འབྲོག་འཆང་།
མི་ལུས་གྲུབ་པའི་མངལ་ཁྲག་སྐྲུན་མཁན་མ།།
བཅུད་དང་ནུས་པས་སྲོག་སྙིང་གསོ་མཁན་མ།།
བྱམས་དང་བརྩེ་བའི་བྱིན་གྱིས་རླབས་མཁན་མ།།
སྲིད་འདིར་གཞལ་ཐབས་བྲལ་བའི་དྲིན་ཆེན་མ།།
བྱམས་བྱམས་བརྩེ་བས་འོ་སྤྲི་གནང་མཁན་མ།།
དུང་དུང་ཡིད་ཀྱིས་གཅེས་པའི་བརྩེ་ལྡན་མ།།
སྐྱོང་སྐྱོང་ཉིན་མཚན་གཡེར་མེད་ཡིད་སྲུང་མ།།
སྲིད་འདིར་གཞལ་ཐབས་བྲལ་བའི་དྲིན་ཆེན་མ།།
ཚ་གྲང་མནར་གཅོད་སྡུག་བསྔལ་མྱོང་མཁན་མ།།
འགལ་རྐྱེན་བར་ཆད་མི་འབྱུང་རེ་སྨོན་མཁན།།
རང་ལས་གཅེས་སྲུང་གནང་བའི་གཏོང་ཕོད་མ།།
སྲིད་འདིར་གཞལ་ཐབས་བྲལ་བའི་དྲིན་ཆེན་མ།།
གཙང་བཙོག་འཛེམ་མེད་གཅིན་སྐྱག་ཉར་མཁན་མ།།
ཟས་གོས་གང་ལེགས་གལ་ཆེན་སེམས་མཁན་མ།།
ཡར་མར་གང་སོང་ཐུགས་སེམས་འཕྲེང་མཁན་མ།།
སྲིད་འདིར་གཞལ་ཐབས་བྲལ་བའི་དྲིན་ཆེན་མ།།
དགེ་འོ་དགེ་འོ་དམ་པའི་ལྷ་ཆོས་ཀྱིས།།
འདི་ཕྱི་ཀུན་ལ་བདེ་སྣང་མཆོག་སྩོལ་ནས།།
ཐར་བ་ཆེན་པོའི་གོ་འཕང་མྱུར་ཐོབ་པའི།།
མ་ཡུམ་ཀུན་གྱི་ལས་སྣང་དག་པར་ཤོག །
སྤྱི་ལོ་༢༠༡༩ཟླ་༠༥ཚེས་༡༢ཉིན་མ་ཡུམ་དུས་དྲན་གྱི་ཚུལ་དུ་བྲིས་པའོ།
༄༅། མཁས་ཤིང་གཞུང་དོན་རྟོགས་ཀྱང་ལག་ལེན་མེད།
རྒྱལ་བའི་དགོངས་དོན་རྟོགས་ཀྱང་ཚུལ་ཁྲིམས་མེད།
ཉམ་ལེན་ཚུལ་བཞིན་མེད་པ་ཡིད་རེ་སྐྱོ།
ཁས་བཤད་དོན་དུ་མ་གནས་ཡིད་རེ་སྐྱོ།
ཡིད་སྐྱོ་བའི་སྐད་ཆ་སུ་ལ་བཤད།
བཤད་ཀྱང་ཕན་པ་མེད་པ་ངག་ཁྱལ་རེད།