་སོར་གནས་ཀྱི་གནས་བབ་དེ་འདས་པའི་མི་ལོ་བཅུ་ཕྲག་དྲུག་ཙམ་གྱི་རིང་འཇར་པན་ལ་ཧ་ཅང་འཚམས་པོ་བྱུང་ཡོད། འོན་ཀྱང་། འཇར་པན་གཙོ་བྱས་ཨེ་ཤེ་ཡ་ཁྱོན་ཡོངས་སུ་ད་ཡོད་སོར་གྱི་གནས་བབས་རྟག་པར་གནས་རྒྱུ་ནི་གདམ་ཀ་ཞིག་མིན། གདམ་ཀ་ནི་མ་འོངས་པའི་ཐབས་ལམ་སྐོར་ཡིན་པ་དང་དེ་དག་ཚང་མ་ང་ཚོས་ཤེས་རྟོགས་ཡོད་པ་ལས་དང་དངོས་ཡོད་གཉིས་ཁྱད་པར་ཆེན་པོ་ཡོད། འཇར་པན་མཚོན་ན་ཡང་བསྐྱར་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་འགྱུར་རྒྱུ་ནི་གང་ལྟར་གདམ་ཀ་ཡག་པོ་མིན་པ་མ་ཟད་ཧ་ཅང་ཁག་པོ་རེད།
རྒྱ་གར་གྱིས་ཀྱང་དཀའ་ཁག་ཆེ་བའི་སྙོམ་སྒྲིག་བྱེད་དགོས་ཀྱི་ཡོད། ཆེ་ས་ནས་བཤད་ན་རང་བཙན་ཐོབ་ནས་བཟུང་ལྷོ་ཨེ་ཤེ་ཡའི་ཐབས་ཇུས་ཀྱི་སྒྲོམ་གཞིའི་ཁྲོད་ཁེར་རྐྱང་ངམ་ལོགས་སུ་བསྡད་པའི་རྐྱེན་གྱིས་རྒྱ་གར་གྱིས་སྟོབས་ཆེན་རྒྱལ་ཁབ་ཁག་ལ་རྒྱལ་ཐབས་འབྲེལ་བ་བྱེད་པར་རྒྱ་ནག་ལས་ཀྱང་ཉམས་མྱོང་ཆུང་པ་ཡོད། རྒྱལ་ཁབ་གཞན་རྣམས་ལྟར་ཁོང་ཚོས་ཀྱང་རང་ཉིད་ཀྱི་ཆབ་སྲིད་ཀྱི་གཤིས་ཀ་ལ་སྔོན་ཚུད་ནས་བསམ་བློ་གཏོང་དགོས།
གནད་དོན་འདི་དག་གིས་ཨ་མེ་རི་ཀར་གསལ་བཤད་ག་རེ་གནང་གི་ཡོད་དམ།
ཁྲིམས་མཐུན་གནས་བབ།
འདི་དག་ལག་བསྟར་བྱས་པ་ཡིན་ན་ག་འདྲ་ཞིག་ཏུ་འགྱུར་གྱི་རེད་དམ། ཨ་རི་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་སྟོབས་ཤུགས་འདྲ་མཉམ་དུ་བརྩི་དགོས་ན་ག་འདྲ་ཞིག་ཡོང་གི་རེད་དམ། དང་པོ། ཨ་རིས་ངོས་ནས་ཐེ་ཚོམ་མེད་པའི་སྒོ་ནས་ད་ལྟའི་དམར་ཕྱོགས་ཚོགས་པས་དབང་ཆ་གཅིག་སྡུད་ཀྱིས་སྟངས་འཛིན་བྱས་ཡོད་པའི་རྒྱ་ནག་གི་གཞུང་དེ་ཁྲིམས་མཐུན་གྱི་གཞུང་ཞིག་ཡིན་པར་ངོས་འཛིན་བྱེད་དགོས། འདི་གོམ་སྟོབས་ཆེན་པོ་ཞིག་ཡིན། མི་མང་པོས་ཨ་མེ་རི་ཀས་ཕྱི་ལོ་༡༩༧༢་ནས་བཟུང་འདི་ལྟར་སྒྲུབ་ཀྱི་ཡོད་པ་རེད་ཟེར་སྲིད། འོན་ཀྱང་། དོན་དངོས་ཐོག་རྒྱ་ནག་ལ་བསྟན་པའི་ཨ་རིའི་རྣམ་འགྱུར་ཐོག་ནས་དམར་ཕྱོགས་ཚོགས་པ་ཁྲིམས་མཐུན་ཡིན་མིན་ལ་ཐེ་ཚོམ་སྟོན་གི་ཡོད། མང་གཙོའི་རྒྱལ་ཁབ་རྣམས་ནི་དོན་དམ་གྱི་ཁྲིམས་མཐུན་ཡིན་པའི་ལྟ་ཚུལ་ཐོག་གནས་ཡོད་པ་དང་། དེ་ཡང་ཨ་རིའི་གཞུང་ནས་མང་གཙོ་མིན་པའི་སྲིད་དབང་མགོ་གཏིང་སློག་མཁན་ཀྱི་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱེད་བཞིན་པ་ནི་ཚུལ་མཐུན་ནམ་འགྲོ་ལུགས་དང་འཚམས་པོ་ཡོད་པར་འདོད་བཞིན་པ་དེ་རེད།བསམ་ཚུལ་འདི་དཔེར་མཚོན་ཞིག་གི་ཐོག་ནས་གླེང་ན། སྲིད་འཛིན་ཨོ་བྷ་མས་ཕྱི་ལོ་༢༠༡༡་ལོའི་ཟླ་༡༡་ནང་ཨོ་སི་ཊོ་ལི་ཡའི་གསུང་བཤད་ནང་ཐོན་ཡོད།
(སྲིད་གཞུང་གི) མ་དཔེ་གཞན་པ་མང་པོ་ཚོད་ལྟ་བྱས་ཡོད་ཀྱང་ཚང་མར་ལམ་ལྷོང་བྱུང་མེད། ཕ་ཤིས་རིང་ལུགས་དང་།(སྲིད་དབང་སྒེར་གཅོད་དང་མི་རིགས་དབྱེ་འབྱེད) དམར་ཕྱོགས་རིང་ལུགས་སོགས་མི་གཅིག་གིས་དབང་སྒྱུར་དང་། ཡང་ན་ཚོགས་ཆུང་གིས་དབང་སྒྱུར་བྱས་པ་རྣམས་ལ་ལམ་ལྷོང་བྱུང་མེད། ལམ་ལྷོང་མ་བྱུང་བའི་རྒྱུ་མཚན་སླ་ཤོས་གཅིག་། ཁོང་ཚོས་སྟོབས་ཤུགས་དང་ཁྲིམས་མཐུན་གྱི་འབྱུང་ཁུངས་མཐར་ཐུག་སྟེ་མི་མང་གི་མངོན་འདོད་སྟོབས་ཤུགས་སྣང་མེད་བཏང་བས་རེད། དངོས་ནས་རེད། མང་གཙོ་ཟེར་བ་འདི་མཚམས་རེར་ཛ་ར་ཛོ་རེ་དང་རྩིང་པོ་ཡོད། འོན་ཀྱང་། ཚོགས་པ་ཁག་གི་ལྟ་ཚུལ་ལ་ཁྱད་པར་ཡོད་མེད་ལ་མ་ལྟོས་པར་ང་ཚོའི་འགྲོ་བ་མིའི་ལོ་རྒྱུས་ཁྲོད་མང་གཙོའི་གཞུང་ནི་སྲིད་གཞུང་གི་སྒྲོམ་གཞི་རླབས་ཆེ་ཤོས་དེ་ཡིན།
དེ་བས་ང་ཚོ་རླབས་ཆེན་གྱི་མང་གཙོའི་རྒྱལ་ཁབ་གཉིས་ཡིན་པས་ཆ་ནས་སུ་ཞིག་གི་རང་དབང་ལ་ཉེན་ཁ་སླེབས་དུས་ཁོ་ཚོས་ཆེད་སྐད་ཆ་ཤོད་ཀྱི་ཡོད། ང་ཚོས་ཨིན་ཌོ་ཉིས་ཞི་ཡ་ལྟ་བུའི་མང་གཙོར་འགྱུར་བཞིན་བའི་རྒྱལ་ཁབ་རྣམས་དང་མཉམ་དུ་མཐུན་གྲོགས་བཟོས་ནས་གཞུང་བཟང་པོ་ལ་དགོས་ངེས་སྒྲིག་འཛུགས་སྲ་བརྟན་ཆེད་རོགས་སྐྱོར་བྱེད་ཀྱི་ཡོད། ང་ཚོས་གུ་ཡངས་ཅན་གྱི་གཞུང་ཞིག་ཡོང་པར་སྐུལ་མ་གཏོང་གི་ཡོད། གང་ཡིན་ཟེར་ན། མང་གཙོ་ནི་གོ་རྟོགས་ཅན་དང་སྤྱང་གྲུང་ལྡན་པའི་མང་ཚོགས་ལ་བརྟེན་ཡོད་པས་རེད། ང་ཚོས་མི་མང་ཚོགས་སྡེ་སྲ་བརྟན་གཏོང་གི་ཡོད། གང་ཡིན་ན་ཟེར་ན་མི་མང་ལ་ནུས་སྟོབས་སྤྲད་ནས་ཁོ་ཚོའི་གཞུང་ལ་འགན་ཁུར་ལེན་དུ་འཇུག་ཐུབ། ང་ཚོས་མི་མང་དཀྱུས་མ་དང་། བུད་མེད། གྲངས་ཉུང་མི་རིགས། གདོད་མིའི་མི་རིགས་ཀྱི་རིག་གཞུང་ཐོབ་ཐབ་སོགས་གོང་འཕེལ་གཏོང་པར་འབད་རྩོལ་ཞུ་གི་ཡོད། གང་ཡིན་ཟེར་ན། སྤྱི་ཚོགས་གང་ཡིན་ཀྱང་མི་སེར་ཚང་མར་རང་ཉིད་ཀྱི་འཇོན་ཐང་བཏོན་བཅུག་པ་ཡིན་ན། དེ་ནི་གྲུབ་འབྲས་ལྡན་པ་དང་། འབྱོར་ཕྱུག་ལྡན་པ། དྲང་ལྡན་ཡིན་པའི་སྤྱི་ཚོགས་ཞིག་བསྐྲུན་ཐུབ།
ལོ་རྒྱུས་ཀྱི་རྦ་རླབས་ལ་འགྱུར་ལྡོག་ཆེན་པོ་ཡོད་ན་ཡང་། དུས་ཚོད་ངེས་ཅན་ཞིག་གི་ནང་མུ་མཐུད་འགུལ་སྐྱོད་བྱེད་ཀྱི་རེད། ཐེ་ཚོམ་མེད་པ་དང་། ཐད་ཆོད་པོའི་ངང་ཕྱོགས་གཅིག་ལ་འགྲོ་གི་རེད། དེ་ནི་རང་དབང་ཅན་གྱི་སྤྱི་ཚོགས་དང་། རང་དབང་ཅན་གྱི་སྲིད་གཞུང་། རང་དབང་ཅན་གྱི་དཔལ་འབྱོར། རང་དབང་ཅན་གྱི་མི་མང་གི་ཕྱོགས་སུ་འགྲོ་གི་རེད། མངའ་ཁུལ་འདི་དང་འཛམ་གླིང་ཁྱོན་ཡོངས་ཀྱི་མ་འོངས་པ་ནི་ལྟ་ཚུལ་དེ་དག་གི་ཆེད་ལངས་ཕྱོགས་བརྟན་པོར་འཛིན་ཐུབ་མཁན་ཚོར་དབང་གི་རེད།]
གསུང་འཕྲིན་འདིས་ནང་རྒྱ་ནག་གི་མིང་གསལ་བོར་བཏོན་མེད་ཀྱང་། གསུང་འཕྲིན་གྱི་དམིགས་གཏད་གཙོ་བོ་ནི་རྒྱ་ནག་ཡིན་པ་ཧ་ཅང་གསལ་བོ་རེད། གསུང་འཕྲིན་འདིའི་ནང་དུ། དང་པོ། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཀྱི་ཁྲིམས་མཐུན་རང་བཞིན་ལ་དོགས་འདྲི་དང་། ལམ་ལུགས་དེ་ཕམ་ཉེས་འབྱུང་བའི་སྔོན་བརྡ་བཏང་ཡོད་པ་དང་། གཉིས་པ། ཨ་རི་གཞུང་གིས་འགྱུར་ལྡོག་གམ་མགོ་རྟིང་སློག་པར་རྒྱབ་སྐྱོར་ཡོད་པའི་ཆོད་སེམས། གསུམ་པ། གྲུབ་འབྲས་དེ་ལ་བསྟོད་བསྔགས་བྱས་ཡོད་པ་རེད། རྒྱ་ནག་གི་འགོ་ཁྲིད་ཅིག་གིས་ཨ་རིའི་ཆབ་སྲིད་ལམ་ལུགས་ལ་འདི་ལྟ་བུའི་གཏམ་བཤད་མ་བྱས་ནས་དུས་ཡུན་རིང་པོ་ཕྱིན་ཡོད། སྲིད་འཛིན་ཨོ་བྷ་མས་ད་དུང་གསུང་བཤད་དེའི་ནང་རྒྱ་ནག་དམར་ཕྱོགས་གཞུང་གིས་མི་མང་ས་ཡ་བརྒྱ་ཕྲག་མང་པོར་དངོས་པོའི་དཔལ་ཡོན་བསྐྲུན་པའི་བྱས་རྗེས་ལ་ངོས་ལེན་བྱས་མེད་པར་ཁོང་གིས་(རང་དབང་མེད་པའི་ཡར་རྒྱས་གོང་འཕེལ་ནི་རྣམ་པ་འགྱུར་བའི་དབུལ་ཕོངས་ཞིག་རེད་)་ཅེས་གསུང་ཡོད།
ཨ་མེ་རི་ཀ་བ་དང་རྒྱལ་ཁབ་གཞན་གྱི་མི་མང་གིས་ཨ་རི་ལ་ཐོབ་ཐབ་དེ་ཡོད་པའི་རྒྱུ་མཚན་བཤད་ཀྱི་ཡོད། མི་མང་པོ་ཞིག་གིས་སྲིད་འཛིན་ཨོ་བྷ་མའི་གསུང་བཤད་ནང་གསལ་བ་ལྟར་ལམ་ལུགས་ཀྱི་ཐོག་ནས་འབངས་མི་སེར་གྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཀྱི་ཆབ་སྲིད་ལམ་ལུགས་དེ་ཉམས་ཉེས་ཡོང་བའི་སྔོན་བརྡ་དང་སྐུལ་འདེད་བྱེད་པ་ནི་དྲང་པོ་དྲང་བཞག་རེད་ཟེར་ཀྱི་ཡོད། འདིས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན་རིན་ཐང་གི་ཁྱད་པར་འདི་དག་ཨ་རིའི་སྲིད་བྱུས་ནང་སྣང་མེད་གཏོང་མི་ཐུབ་པ་དེ་རེད། སྟོབས་ཆེན་རྒྱབ་ཁབ་བར་དུ་གྲོས་མཐུན་ལེགས་འགྲུབ་ཞིག་ཡོང་བར་ཨ་མེ་རི་ཀས་གོང་གི་སྐད་ཆ་འདི་འདྲ་མུ་མཐུད་རྒྱུ་མཚམས་འཇོག་དགོས་པ་རེད་དམ། འདི་ནི་དྲི་བ་མགོ་རྙོག་ཚ་བོ་ཞིག་རེད། ཨ་མེ་རི་ཀས་རང་ཉིད་ཀྱི་འདོད་བློར་མི་འབབ་པའི་གནས་ཚུལ་དང་རྒྱ་ནག་གི་ནང་སྲིད་ལ་སྐྱོན་བརྗོད་བྱེད་བཞིན་ཨེ་ཤེ་ཡའི་ནང་སྒྲོམ་གཞི་གསར་བ་ཞིག་གི་ཐོག་མཉམ་ལས་བྱེད་ཐུབ་པ་གསལ་བོ་རེད། འོན་ཀྱང་། ཨ་རིའི་དབུ་ཁྲིད་ཚོས་འཁྲུལ་གཞི་མེད་པའི་ཐོག་ནས་རྒྱ་ནག་གཞུང་དེ་ཁྲིམས་མཐུན་ཡིན་པ་དང་སྲིད་དབང་མགོ་རྟིང་སློག་པའི་མངོན་འདོད་མེད་པ་གསལ་སྟོན་མ་བྱས་པ་ཡིན་ན། སྒྲོམ་གཞི་འདི་འདྲ་ཞིག་གསར་སྐྲུན་དང་ཡུན་གནས་ཡོང་བ་བྱེད་རྒྱུ་ཧ་ཅང་ཁག་པོ་དང་། གཅིག་བྱས་ན་ཡོང་མི་སྲིད་ཞིག་རེད། སྲིད་གཞུང་གི་སྲིད་བྱུས་དང་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་པ་དང་། སྲིད་གཞུང་དེའི་རྩ་བའི་དབང་ཚད་ལ་འགྲན་སྡུར་བྱེད་པ་གཉིས་ལ་ཁྱད་པར་ཡོད། སྲིད་གཞུང་ཁག་གིས་ཕན་ཚུན་སྐྱོན་བརྗོད་བྱེད་པ་དུས་མཚུངས་ཕན་ཚུན་འདྲ་མཉམ་ཐོག་ལས་དོན་སྒྲུབ་ཐུབ་ཀྱི་ཡོད། སྲིད་གཞུང་ཕན་ཚུན་ཁྲིམས་མཐུན་གྱི་གནས་བབ་ལ་འགྲན་སྡུར་དང་མགོ་རྟིང་སློག་ཐབས་བྱས་པ་ཡིན་ན་མཉམ་ལས་བྱེད་མི་ཐུབ། གནས་སྟངས་འདི་ངོས་ལེན་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན་ན་ཡང་། རྒྱ་ནག་གིས་ཨ་རིའི་སྐོར་ལ་སྐད་ཆ་བཤད་དུས་གཟབ་གཟབ་བྱེད་པ་དེ་བཞིན་ཨ་མེ་རི་ཀས་ངོས་ནས་ཀྱང་རྒྱ་ནག་གི་སྲིད་དབང་ཐོག་བསམ་ཚུལ་བཤད་དུས་ས་མཚམས་ཡོད་པའི་ཐོག་གནང་དགོས།
འདིས་ཁྲིམས་མཐུན་གྱི་ངོ་བོའི་སྐོར་ལ་དྲི་བ་གཏིང་ཟབ་མོ་ཁ་ཤས་བཏང་ཡོད། སྲིད་དབང་སྒེར་འཛིན་བྱེད་པ་ནི་ཁྲིམས་མཐུན་མིན་པ་གསལ་པོ་རེད། གང་ཡིན་ཟེར་ན་དེས་མི་མང་དང་ས་ཁུལ་ཀྱི་བདག་དབང་ལ་སྟངས་འཛིན་བྱེད་ཀྱི་ཡོད་པས་རེད། ཁྲིམས་མཐུན་དུ་འགྱུར་བར་སྟངས་འཛིན་དེ་ཡང་མི་མང་གི་ཁེ་ཕན་ཆེད་ཡིན་པ་དང་། སྲིད་གཞུང་འཛིན་སྐྱོང་ཡང་རྒྱལ་སྤྱིའི་སྒྲིག་གཞིར་མཐུན་པ་ཞིག་དགོས། འོན་ཀྱང་། རྩ་དོན་འདི་ལ་ཐད་གཅོད་དང་དབྱེ་འབྱེད་གཉིས་དགོས་ཀྱི་ཡོད་པར་འདོད། སྟོབས་ཤུགས་ཇི་ལྟར་བེད་སྤྱོད་བཏང་བ་ལས་ཁྲིམས་མཐུན་ཡིན་མིན་གྱི་བསམ་ཚུལ་སླེབས་པ་དང་། རང་ཉིད་ཀྱིས་ཁས་ལེན་བྱེད་མི་ཐུབ་པའི་གནས་སྟངས་བྱུང་སྐབས་གཞན་དེ་ཁྲིམས་མཐུན་མ་ཡིན་པའི་་སྐྱོན་བརྗོད་བྱེད་འོས་པའི་བསམ་ཚུལ་སླེབས་ཀྱི་ཡོད་པ་དེ་ཡིན། སྲིད་གཞུང་ཁ་ཤས་ཀྱིས་མི་མང་ཀྱི་མངོན་འདོད་སྣང་མེད་བཏང་ཡོད་པའི་དཔེར་མཚོན་ནི། སྲིད་དབང་སྒེར་གཅོད་པ་མེ་རྒ་སྦེའུ་བཟུང་བའི་ཛེམ་སྦ་ཝེ་(Mugabe’s in Zimbabwe)་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཁེམ་ནང་མི་ལྟ་བུ་རེད། ཁོ་ཚོའི་གཞུང་དེ་ཁྲིམས་མཐུན་མ་ཡིན་པར་བརྩིས་ན་འགྲིག་གི་རེད། འོན་ཀྱང་། རྒྱ་ནག་སྲིད་གཞུང་ཁོང་ཚོ་ལྟ་བུ་རེད་དམ། དེ་འདྲ་མིན་པ་གསལ་བོ་རེད། རྒྱ་ནག་གི་བྱེད་སྟངས་ཁ་ཤས་ལ་ནོར་འཁྲུལ་ཡོད་པ་མངོན་གསལ་དོད་པོ་རེད། ཁོང་ཚོས་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་ཚོར་བཟོད་སྒོམ་མི་བྱེད་པ་དང་དྲག་གནོན་ཤུགས་ཆེན་བྱེད་ཀྱི་ཡོད། སུ་གཅིག་གིས་ཀྱང་རྒྱ་ནག་སྲིད་གཞུང་གིས་མི་མང་གི་མངོན་འདོད་སྣང་མེད་ལ་གཏོང་གི་འདུག་ཟེར་རྒྱུ་ཁག་པོ་རེད། གང་ཡིན་ཟེར་ན། གནས་སྟངས་མང་པོ་ཞིག་གིས་ང་ཚོས་བདེན་དབང་བྱས་ཡོད་པ་ནི་མི་འབོར་ཆེན་པོ་ཞིག་གིས་ཁོ་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡང་རྒྱ་ནག་གི་སྲིད་གཞུང་ལ་མ་དགའ་བ་བྱེད་མི་འབོར་མང་པོ་ཞིག་ཡོད་པར་ཐེ་ཚོམ་མི་དགོས་མོད། མི་འབོར་མང་ཆེ་བས་སྲིད་གཞུང་གི་ཁྲིམས་མཐུན་ངོ་བོ་ཁས་ལེན་མི་བྱེད་པའི་བདེན་དབང་ཆེན་པོ་མེད། དེ་བས་ཨ་མེ་རི་ཀས་ངོས་ནས་ཀྱང་ཁས་ལེན་མི་བྱེད་པར་རྒྱུ་མཚན་ཆེན་པོ་མེད་ལ། ལྷག་པར་དུ་ཁས་ལེན་མ་བྱས་པའི་མཇུག་འབྲས་བསམ་ཡུལ་ལས་འདས་པ་དང་ཉེན་ཚབས་ཅན་ཞིག་ཡིན། འདི་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྣང་མེད་གཏོང་དགོས་ཟེར་གྱི་མེད། དེའི་སྐོར་ང་ཚོས་ལེའུ་རྗེས་མའི་ནང་ཞིབ་ཕྲ་བསམ་གཞིག་བྱས་ཆོག འོན་ཀྱང་། སྲིད་གཞུང་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སྐྱོན་བརྗོད་བྱས་པ་དང་སྲིད་གཞུང་ཞིག་གི་ཁྲིམས་མཐུན་གནས་བབས་ལ་དོགས་འདྲི་བྱས་པ་གཉིས་ལ་ཁྱད་པར་དང་གནད་འགག་ཆེན་པོ་ཡོད།
མི་མཐུན་པའི་མངོན་འདོད།
གྲོས་མཐུན་ལ་འགྲེལ་བཤད་རྒྱག་སྟངས་གཞན་ཞིག་ཡོད་པ་ནི་རྒྱལ་སྤྱིའི་སྒྲོམ་གཞིའི་བརྟན་བརླིང་ལ་གནོད་སྐྱོན་ཕོག་པ་ལས་གཞན་པའི་གནད་དོན་ཚང་མ་ཙོག་ཙེའི་ཐོག་གྲོས་བསྡུར་བྱེད་རྒྱུ་ཡོད་པ་དང་། གུ་ཡངས་བྱེད་པ། ཞི་འགྲིག་ཡོང་བའི་ལྡིང་ཆ་ཞིག་ཡིན། རྒྱ་ནག་དང་མཉམ་དུ་གྲོས་མཐུན་ཞིག་འཇོག་པར་ཨ་མེ་རི་ཀས་ངོས་ནས་རང་ཉིད་ཀྱི་མངོན་འདོད་དང་མི་མཐུན་ཡང་ཚད་ལས་མ་བརྒལ་བར་དུ་རྒྱ་ནག་གི་རྒྱལ་སྤྱིའི་ཐོག་ལ་འཛིན་པའི་མངོན་འདོད་རྣམས་ཁྲིམས་མཐུན་ཡིན་པར་ཁས་ལེན་དགོས། ཁྲིམས་མཐུན་གསལ་བསྒྲགས་བྱས་པ་དེས་ཁས་ལེན་པ་མཚོན་མི་ཐུབ། དེ་ལས་གཞན་ང་ཚོས་ཉོ་ཚོང་གི་ཁེ་ཕན་མཉམ་ཞུགས་བྱེད་འདོད་ཡོད་པ་དང་། གྲུབ་འབྲས་ཡག་ཤོས་དེ་ཡོང་བའི་ཆེད་གུ་ཡང་ངམ་ནང་འགྲིག་བྱེད་དགོས་པ་ནི་འགོག་དུ་མེད་པ་ཞིག་རེད། འདི་ནི་ཚོང་འབྲེལ་གྲོས་མོལ་གྱི་ལས་དོན་བྱེད་སྟངས་རེད།
ཕྱོགས་གཉིས་ཀས་གོ་རྟོགས་ཡོད་པའི་སྒོ་ནས་རང་ཉིད་ཀྱི་ཁེ་ཕན་ནམ་ཐོབ་ཐབ་ཐོག་ངར་ཤུགས་ལྡན་པའི་འགྲན་སྡུར་བྱེད་པ་ནི་གནས་ལུགས་དང་མཐུན་པ་ཞིག་རེད། དཔེར་ན་ཨེ་རན་གྱི་གནད་དོན་ཐོག་ནས་བཤད་ན། ཨ་རྒྱ་གཉིས་ཀྱི་ལངས་ཕྱོགས་རྦད་དེ་ཁག་ཁག་ཡིན། དེ་བས་རྒྱལ་ཁབ་གཉིས་བར་གྲོས་འཆམ་བྱུང་དགོས་ན་རྒྱ་ནག་ཕྱོགས་ནས་ཨ་རིའི་མངོན་འདོད་ལ་བསམ་གཞིག་གནང་བ་དང་མཚུངས་བར་ཨ་རིའི་ཕྱོགས་ནས་ཀྱང་ཨེ་རན་ལ་འཛིན་ལའི་སྲིད་ཇུས་ལ་བསམ་གཞག་གཏིང་ཟབ་པོ་ཞིག་གནང་དགོས། འདི་ནི་འདྲ་མཉམ་བར་གྱི་མི་མཐུན་པའི་དཀའ་རྙོག་སེལ་ཐབས་ཤིག་ཡིན།
རྩ་དོན་འདིའི་གཞི་རྒྱ་ག་ཚོད་ཅིག་བསྐྱེད་ཐུབ་བམ། དེ་ནི་མངོན་འདོད་གང་ཞིག་སྒྲོམ་གཞིའི་བརྟན་བརླིང་ལ་གནད་འགག་ག་ཚོད་ཡོད་མེད་ལ་ཐུག་ཡོད། དཔེར་བཞག་ན། སྟོབས་ཆེན་རྒྱལ་ཁབ་ཁག་གང་རུང་གི་་དབང་ཤུགས་ཀྱི་ཁྱབ་ཚད་ནི་སྟོབས་ཆེན་རྒྱལ་ཁབ་གཞན་ལས་དམིགས་བསལ་དང་ཁེ་གཙང་། ལྗིག་ཁོག་ཆེ་བ་ཡིན་ཆོག་གི་རེད་དམ། འདི་ནི་ང་ཚོའི་བསམ་ཡུལ་ལས་འདས་པའི་དཀའ་རྙོག་ཅན་གྱི་གནད་དོན་ཞིག་རེད། གཞུང་ལུགས་ལྟར་ན། དབང་ཤུགས་ཀྱི་ཁྱབ་ཚད་ནི་ང་ཚོ་དེང་རབས་རྒྱལ་སྤྱིའི་གུ་ཡངས་སྒྲོམ་གཞི་དང་ལྡོག་ཕྱོགས་སུ་འགྲོ་བ་ལྟར་མཐོང་། ར་ཞི་ར་ནས་སྔོན་ཆད་ Soviet སོའོ་ཝེ་ཎ་ཌེ་མངའ་ཁོངས་སུ་དབང་ཤུགས་སྤེལ་ཐུབ་བྱས་པར་དགག་བྱས་ཤུགས་ཆེན་བྱུང་ཡོད། འོན་ཀྱང་། ལག་ལེན་གྱི་ཁྲོད་དབང་ཤུགས་ཀྱི་ཁྱབ་ཚད་ནི་རྒྱལ་སྤྱིའི་སྒྲོམ་གཞིའི་ཁྲོད་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་མངོན་གསལ་དོད་ཤོས་ནི་ནུབ་ཕྱེད་གོ་ལ་ཁུལ་དུ་རེད། ས་ཁུལ་དུ་(Monroe Doctrine) མོའོ་རེའོ་རིང་ལུགས་རྨང་གཞིའི་ཐོག་ཨ་མེ་རི་ཀའི་དབང་ཤུགས་ནུབ་ཕྱེད་གོ་ལ་ཁྱོན་ཡོངས་ལ་ཁྱབ་ཡོད། རྒྱ་གར་གྱིས་ལྷོ་ཨེ་ཤེ་ཡའི་ནང་དབང་ཤུགས་བཟུང་ཡོད་པར་འདོད་ལ། ཐ་ན་ཨོ་སི་ཀྲི་ཡས་ལྷོ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཁྱིམ་མཚེས་མཚོ་ཕྲན་རྒྱལ་ཁབ་མང་པོའི་ཐོག་དབང་ཤུགས་ཡོད་པར་འདོད།
དེ་བས་གྲོས་མཐུན་ཞིག་ཡོང་བར་བྱེད་པ་ལ་ཨེ་ཤེ་ཡའི་ནང་གི་དབང་ཤུགས་ཀྱི་ཁྱབ་ཚད་རྒྱ་ནག་ལ་སྤྲོད་དགོས་པ་རེད་དམ། ཤར་ཨེ་ཤེ་ཡའི་མངའ་ཁུལ་ཁྱོན་ཡོངས་ལ་ཁྱབ་ཀྱི་མིན་པ་གསལ་བོ་རེད། གྲོས་མཐུན་གྱི་རྩ་བའི་དམིགས་ཡུལ་ནི་ངེས་པར་དུ་དེ་འདྲ་མ་ཡོང་བ་ཞིག་སྔོན་འགོག་བྱེད་དགོས་པ་ཡིན།
གསལ་ཤོས་ཤིག་ནི་འཇར་པན་རང་ཉིད་སྟོབས་ཆེན་རྒྱལ་ཁབ་ཀྱི་གནས་བབས་དང། ཨེ་ཤེ་ཡའི་བརྟན་བརླིང་ལ་ཉེན་ཚབས་ཆེན་པོ་ཞིག་སྤྲོད་ཐུབ་མཁན་ཀྱི་གནས་ནས་ཉམས་རྒུད་བྱུང་ན་མ་གཏོགས་རྒྱ་ནག་ཕྱོགས་ནས་ཁོང་ཚོ་རང་ཉིད་ཀྱི་དབང་ཤུགས་ཀྱི་ཁྱབ་ཚད་འོག་འགྲོ་བར་གནོན་ཤུགས་སྤྲོད་མི་ཐུབ་པ་གསལ་བོ་རེད། ཕྱོགས་གཞན་ནས་བཤད་ན། སྟོབས་ཆེན་རྒྱལ་ཁབ་གཞན་ལ་ཐད་ཀར་གནོན་ཤུགས་སྤྲོད་མི་ཐུབ་པའི་དངོས་ཡོད་དང་མཐུན་པ་ཞིག་རེད། རྒྱ་ནག་གིས་ལྷོ་ཕྱོགས་རྒྱ་མཚོའི་མངལ་ཁུལ་དུ་ཤུགས་རྐྱེན་སྤྲོད་ཐུབ་པའི་མངའ་ཁུལ་ཞིག་དུ་ངོས་འཛིན་བྱས་ཆོག་་(Indochina) རྒྱ་དཀར་ནག་གི་གནད་དོན་དེ་ནི་མགོ་རྙོག་ཅན་དང་ཚོར་བ་རྐྱེན་པོའི་་དྲི་བ་ཞིག་ཡིན། འདི་ནི་རྒྱ་ནག་གིས་མངའ་ཁུལ་ཁྱོན་ཡོངས་ལ་དབང་སྒྱུར་བྱེད་པར་སྒོ་མོ་ཕྱེ་བའི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པའི་རྒྱུ་མཚན་བགྲང་ངེས། འོན་ཀྱང་དོན་དངོས་ཐོག་དཔེར་ན་ཨ་མེ་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་རྣམས་ཀྱིས་ལེའོ་LAOS་རྒྱལ་ཁབ་ཀྱི་ཆབ་སྲིད་རང་སྐྱོང་གི་ཆེད་རྒྱ་ནག་དང་མཉམ་དུ་བརྟན་ལྷིང་གི་འབྲེལ་ལམ་བྱེད་རྒྱུ་བཞག་ནས་ཁ་གཏད་དུ་ལངས་པ་དེ་རང་ཉིད་ཀྱི་མངོན་འདོད་ཡིན་པའི་ཨུ་ཚུགས་མཐར་སྐྱེལ་གྱི་རེད་དམ། ཝེ་ཊི་ནམ་རྒྱལ་ཁབ་ཆེད་དེ་ལྟར་བྱེད་ཀྱི་རེད་དམ། གང་ལྟར་ཀྱང་། སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་དབང་ཤུགས་ཁོ་ཚོའི་མཚོ་རྒྱུད་ཁག་ནས་བརྒལ་ཏུ་འཇུག་མི་ཐུབ་པ་གསལ་བོ་རེད། པེ་ཅིང་གིས་མཚམས་རེ་རྒྱལ་ཁབ་གཞན་སུ་ལ་ཡང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཇུས་གཏོགས་མེད་ཚུལ་བརྗོད་ཀྱི་ཡོད་མོད། མངའ་ཁུལ་དེ་བློས་གཏོང་བ་ནི་གནད་འགག་ཧ་ཅང་ཆེ་བའི་རྒྱལ་ཁབ་ཁ་ཤས་བློས་བཏང་བ་དང་ཁྱད་པར་མེད་ལ་ལྷག་པར་དུ་འཇར་པན་བློས་གཏོང་དགོས། དེ་བས་དབང་ཤུགས་ཀྱི་ཁྱབ་ཚད་སྐོར་ལ་ཐད་གཅོད་ལེགས་པོ་ཞིག་བྱེད་རྒྱུ་ནི་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་གྲོས་མཐུན་བརྟན་པོ་བཟོ་བར་གནད་འགག་ཆེན་པོ་དང་མགོ་རྙོག་ཆེ་བ་ཞིག་རེད།
དམག་གི་སྟོབས་ཤུགས།
ཝ་ཞོན་ཌོན་རང་ཉིད་ལ་ཨེ་ཤེ་ཡའི་ནང་དུ་འགྲན་ཟླ་བྲལ་བའི་མཚོ་ཐོག་སྟངས་འཛིན་དང་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་མངའ་ཁུལ་སུ་སྟོབས་ཤུགས་འཆར་འགོད་ཐོག་རྨང་གཞི་བྱས་པའི་ཐུན་མིན་གྱི་དམག་དཔུང་ཡོད་པར་འདོད། འདི་ལ་དོན་སྙིང་ལྡན་པའི་ཁ་གཏད་བྱེད་མཁན་ཡོད་ན་དགའ་བསུ་མེད་པར་མ་ཟད་ཁྲིམས་སྲོལ་དང་མི་མཐུན་པར་ཆ་འཇོག་བྱེད་ཀྱི་ཡོད། ཁོ་ཚོས་གཞན་ལ་སྐྱོན་བརྗོད་བྱེད་སྐབས་ཕྱི་གསལ་ནང་གསལ་གྱི་སྒྲོམ་གཞིའི་འོག་བྱེད་ཀྱི་ཡོད་པ་དང་རྒྱ་ནག་ལ་སྐྱོན་བརྗོད་སྐབས་ཁོ་ཚོའི་དམག་དཔུང་རྒྱ་བསྐྱེད་ཀྱི་དམིགས་ཡུལ་གསལ་བོ་བཤད་དགོས་སྐོར་བརྗོད་ཀྱི་ཡོད། དོན་དངོས་ཐོག་ཕྱི་གསལ་ནང་གསལ་མ་ཡིན་པའི་སྐྱོན་བརྗོད་འདི་ནི་དྲང་པོ་ཞིག་མ་རེད། གང་ཡིན་ཟེར་ན། རྒྱ་ནག་གི་དམིགས་ཡུལ་རྣམས་ཚང་མར་གསལ་ཐག་ཆོད་རེད། ཕྱི་གསལ་ནང་གསལ་མ་ཡིན་པའི་སྐྱོན་བརྗོད་བྱེད་པ་འདི་ཡར་རྒྱས་ལ་འགྲོ་བཞིན་པའི་རྒྱ་ནག་དམག་དཔུང་གི་ནུས་སྟོབས་དེ་ཁྲིམས་སྲོལ་དང་མི་མཐུན་པར་སྒྲུབ་པའི་ཐབས་ཤེས་ཤིག་རེད། (ནག་པོ་བཟོ་ཐབས)
ཨེ་ཤེ་ཡའི་གྲོས་མཐུན་འོག་འདི་དག་བརྗེ་བོ་རྒྱག་དགོས། རྒྱ་ནག་འདྲ་མཉམ་དུ་བརྩི་བར་ཨ་རིས་ངོས་ནས་རྒྱ་ནག་གི་དམག་དཔུང་སྟོབས་ཤུགས་ཚད་བཀག་མི་བཟོ་བ་དང་། དེ་བཞིན་ཨ་མེ་རི་ཀས་མུ་མཐུད་ཨེ་ཤེ་ཡའི་ནང་མཚོ་དམག་སྟོབས་ཤུགས་ཡང་རྩེ་ཡིན་པའི་གནས་བབ་རྒྱུན་འཛིན་བྱེད་མི་ཐུབ་ངོས་ལེན་བྱེད་རྒྱུ་དང་། ཡར་རྒྱས་ལ་འགྲོ་བཞིན་པའི་རྒྱ་ནག་གི་དམག་དཔུང་སྟོབས་ཤུགས་ཀྱིས་ཞི་བདེ་རྒྱ་མཚོའི་ལྷོ་ཕྱོགས་མངའ་ཁུལ་གྱི་ཨ་མེ་རི་ཀའི་དམག་དཔུང་གི་སྟོབས་ཤུགས་ལ་ཚད་བཀག་བཟོ་པར་ངོས་ལེན་བྱེད་དགོས། དེ་བཞིན་རྒྱ་ནག་གིས་ཀྱང་རང་ཉིད་དམག་དཔུང་གི་གདམ་ཀ་ཨ་རི་དམག་དཔུང་སྟོབས་ཤུགས་ཀྱིས་ཚད་བཀག་བྱེད་པར་ངོས་ལེན་དགོས། ལེའུ་བཞི་བའི་སྐབས་སུ་བཤད་ཟིན་པའི་འགྱུར་འགྲོས་ལྟར་ན་ཕྱོགས་གཉིས་ཀྱིས་ངོས་ལེན་དེ་ལྟར་བྱེད་དགོས་པ་ནི་གཡོལ་ཐུབ་མེད་པ་ཞིག་རེད།
རྩ་དོན་དེ་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ཀྱི་ཁྱད་པར་ལ་ཡང་སྦྱོར་དགོས་ཀྱི་ཡོད། སྟོབས་ཆེན་རྒྱལ་ཁབ་འདྲ་མཉམ་ཡོང་བར་དགོས་ངེས་ཀྱི་ཆ་རྐྱེན་ནི་ཕན་ཚུན་ལ་རྡུལ་ཕྲན་མཚོན་ཆའི་རྒོལ་རྡུང་གི་འཇིགས་སྐུལ་འགོག་རྒོལ་གྱི་ནུས་སྟོབས་ཡོད་པ་དང་། སུ་ལ་ཡང་རྒོལ་རྡུང་བྱས་པ་བརྒྱུད་རྡུལ་ཕྲན་མཚོན་ཆའི་རྒྱལ་ཁ་ཐོབ་རྒྱུའི་ནུས་པ་མེད་པ་དེ་ཡིན། གནས་སྟངས་འདི་ད་ལྟ་ཡོད་མུས་ཡིན་པ་དང་ཨ་རྒྱ་བར་མ་འོངས་མི་ལོ་བཅུ་ཕྲག་ཁ་ཤས་རིང་མུ་མཐུད་གནས་རྒྱུ་ཡིན་པ་གསལ་བོ་ཡིན་པས་གྲོས་འཆམ་ནང་ཨ་རིས་འདིའི་སྐོར་ངོས་ལེན་བྱེད་དགོས། དོན་དངོས་ཐོག་དམག་དོན་ངོས་ནས་བཤད་ན་ཨ་མེ་རི་ཀས་རྒྱ་ནག་ལ་ཁོང་ཚོར་ཐབས་ཇུས་ཐོག་ནས་འབུར་དུ་ཐོན་པའི་དངོས་ཡོད་གནས་སྟངས་ལ་འགྱུར་གཏོང་འདོད་ཡོད་ཀྱང་ནུས་འཇོན་མེད་པའི་ངོས་འཛིན་བྱེད་རྒྱུ་ལས་ལྷག་མེད།
ང་ཚོས་གདམ་ཀ་བྱེད་དགོས་སམ།
མཐོང་གསལ་ལྟར་། ཨ་རྒྱའི་དབར་འབྲེལ་ལམ་བརྟན་པོ་ཞིག་འཛུགས་པའི་ཆེད་གལ་འགངས་ཆེ་བའི་བསམ་ཤེས་སམ་ཆག་ཡངས་གཏོང་དགོས་པ་ཁག་ནི། ཝ་ཞོན་ཌོན་དང་པེ་ཅིང་གཉིས་ཀའི་ཆབ་སྲིད་འགོ་ཁྲིད་ཚོར་མཚོན་ན་ངལ་བ་ཁྱད་བསད་དང་དཀའ་ངལ་ཆེན་པོ་ཞིག་ཡིན། མི་མང་པོ་ཞིག་གིས་དེའི་སྐོར་ལ་དོ་སྣང་དང་བརྟག་ཞིབ་ནན་ཏན་བྱས་ཡོད་མེད་ཀྱི་དྲི་བ་གཏོང་གི་རེད། གཅིག་བྱས་ན་ཨེ་ཤེ་ཡའི་གྲོས་མཐུན་ནི་མང་ཚོགས་ཀྱི་མང་མོས་མེད་པའི་གདམ་ཀ་དང་ཁ་སྐྱེངས་པོ་མ་དགོས་པའི་ཐོག་རྩོལ་མེད་ངང་ཡོང་སྲིད། དཔེར་ན།(Henry Kissinger)་ཨ་རི་ཕྱི་སྲིད་དྲུང་ཆེ) ཧེན་ནེ་རེས་ ཁེས་སིན་འཇར་གྱི་ཉེ་ཆར་བཏོན་པའི་རྒྱ་ནག་སྐོར་གྱི་དེབ་ནང་གསལ་བ་ལྟར་ན། རྒྱ་ནག་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་མཉམ་དུ་ཨ་རྒྱའི་འབྲེལ་བ་ཡང་རིམ་བཞིན་མི་མངོན་པའི་སྒོ་ནས་སྟོབས་ཤུགས་འཕེལ་འགྱུར་འབྱུང་བའི་ཁྲོད། སྒྲོམ་གཞི་གསར་བ་ཞིག་གི་ནང་ཨ་རིས་ཕྱོགས་ནས་གདམ་ཀའི་སྐོར་ལ་ཚོར་སྣང་སྐྱེན་པོ་བྱེད་མ་དགོས་པར་རྒྱ་ནག་གི་དམིགས་ཡུལ་ལ་གོ་སྐབས་སྤྲོད་པ་དང་། ཨ་རྒྱ་ཕྱོགས་གཉིས་ནས་ཚོར་པ་སྐྱེན་པོས་ཐག་གཅོད་མི་དགོས་པར་ཕན་ཚུན་གྱི་གནས་བབས་ལ་བསྟུན་མཁས་བྱེད་ཀྱི་ཡིན་པ་དང་། (མི་མངོན་པའི་ལག་པ)་ལྟ་བུའི་ཐབས་ཇུས་བེད་སྤྱད་དེ་རྒྱབ་ཁབ་ཁག་དང་མི་མང་རྣམས་གཉིས་ཕན་གྱི་ལམ་ཁར་ཁྲིད་སྟོན་བྱེད་དགོས་པར་འདོད། ལོ་རྒྱུས་ཐོག་མིག་དཔེ་བལྟ་འོས་པའི་གནས་སྟངས་ཞིག་ཡོད་པ་ནི། དུས་རབས་བཅུ་དགུ་བའི་མཇུག་དང་ཉི་ཤུའི་འགོ་སྟོད་དུ་དབྱིན་ཇི་དང་ཨ་རི་བར་དུ་རིམ་པ་བཞིན། སྡུག་བསྔལ་མེད་པ། འགྲན་རྩོད་མེད་པའི་སྒོ་ནས་འཛམ་གླིང་གི་འགོ་གཙོའི་གནས་བབས་སྤོ་འགྱུར་བྱུང་ཡོད།
འོན་ཀྱང་། ང་ཚོས་དབྱིན་ཇི་ནས་ཨ་མེ་རི་ཀར་སྟོབས་ཤུགས་འཕོ་འགྱུར་གྱི་གནས་སྟངས་ལ་ཞིབ་བལྟ་བྱས་པ་ཡིན་ན་གནས་སྟངས་དེ་ད་ལྟའི་མ་དཔེ་འཇོག་མི་འོས། སྐབས་དེའི་དབྱིན་ཇིའི་གནས་བབ་ད་ལྟའི་ཨ་རིའི་གནས་བབས་གཉིས་ཁྱད་པར་ཆེན་པོ་ཡོད། དུས་རབས་བཅུ་དགུ་བའི་མཇུག་དུ་དབྱིན་ཇིའི་ལ་ཐབས་ཇུས་ཀྱིས་ཁ་གཏད་བྱེད་མཁན་ཨ་མེ་རི་ཀ་གཅིག་པོ་མ་ཡིན་པར་རང་ཉིད་ཀྱི་རྒྱལ་ཁབ་དང་ཐག་ཉེར་ཡོད་པའི་སྟོབས་ཤུགས་རྒྱས་བཞིན་པའི་ཧྥ་རིན་སི་དང་ལྷག་པར་དུ་འཇར་མན་ཡོད་པ་མ་རེད། ཁོ་ཚོའི་མངའ་འབངས་རྒྱབ་ཁམས་ཁག་ལ་ར་ཞི་ཡ་དང་འཇར་པན་ནས་ཁ་གཏད་བཅག་ཡོད། དབྱིན་ཇིར་མཚོན་ན་སྟོབས་ཤུགས་རྒྱས་བཞིན་པའི་རྒྱལ་ཁབ་འདི་དག་ཚང་མའི་ཁ་གཏད་དུ་ལངས་ནས་རང་ཉིད་ཀྱི་འགོ་གཙོའི་གནས་བབས་རྒྱུན་འཛིན་བྱེད་རྒྱུ་ནི་ཡོང་མི་སྲིད་པ་དང་། ཁོ་ཚོས་ཨ་མེ་རི་ཀར་གོ་ཡུལ་སྤྲོད་པ་ནི་རྒྱལ་ཁབ་གཞན་ལས་ཉེན་ཁ་ཆུང་ཞིག་སྟབས་བདེ་བོ་ཡིན་པ་གསལ་རྟོགས་བྱུང་ཡོད། གང་ཡིན་ཟེར་ན། དབྱིན་ཇི་དང་ཨ་རིའི་མངོན་འདོད་ནི་རྒྱལ་ཁབ་གཞན་ལས་རྙོག་འཛིངས་ཆུང་བར་གྱུར་ཡོད། རྗེས་སུ་ཨ་མེ་རི་ཀའི་སྟོབས་ཤུགས་ཆེ་རུ་སོང་བ་དང་དབྱིན་ཇིའི་སྟོབས་ཤུགས་མགྱོགས་མྱུར་ངང་ཉམས་རྒུད་དུ་གྱུར། སྐབས་དེའི་དབྱིན་གཞུང་སྤྱང་པོ་བྱུང་ཡོད་པ་སྟེ་ཁོ་ཚོས་ཨ་མེ་རི་ཀར་འགོ་གཙོའི་གནས་བབས་ཡོད་པ་ངོས་ལེན་བྱེད་པ་དེ་དབྱིན་ཇིའི་མངོན་འདོད་མཐུན་པར་ངོས་འཛིན་བྱས་ཡོད་པ་དང་དོན་དངོས་ཐོག་དེ་ལྟར་བྱུང་ཡོད།
ཨ་མེ་རི་ཀར་ཁ་གཏད་བྱེད་མཁན་སྔོན་མའི་དབྱིན་ཇི་དང་བསྡུར་ན་ཉུང་ཉུང་ཡིན་པ་དང་། དབྱིན་ཇི་ནས་ཨ་མེ་རི་ཀར་སྟོབས་ཤུགས་འཕོ་འགྱུར་དེ་ཞི་འཇམ་ངང་བྱུང་པ་དེ་ཡང་དབྱིན་ཇིའི་ངོས་ནས་དེ་ལྟར་ཡོང་བར་འདོད་མོས་དང་ལྗིད་ཁོག་ངེས་ཟིན་ཡོད་པ་དྲན་རྒྱུ་གནད་འགག་ཆེན་པོ་ཡིན།(Kissinger)(ཨ་རི་ཕྱི་སྲིད་དྲུང་ཆེ) ཧེན་ནེ་རེས་ ཁེས་སིན་འཇར་(ཨ་རི་དྲུང་ཆེ)་ནས་བསམ་པ་ལྟར་རིམ་བཞིན་འགྱུར་བ་འགྲོ་དགོས་ན་སྟོབས་ཆེན་རྒྱལ་ཁབ་ཚང་མས་སྒྲིག་འཛུགས་ནང་རང་ཉིད་ཀྱི་འཁྲུལ་གཞི་ཆེ་བའི་གནས་བབ་ལ་བཟོད་སྒོམ་བྱེད་དགོས། གང་ཡིན་ཟེར་ན་འགྱུར་ལྡོག་འབྱུང་བའི་རིམ་པའི་ནང་ཚང་མས་གནད་དོན་ཆེན་པོ་མེད་མདོག་སྟོན་པའི་འདོད་པ་ཡོད་དགོས། ཨ་རིའི་མོས་མཐུན་ཡོད་པའི་སྒོ་ནས་རྒྱ་ནག་གི་མངོན་འདོད་རྣམས་ངོས་འཛིན་བྱེད་རྒྱུ་དང་། རྒྱ་ནག་ཕྱོགས་ནས་ཨ་མེ་རི་ཀ་ད་ལྟ་འགོ་གཙོ་ཡིན་པར་འདོད་པ་པའི་གནས་བབས་དེ་མུ་མཐུད་གནས་རྒྱུར་ངོས་ལེན་བྱེད་དགོས། ཕྱོགས་གཉིས་ཀྱི་སོ་སོའི་གོ་བབ་ལ་གདོང་ཐུག་འགྲོ་གཞིའི་གནས་ཚུལ་མ་ཐོན་པའི་ཐོག་གཟབ་གཟབ་བྱེད་དགོས། འདི་འདྲ་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན། ཕྱོགས་གང་རུང་གིས་མངའ་ཁུལ་འདིའི་ལས་དོན་ཁ་ཤས་ཐོག་གསལ་ཁ་མེད་པའི་རང་བཞིན་ཅན་དུ་མུ་མཐུད་འཇོག་འདོད་ཡོད་པ་དེ་རྣམས་ཕྱོགས་གཞན་རྣམས་ཀྱིས་གསལ་བོར་བཟོ་འདོད་ཡོད་པས། པེ་ཅིང་གཞུང་དང་ཝ་ཞིན་ཌོན་གཞུང་གཉིས་ག་རེ་གནང་འདོད་ཡོད་མེད་ལ་མ་བལྟས་པར་ཕྱོགས་གཉིས་ནས་རང་ཉིད་ཀྱི་མི་མང་ལ་འཁྲུལ་གཞི་མེད་པར་ཨེ་ཤེ་ཡའི་མངའ་ཁུལ་དུ་རང་ཉིད་ཀྱི་གནས་བབ་ཤེས་རྟོགས་ཆེད་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་རེད།
དེ་བས་རིམ་འགྲོས་དང་ན་ཟུག་མེད་པའི་རང་བཞིན་ཅན་གྱི་འབྲེལ་བ་བརྟན་པོ་ཞིག་འཛུགས་པའི་འབད་རྩོལ་མི་བྱེད་པར། ཝ་ཞིན་ཀྲོན་དང་པེ་ཅིང་ཕྱོགས་གཉིས་ནས་འཚབ་འཚུབ་དང་ན་ཟུག་ཆེན་པོའི་རང་བཞིན་ཅན་གྱི་འགྲན་རྩོད་ཅིག་བྱེད་བཞིན་པ་འདི་ང་ཚོས་མཐོང་གསལ་རེད། གལ་སྲིད་ཨེ་ཤེ་ཡའི་མངའ་ཁུལ་གྱི་སྟོབས་ལྡན་རྒྱལ་ཁབ་རྣམས་ཉེན་ཚབས་དེ་ལས་གཡོལ་འདོད་ན། ཁོང་ཚོས་ངེས་པར་གདམ་ཀ་ཁག་པོ་རྣམས་ལ་གདོང་ལེན་བྱེད་པ་དང་དེའི་སྐོར་མི་མང་ལ་ངོ་སྤྲོད་ཀྱིས་མི་མང་གི་རྒྱབ་སྐྱོར་འཚོལ་དགོས།
གསལ་བཤད།
འདི་ནི་བསྒྱུར་རྩོམ་ཞིག་ཡིན་པ་ལས་གུས་པ་རང་ཉིད་ཀྱི་བསམ་ཚུལ་མིན། ལེའུ་སྔོན་མ་རྣམས་གུས་པ་སྒེར་གྱི་ཟིན་བྲིས་ནས་གཟིགས་ཐུབ་http://khabanagbo.com
ཡག་པོ་འདུག་་་ཡིན་འདི་ཙམ་ངལ་བ་བྱས་ནས་བསྒྱུར་ཚར་ཡོད་ན་རྗེས་མར་དེབ་གཟུགས་ཤིག་བསྐྲུན་ན་ཡག་པོ་ཡོད་རེད། ཁ་བརྡ་ཙམ་ལ་བཀོད་པ་དེས་ཐུགས་བློ་མ་ཚེམས་པར་་་དེབ་གཟུགས་གནང་ན་དགེ་་བོད་དང་། འབྲུག་ཡུལ་དང་། བལ་ཡུལ་དང་། བཙན་བྱོལ་ནང་དུའང་དེབ་ཉོ་མཁན་ཡོང་སྲིད། ནུབ་ཕྱོགས་མཐོ་སློབ་ཀྱི་དཔེ་མཛོད་ལའང་མཁོས་སྒྲུབ་སྲིད་པས་ཐུགས་ལ་འཇོག་པར་ཞུ།
ཁྱེད་ནུབ་ཕྱོགས་ཨོ་གླིང་བཞུགས་པ་དགེ་ཚན་ཆེ། དོན་མེད་དེང་སང་བོད་པ་ནང་འཁྲུགས་ཨོ་གླིང་ཡོད་འངུག་པས་དེ་ཚོ་ཕྱོགས་གང་ལ་ཐ་གཏོགས་མ་གནང་རོག། ཁྱེད་ཕྱག་ལས་འངི་ལ་ཡི་རང་ཡོད། བཀྲིས་བདེ་ལེགས་ཡོད།
རིང་དྲག་ནས་ཆ་ཚང་ཀློག་ཐུབ་མ་སོང་ཡང་གང་མཚམས་
ཤེས་སོང་དེབ་གཟུགས་ལ་བཀོད་ཐུབ་ན་དྲ་ནང་བཀོད་པ་
ལས་ཁྱབ་ཆེ་བ་ཡོང་ཐུབ།
ཧ་ཧ། ད་ཡིན་ན། ཁ་མཆུ་ཨང་༢༠ ། ཁ་ཁ་རོག་བསྡད་ན་ཁ་མཆུ་མེད། ཅེས་པ་ཆི་མ་བདེན་མ།
ཧ་ཧ། ད་ཡིན་ན། ཁ་མཆུ་ཨང་༢༠ ། ཁ་ཁ་རོག་བསྡད་ན་ཁ་མཆུ་མེད། ཅེས་པ་ཆི་མ་བདེན་མ། https://youtu.be/jCVNGtopHJU
ཨོ་བྷོ་མ་ནག་རིལ་འདིས་རྒྱ་གུང་ཁྲན་གི་སྒོར་མོ་ཟོས་ཡོད་ནོ་ཁོ་ཐག་རེད། ལོ་རྒྱུས་ཀྱིས་འགྲོ་བ་མིའི་རིགས་ལ་དམར་ཕྱོགས་གཅིག་སྡུད་སྒེར་གཅོད་རིང་ལུགས་རྣམས་སའི་གོ་ལའི་སྒང་ནས་རྩ་ཡལ་དུ་འགྲོ་རྒྱུ་ཡིན་པ་ར་སྤྲོད་བྱེད་ཀྱིན་ཡོད། ཨོ་བྷོ་མ་ནག་རིལ་གྱི་སེམས་ནང་གི་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་དེ་ད་ལྟ་ཉིན་རེ་བཞིན་འཆི་ལམ་དུ་སྙེག་གིན་འདུག ཨ་རི། ཁེ་ན་ཊ། ཡོ་རོབ། ཨོ་སི་ཐྲི་ལ། ཝི་ཐི་ནམ་སོགས་ལ་ལྟོས་དང་། རིང་པོ་མི་འགོར་བར་རྒྱ་ནག་དམར་པོ་ནི་དཔྱིད་ཁའི་ཁ་བ་ཉི་མས་ཞུ་ཞུ་བྱ་རྒྱུ་རེད། ཧ་ཧ། ཨོ་བྷོ་མ་ནག་རིལ།
https://www.youtube.com/watch?v=jCVNGtopHJU&t=65s