འབྲོག་འཆང་།
བསམ་བློའི་རང་དབང་དེ་འཚོལ་ཕྱིར།།
གཙང་བོའི་ཚུར་རོལ་ན་བཞུགས་པའི།།
རང་རིགས་སྤུན་ཟླ་ཡི་ཚོགས་ལ།།
དོན་དངོས་གནས་ཚུལ་ཞིག་བརྗོད་དོ།།
ལ་རྒྱའི་རིགས་ཞེན་སོགས་དགོངས་པས།།
དད་འདུན་སེམས་གཏིང་ལ་འཁྱིལ་ནས།།
སྙིང་སྟོབས་ང་ཡོད་དང་ཁྱོད་ཡོད།།
འཛེམས་མེད་ཡོད་ཚད་རྣམས་བློས་བཏང།།
རྒྱ་གར་འཕགས་མཆོག་གི་ཡུལ་ནས།།
ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད།།
སྤྱི་ནོར་༧མགོན་སྐྱབས་ལ་མཇལ་ནས།།
རང་དབང་བདེ་སྐྱིད་ཀྱིས་གནས་བཞུགས།།
དུས་ཡིན་གང་ཙམ་ཞིག་འགོར་རྗེས།།
ཕྱོགས་ཞེན་ཕྲག་དོག་གི་ལུང་ཚན།།
འདོད་རྔམས་ཧམ་སེམས་ཀྱི་མེ་སྟག།
ཕྱི་སྡོད་གང་སར་རང་ཁྱབ་འདུག །
དེང་སང་དངོས་ཡོད་ཀྱི་གནས་ཚུལ།།
ཁ་ནས་གང་བྱུང་དག་གླེང་ཡང།།
དོན་ལ་སྒེར་སེམས་ལས་མེད་པ།།
སྐྱོ་སྐྱོ་སེམས་པ་རང་སྐྱོ་བྱུང་།།
གནས་སྡོད་ཨོ་གླིང་གི་ཡུལ་ན།།
བོད་རིགས་མ་མང་ན་མི་ཉུང་།།
ཡོད་ཚད་དཔལ་འབྱོར་གྱི་ཆེད་དུ།།
སྔ་ལངས་ཕྱི་ཉལ་ལ་བྲེལ་འདུག །
བོད་དོན་ཁ་ནང་ན་ཡོད་རུང་།།
དོན་ཀྱིས་ཆོལ་ཁ་དང་ཆོས་ལུགས།།
འགྲན་སེམས་ཕྲག་དོག་གི་ཁྲོད་ནས།།
གཞན་དགའ་རང་སྡང་ལ་རྨོངས་འདུག །
རྒྱ་ཆའི་དགུ་བཅུ་དང་གོ་ལྔ།།
རིགས་ཞེན་དཔའ་རྒོད་ཀྱི་མཚན་བྱང་།།
ཆབ་སྲིད་བཙོན་གྲོལ་གྱི་མིང་འཛིན།།
མགོ་བདེ་དྲན་འཕྲུལ་ལས་མ་འདས།།
ཚིག་འགའ་ཕན་ཚུན་ལ་གླེང་ན།།
རླངས་འཁོར་རྫིག་པོ་དང་ཁང་པ།།
ཡོད་མདོག་ངོམ་སོ་རང་བྱེད་སྲོལ།།
རྒན་གཞོན་དབྱེ་འབྱེད་ཅིག་མེད་ཁུ།།
སྐྱག་ཕྱི་གཅིན་ཉར་གྱི་ལས་དང་།།
གང་དཀའ་གང་ངན་གྱི་རིགས་སོགས།།
ཉིན་མཚན་དབྱེར་མེད་ལ་བྲེལ་ན།།
ལུས་པོས་ཨེ་ནུས་རང་བསམ་བྱུང་།།
སོས་དལ་བག་ཕེབས་རང་མེད་པའི།།
རི་མགོའི་གཞི་བདག་དང་འདྲ་བ།།
འགྲོ་སོང་ཏོག་ཙམ་ཞིག་ཡོད་ན།།
མེད་རབས་མུག་རབས་ཀྱིས་ཁེངས་འདུག །
ལས་ཀའི་རང་ཁྱིམ་ལ་ཐོན་དུས།།
ཨ་ར་ཨ་རོ་རང་ཟེར་ནས།།
ཕར་ལོག་ཚུར་ལོག་ཅིག་བྱས་པས།།
ཁ་འཁྱགས་ངོ་སྡུག་ལས་མེད་དོ།།
བག་ཕེབས་ལོངས་སྤྱོད་ཅིག་མེད་ན།།
མིང་སྟོང་རྫིག་ཉམས་ཀྱིས་ཅི་བྱེད།།
སྒོར་མོ་ཁོ་ན་ཙམ་དམིགས་ན།།
མེ་ལྕེབ་ཕྱེ་ལེབ་ལས་མ་འདས།།
གཙོ་ཕལ་རིགས་རུས་ཀྱིས་དབྱེ་ནས།།
ཀུན་ཕན་མཐུན་འབྲེལ་ལ་རེམས་ཤིག།
རང་ནུས་ཅི་ལྕོགས་ཀྱིས་དམངས་དོན།།
མཉམ་ལས་ནུས་ཤུགས་ཤིག་སྤེལ་རོགས།།
ཨོ་གླིང་གི་ང་དང་ངའི་བོད་རིགས་ཀྱི་དངོས་བྱུང་འཚོ་བའི་བྱ་སྤྱོད་ཟུར་ཙམ་སྤྱི་ལོ་ ༢༠༡༨ ཟླ་ ༩ཚེས་ ༡༧ གྱི་སྔ་དྲོ་བྲིས་པའོ།