རྫ་ཚེ་རིང་བཀྲ་ཤིས།
དེ་རིང་གུས་པས་འདིར་ཨོ་གླིང་སིཌ་ནི་རུ་རྟེན་གཞི་གནང་བཞིན་པའི་རིག་པ་ཆོས་ཚོགས་ཀྱི་ཆོས་གྲོགས་རྣམ་པར་སེམས་ཚོར་ཆེན་པོས་ཞུ་དོན། དེ་ཡང་བསོད་རྒྱལ་རིན་པོ་ཆེ་སྐུ་གཤེགས་པ་འདི་རིག་པ་ཆོས་ཚོགས་ཀྱི་སློབ་མ་རྣམས་དང་སྔ་འགྱུར་རྙིང་མ་པ་ཙམ་མ་ཟད་། བོད་བརྒྱུད་ནང་བསྟན་སྤྱིའི་གྱོང་གུད་ཅིག་ཆེན་པོ་ཞིག་ཏུ་གྱུར་ཡོད། རིན་པོ་ཆེ་ནི་ཆུང་དུས་ནས་གཏེར་ཆེན་ལས་རབ་གླིང་པའི་ཡང་སྲིད་དུ་ངོས་འཛིན་ཞུས་ཤིང་། དེ་དང་མཉམ་དུ་རྫོང་སར་མཁྱེན་རྩེ་ཆོས་ཀྱི་བློ་གྲོས་ཀྱིས་དབུས་པའི་སྐྱེས་ཆེན་དམ་པ་མང་པོའི་ལུ་གུ་ལག་སྐྱེས་ཀྱི་ཚུར་དུ་བསྐྱངས་ནས་འཚར་ལོངས་བྱུང་བ་ཞིག་རེད། རྒྱུ་མཚན་དེའི་དབང་གི་ཁོང་ཉིད་རིམ་པས་འཛམ་གླིང་ནང་བསྟན་གྱི་ཁྱབ་ཁོངས་སུ་རྒྱལ་སྤྱིའི་རང་བཞིན་གྱི་ནང་པའི་མི་སྣ་ཞིག་ཏུ་གྱུར་ཟིན་པར་མ་ཟད། སའི་གོ་ལ་ཧྲིལ་པོའི་རིག་པ་ཆོས་ཚོགས་ཀྱི་སློབ་མ་ཁྲི་སྟོང་མང་པོའི་བསམ་བློའི་སྣེ་ཁྲིད་དུའང་གྱུར་པ་རེད།
ཕྱོགས་གཞན་ཞིག་ནས་འཛམ་གླིང་གི་སྒང་འདིའི་ལེགས་འགྲུབ་བྱུང་བའི་སྐྱེ་བོ་གཞན་དག་ཚོ་དང་འདྲ་བར་བསོད་རྒྱལ་རིན་པོ་ཆེའི་བསྟན་འགྲོའི་དོན་ཆེན་མཛད་པའི་བརྒྱུད་རིམ་ཁྲོད་དུ་བར་ཆད་ཀྱང་འགའ་རེ་འཕྲད་མྱོང་མོད། གང་ལྟར་མི་ཚང་མའི་སེམས་ནང་དུ་རིན་པོ་ཆེ་ཁོང་ཉིད་སྔར་མུས་བཞིན་དུས་རབས་ཉི་ཤུ་པའི་མཇུག་གི་བོད་བརྒྱུད་ནང་བསྟན་ནུབ་ཕྱོགས་སུ་འདྲེན་མཁན་གྱི་དབུ་ཁྲིད་གལ་པོ་ཆེ་ཞིག་ཏུ་གནས་བཞིན་ཡོད། དེ་བས་ཀྱང་《བོད་ཀྱི་སྐྱེ་བ་དང་འཆི་བའི་རྣམ་བཞག་གི་དེབ་》ཅེས་པའི་རྩོམ་མོ་ཆེ་དེ་ནི་སྐྱེ་བོ་ཧ་ཅང་མང་པོ་ཞིག་གི་སྐྱེ་འཆི་ལ་གདོང་གཏོད་བྱེད་ཀྱི་འོད་སྣང་དུ་གྱུར་པ་དང་། སྐྱེ་བོ་དེ་ལས་མང་བ་ཞིག་གིས་སྟོན་པ་བཀའ་དྲིན་ཅན་གྱི་ཞབས་རྗེས་བསྙེགས་པའི་བདག་རྐྱེན་དུའང་གྱུར་ཡོད། ལོ་བཅུའི་ཡར་སྔོན་ཞིག་ལ། རྒྱ་གར་ལྡི་ལི་སར་པའི་མེ་འཁོར་ཞིག་གི་ནང་ནས་གུས་པ་རྒྱ་གར་བ་མི་དཀྱུས་མ་ཞིག་དང་ཐུག་པ་ཡིན། སྐབས་དེར་མི་དེས་ང་ལ་ཁོང་སྒེར་གྱི་མི་ཚེ་དང་འབྲེལ་བའི་གཏམ་རྒྱུད་ཅིག་བཤད་མྱོང་། ཁོས་ཟེར་ན། མ་གཞི་ང་རང་ཉིད་རྒྱ་གར་གྱི་མི་ཕལ་མོ་ཆེ་དང་འདྲ་བར་རྒྱ་གར་ཆོས་ལུགས་ལ་ཟོལ་མེད་ཀྱི་དད་གུས་བྱེད་མཁན་གྱི་ཧིན་དྷུ་བ་ཞིག་ཡིན་ན་ཡང་། 《བོད་ཀྱི་སྐྱེ་བ་དང་འཆི་བའི་རྣམ་བཞག་གི་དེབ》དང་མཇལ་བའི་དབང་གིས་ངའི་བསམ་ཕྱོགས་ལ་རྦད་དེ་འགྱུར་བ་ཐེབས་སོང་། དེ་ནས་བཟུང་ང་ནང་པའི་རྗེས་འཇུག་ཅིག་ཏུ་གྱུར་ཅིང་། ད་ལྟ་ང་ནི་དད་གུས་ཆེན་པོས་སངས་རྒྱས་ལ་གསོལ་བ་འདེབས་པའི་དགེ་བསྙེན་ཞིག་ཡིན་ཟེར།
དེ་རྗེས་སླར་ཡང་ཁོ་བོ་ཤར་ནུབ་ཀྱི་རྒྱལ་ཁབ་འདྲ་མིན་དུ་ཕྱིན་པའི་སྐབས་སུ་ཁོང་དང་ཉམས་མྱོང་ཆ་འདྲ་ཡོད་པའི་མི་མང་པོ་ཞིག་དང་ཐུག་མྱོང་། ཁོང་ཚོ་ལ་གཅིག་མཚུངས་ཀྱི་ཉམས་མྱོང་གི་བརྒྱུད་རིམ་ཡོད་པར་མ་ཟད། དེབ་འདིས་ཁོང་ཚོ་ལ་གཅིག་མཚུངས་ཀྱི་བློ་སྒོ་ཕྱེས་འདུག མ་ཟད་ག་ལེ་ག་ལེར་ཁོང་ཚོ་ཕལ་མོ་ཆེ་《བོད་ཀྱི་སྐྱེ་བ་དང་འཆི་བའི་རྣམ་བཞག་གི་དེབ་》ཀྱི་དགོངས་དོན་དང་ལེན་བྱེད་མཁན་གྱི་ནང་པའི་རྗེས་འཇུག་ཟོལ་མེད་ཅིག་ཏུ་གྱུར་འདུག
ལྟོས་ས་ལྟོས་འཇོག་གིས་བཤད་ན། ང་སྒེར་ངོས་ནས་ཆ་རྒྱུས་མི་དམན་པ་ཡོད་པའི་རྒྱའི་སྤྱི་ཚོགས་ཀྱི་རྒྱ་རིགས་ཚོར་མཚོན་ན་ཡང་དེ་འདྲ་རེད། ཁོང་ཚོ་མང་པོ་ཞིག་ནང་པའི་ཆོས་ལ་དངོས་སུ་དད་མོས་ཞུ་མཁན་ཡིན་མིན་ལ་མ་ལྟོས་པར་དཔེ་དེབ་ཀློག་རྒྱུར་དགའ་མཁན་གྱི་དཔེ་ཆ་བ་ཞིག་ཡིན་ན་བསོད་རྒྱལ་རིན་པོ་ཆེའི་དེབ་འདི་གོ་མ་མྱོང་མཁན་ཞིག་ཧ་ལམ་མེད་པ་ལྟ་བུ་ཞིག་རེད། ཚད་མ་འདྲ་བའི་ཐོག་ནས་དེབ་འདིས་རྒྱ་རིགས་འདི་དག་གི་འཚོ་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ངའི་བསམ་ན་ཁྱེད་ཚོའི་ནང་གི་མང་པོ་ཞིག་ཀྱང་ཁོང་ཚོ་དང་གཅིག་མཚུངས་ཡིན་པའི་ཡིད་ཆེས་ཡོད།
མ་གཞི་ད་ལྟ་ནང་ཆོས་དང་འབྲེལ་བའི་དེབ་མང་པོ་ཞིག་རྒྱུན་ཆད་མེད་པར་དབྱིན་ཡིག་སོགས་ཀྱི་ཐོག་ཏུ་བསྒྱུར་བཞིན་ཡོད་སྟབས། ཡིག་རིགས་གཞན་དག་གི་ཐོག་ནས་ཀྱང་ནང་ཆོས་དང་འབྲེལ་བ་ཡོད་པའི་དཔེ་དེབ་མི་ཉུང་བ་ཞིག་རག་གི་རེད། ཡིན་ན་ཡང་དེབ་དེ་ཚོ་མང་ཆེ་བ་གཞུང་ལུགས་དང་འབྲེལ་བའི་དཔྱད་གླེང་དང་སྤྱིར་བཏང་གི་ཤེས་བྱ་ངོ་སྤྲོད་ཀྱི་རིགས་རེད། ཡིན་ན་ཡང་། རིན་པོ་ཆེས་མཛད་པའི་《བོད་ཀྱི་སྐྱེ་བ་དང་འཆི་བའི་རྣམ་བཞག་གི་དེབ་》ནི་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད།
དེ་ཡང་《བོད་ཀྱི་སྐྱེ་བ་དང་འཆི་བའི་རྣམ་བཞག་གི་དེབ་》ཀྱིས་ཚེ་སྲོག་གི་ཆེས་གནད་འགག་གི་གལ་མདོ་གཉིས་ཏེ། སྐྱེ་བ་དང་འཆི་བ་གཉིས་ནས་མགོ་བཙུགས་ཏེ་བརྗོད་གཞི་ཆེན་པོ་འདིའི་གླེང་བསླངས་གནང་ཡོད། དེ་ལས་ཀྱང་གླེང་བར་འོས་པ་ཞིག་ནི་རྩ་བའི་བླ་མ་རྣམ་པའི་མན་ངག་འབོར་ཆེན་དང་ཉམས་ལེན་གྱི་ཉམས་མྱོང་དངོས་ཀྱིས་བརྗོད་དོན་ལ་རྒྱུན་མི་འཆད་པར་བདེན་དཔང་བྱས་ཡོད་པས་དེབ་འདི་ལ་སེམས་པ་གཡོ་འགུལ་གཏོང་ངེས་ཀྱི་ཚིག་དོན་དང་། རྩ་བ་དང་བརྒྱུད་པའི་བླ་མ་རྣམ་པའི་ཞལ་ལུང་ལས་བྱུང་བའི་ཤེས་རབ་ཀྱི་དགོངས་དོན་ཟུང་གིས་མགོ་མཇུག་བར་གསུམ་ཚང་མ་ཕྱུར་བུར་བསྟམས་ཡོད་པ་སྟེ། འདི་ནི་རྒྱུ་མཚན་ཅིའི་ཕྱིར་རིན་པོ་ཆེའི་དེབ་འདིས་འཛམ་གླིང་ཧྲིལ་པོར་གཡོ་འགུལ་བཏང་བ་དང་། ད་དུང་ཡང་མི་རྣམས་ཀྱི་ཚེ་སྲོག་གི་བདུད་རྩི་ཞིག་ཏུ་འགྱུར་བཞིན་ཡོད་པའི་རྒྱུ་མཚན་ལྟེ་བ་བྱིན་རླབས་ཀྱི་བདེན་སྟོབས་མཐར་ཐུག་ས་དེ་རེད་སྙམ། འདི་ནི་ངའི་བསམ་ཚུལ་ཡིན།
ཡང་གཅིག་བཤད་ན། རིན་པོ་ཆེའི་དེབ་འདི་ནི་རྒྱུས་མེད་ཀྱི་ཁོར་ཡུག་གསར་པའི་ནང་དུ་བོད་ཀྱི་རིག་གནས་དང་ཡང་ན་ནང་ཆོས་ངོ་སྤྲོད་བྱས་པའི་རྒྱུན་ཤེས་ཀྱི་དེབ་ཙམ་ཞིག་མ་རེད་ལ། ཚོང་ལས་ཀྱི་དམིགས་ཡུལ་ཁུར་ནས་ཡོང་ཞིང་། ཁྱབ་བསྒྲགས་ཀྱི་ཕྱི་ཐུམ་འོག་ནས་དུས་ཐུང་ནང་སྐད་གྲགས་སོང་བའི་ལམ་འགྲོ་རྒྱུག་པའི་བྲིན་རྩོམ་ཞིག་ཀྱང་མ་རེད། དེ་ལས་ལྡོག་སྟེ། ཤེས་རབ་དང་དངོས་ཡོད་ཀྱི་ཉམས་ལེན་གྱི་ནང་དོན་ཟབ་པའི་འཚོ་བའི་ལམ་སྟོན་དང་མི་ཚེའི་ཉམས་ལེན་གྱི་མན་ངག་ཁོ་ན་ཞིག་རེད།
ད་ཆ་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་ཟིན་པའི་ཚུལ་བསྟན་ཟིན་པ་རེད་ལ། ད་ནས་ཁོང་གི་གཟུགས་ཀྱི་སྐུ་དེ་ང་ཚོའི་གཡས་གཡོན་དུ་མེད་པ་རེད། ཡིན་ན་ཡང་། བྱང་ཆུབ་སེམས་དཔའི་ཤེས་རབ་དང་བྱམས་བརྩེ་ནི་ནམ་ཡང་སློབ་མ་དག་གི་ཟོལ་མེད་མོས་གུས་ཀྱི་དྲན་ཡུལ་ན་གནས་ཀྱི་ཡོད་པ་རེད།
དེ་ཡང་ང་ལ་མཚོན་ན། བོད་ཁམས་ཁུལ་རྫ་ཆུ་ཁར་སྐྱེས་པའི་མི་ཞིག་ཡིན། རྫ་ཆུ་ཁ་པ་ཟེར་ས་དེ་ནི་རྫ་དཔལ་སྤྲུལ་རིན་པོ་ཆེ་དང་འཇུ་མི་ཕམ་པ་སོགས་ཀྱིས་བྱིན་གྱིས་རླབས་པའི་ཡུལ་གྲུ་ཞིག་རེད། རྣམ་པ་ཚོས་མཁྱེན་གསལ་ལྟར། སྐྱེས་བུ་དམ་པ་ཁོང་རྣམ་པ་ནི་བོད་ཀྱི་ནང་ཆོས་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཆེས་དམིགས་བསལ་ཅན་གྱི་མི་སྣ་ཤ་སྟག་ཡིན་ཞིང་། རྫ་ཆུ་ནི་ཁོང་རྣམ་པའི་འཁྲུངས་ཡུལ་རེད། ང་ཚོའི་ས་གནས་དེར་ཆོས་ཀྱི་ཚིགས་བཅད་རེ་རེ་དང་གཟུངས་སྔགས་ཀྱི་ཡིག་འབྲུ་རེ་རེ་བཞིན་བྱས་ནས་རྡོ་ངོར་བརྐོས་ཤིང་། དེ་དག་ཕྱོགས་གཅིག་ཏུ་རྩིག་པ་བཞིན་བརྩིགས་པའི་མ་ཎིའི་རྡོ་འབུམ་ཤིན་ཏུ་རིང་པོ་ཞིག་ཡོད་པ་རེད། དེ་ནི་ད་ཆ་འཛམ་གླིང་འདིའི་ཐོག་གི་མ་ནིའི་རྡོ་མཁར་རིང་ཤོས་དེ་ཡིན་པ་རེད། མ་ཎིའི་རྡོ་མཁར་དེའི་རྨང་གཞི་དེ་དཔལ་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དང་པོས་བཞེངས་མགོ་ཚུགས་ཤིང་། དེ་ནས་ཀུན་བཟང་བླ་མའི་ཞལ་ལུང་མཛད་གནང་མཁན་རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་སྐུ་དངོས་ཀྱིས་ཐུགས་འགན་བཞེས་ཏེ་རྡོ་འབུམ་ཆེན་མོ་བཞེངས་སྐྲུན་གྱི་ལས་གཞི་དེ་མཇུག་སྐྱེལ་གནང་བ་ཞིག་རེད། ད་ཆ་་རྡོ་འབུམ་འདི་ནི་གྲགས་པ་དཔལ་དུ་འབར་བའི་ཤུལ་བཞག་གི་རིག་དངོས་ཤིག་དང་། ངོ་མཚར་དང་བྱིན་རླབས་ཀྱི་གན་མཛོད་དུ་གྱུར་པའི་དཀོན་མཆོག་གི་རྟེན་ཞིག་ཏུ་ལྷམ་མེར་བཞུགས་ཡོད།
དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་དུ་འཁོད་པ་ལྟར་ན། ཁོང་སྐུ་མ་འདས་པའི་ཡར་སྔོན་དུ་ཁོང་གིས་སློབ་མ་ཚོར། མ་འོངས་པར་ང་མེད་པར་གྱུར་པའི་སྐབས་སུ་རྡོ་འབུམ་རིན་པོ་ཆེ་འདི་ཁྱེད་ཚོའི་སྐྱབས་བཅོལ་ས་བྱོས། ཁྱེད་ཚོས་རྡོ་འབུམ་འདི་ངའི་རྒྱལ་ཚབ་ཏུ་ངོས་འཛིན་བྱ་དགོས་་ཞེས་བཀའ་མངགས་གནང་བ་ཞིག་རེད།
ཚུལ་དེ་དང་འདྲ་བར།《བོད་ཀྱི་སྐྱེ་བ་དང་འཆི་བའི་རྣམ་བཞག་གི་དེབ་》འདིས་ཀྱང་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་སུ་འགྲོ་བ་མང་པོ་ཞིག་ལ་ཇི་ལྟར་ཕན་བཏགས་པ་ནང་བཞིན། ཁོང་ཉིད་ང་ཚོ་དང་ཞལ་གྱེས་ཟིན་པའི་མ་འོངས་པའི་ལོ་ཟླའི་ནང་དུའང་དེབ་འདི་ཁོ་ན་རིན་པོ་ཆེའི་དོན་དམ་པའི་རྒྱལ་ཚབ་ཏུ་འགྱུར་ངེས་རེད།
དེ་ཡང་འདས་པའི་མི་ལོ་དྲུག་ཅུ་ཡས་མས་ཀྱི་རིང་འདིར། བོད་བརྒྱུད་ནང་བསྟན་དེ་ཉིད་རིམ་གྱིས་ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་དར་མགོ་ཚུགས་ཡོད་ལ། ༧གོང་ས་ཡིད་བཞིན་ནོར་བུས་དབུས་པའི་སྐྱེས་བུ་དམ་པ་མང་པོ་ཞིག་གིས་བསྟན་པ་དང་འགྲོ་དོན་གྱི་ཕྲིན་ལས་ཐད་གསུབ་ཐབས་བྲལ་བའི་མཛད་རྗེས་རླབས་ཆེན་བཞག་ཡོད་པ་ནང་བཞིན། བསོད་རྒྱལ་རིན་པོ་ཆེ་དམ་པ་གང་གི་ཐུགས་བསྐྱེད་དང་དངོས་ཡོད་ཀྱི་མཛད་རྗེས་དེ་ཚོའང་ནུབ་ཕྱོགས་ཀྱི་ནང་པའི་རྗེས་འཇུག་དག་གིས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་བླ་མ་སྐྱེས་བུ་དམ་པ་ཚོ་ངོ་ཤེས་པར་ཟམ་སྟེགས་ལྟ་བུའི་ནུས་པ་ཐོན་ཡོད།
དཔེར་ན་གུས་པའི་རྩ་བའི་བླ་མ་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དང་། ཨ་རིག་མཁན་ཆེན་པདྨ་ཚེ་དབང་ལྟ་བུར་མཚོན་ན། ཁོང་རྣམ་པ་ནུབ་ཕྱོགས་རྒྱལ་ཁག་ཏུ་བསྟན་འགྲོའི་དོན་དུ་ཕེབས་སྐབས་རེ་རེ་བཞིན་བསོད་རྒྱལ་རིན་པོ་ཆེ་མཆོག་སྐུ་དངོས་ཀྱི་གདན་ཞུས་དང་སྣེ་ལེན་གྱི་གོ་སྒྲིག་གནང་བའི་རྒྱུ་མཚན་གྱིས་ནུབ་ཕྱོགས་ཀྱི་སློབ་མ་ཁྱེད་ཚོ་དང་བླ་མ་སྐྱེས་བུ་དམ་པ་ཁོང་ཚོའི་བར་དུ་ཁྱད་དུ་འཕགས་པའི་ཆོས་ཀྱི་འབྲེལ་བ་དེ་འདྲ་ཞིག་འཇོག་ཐུབ་པ་བྱུང་བ་རེད།
མདོར་ན་ཁྱེད་ཚོ་ནུབ་ཕྱོགས་པའི་བོད་བརྒྱུད་ནང་པའི་རྗེས་འཇུག་མང་པོ་ཞིག་ལ་མཚོན་ན་རིན་པོ་ཆེའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་རླབས་ཆེན་གྱི་སྐྱེས་བུ་མང་པོ་ཞིག་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་བྱུང་པ་རེད་ལ། རྒྱུ་མཚན་འདི་ཁོ་ནའི་ངོས་ནས་ཀྱང་། ང་ཚོས་དུས་དང་གནས་སྐབས་ཐམས་ཅད་དུ་རིན་པོ་ཆེའི་བཀའ་དྲིན་སེམས་སུ་ཉར་དགོས་པ་ཞིག་ཆགས་ཡོད།
དེ་ཡང་བསོད་རྒྱལ་རིན་པོ་ཆེ་ནི་རང་ཉིད་ཀྱི་ཆོས་བརྒྱུད་ལ་མཛད་རྗེས་ཆེན་པོ་ཡོད་པ་ཙམ་ཞིག་མ་ཡིན་པར་ཆོས་བརྒྱུད་གཞན་ལའང་བཀའ་དྲིན་ཆེན་པོ་ཡིན། མ་གཞི་ནས་རིན་པོ་ཆེ་ཁོང་ཉིད་རིས་མེད་བསྟན་པའི་མངའ་བདག་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་རྗེས་འཇུག་ཅིག་ཡིན་པའི་ངོས་ནས། ཁོང་གིས་བོད་གངས་ཅན་གྱི་ཆོས་བརྒྱུད་གཞན་དག་ཚང་མ་ལ་བཅོས་མ་མིན་པའི་དད་མོས་དང་གུས་བཀུར་ཞུ་བཞིན་ཡོད། དེ་དང་མཉམ་དུ་རིན་པོ་ཆེས་ཆོས་བརྒྱུད་གཞན་གྱི་དགེ་བའི་བཤེས་གཉེན་དག་གི་བསྟན་འགྲོའི་དོན་མཛད་རྒྱུར་ཡང་གཞོགས་འདེགས་དང་ཞབས་ཞུ་མང་པོ་ཞུས་པའི་ཐོག་ནས་དགེ་བའི་བཤེས་གཉེན་མང་པོས་ནུབ་ཕྱོགས་ལུང་པར་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤེལ་བའི་སྣེ་ཤན་གནང་ཡོད། མདོར་ན། རིན་པོ་ཆེ་ནི་ནང་བསྟན་ནུབ་ཕྱོགས་ཀྱི་འཇིག་རྟེན་དུ་འདྲེན་པའི་ཕོ་ཉ་བ་གལ་བོ་ཆེ་ཞིག་ཡིན།
དེ་ནང་བཞིན། རིན་པོ་ཆེ་ཁོང་གིས་རང་ཉིད་ཀྱི་བླ་མ་རྣམ་པར་བཅང་བའི་དད་པ་དང་། ཆོས་བརྒྱུད་རིས་མེད་ཀྱི་ཕྱོགས་ལ་འཛིན་པའི་དག་སྣང་ནི་ཧ་ལས་དགོས་པ་ཞིག་ཡོད་པ་རེད་འདུག །ང་ཚོས་མཐོང་དུ་ཡོད་པའི་གོང་དུ་བརྗོད་ཟིན་པའི་ཁྱད་ཆོས་དེ་དག་གི་ངོས་ནས་ཡིན་ནའང་འདྲ། རིན་པོ་ཆེས་སྐུ་ཚེ་གང་པོར་སངས་རྒྱས་ཀྱི་བསྟན་པ་སྤེལ་གནང་མཛད་པའི་གྲུབ་འབྲས་ཀྱི་ངོས་ནས་ཡིན་ནའང་འདྲ། འདི་དག་ཚང་མ་ང་ཚོ་མི་རེ་ངོ་རེ་ནས་ཆོས་ཀྱི་ཉམས་ལེན་དང་གཞན་དོན་གྱི་བྱ་བའི་ཐོག་ཏུ་སྔར་ལས་ལྷག་པའི་སྒོ་ནས་བློ་གཅིག་སེམས་གཅིག་གིས་འབད་པ་བྱེད་འོས་པའི་རྒྱུ་མཚན་དུ་འཛིན་འོས་ཏེ། མདོར་ན་རིན་པོ་ཆེ་ནི་ང་ཚོའི་མིག་དཔེ་རེད།
དེ་ཡང་བསོད་རྒྱལ་རིན་པོ་ཆེ་ནི་གཏེར་ཆེན་ལས་རབ་གླིང་པའི་ཕྲིན་ལས་ཀྱི་རྣམ་པར་འཕྲུལ་པ་ཞིག་ཏུ་གྲགས་པ་ལྟར། ཁོང་གིས་སངས་རྒྱས་ཀྱི་བསྟན་པ་ལ་གནང་བའི་མཛད་པ་འདི་དག་གིས་འདིའི་ཐད་མཐུས་སྒོ་ཚང་བའི་བདེན་དཔང་བྱས་པ་ཞིག་ཏུ་ངོས་འཛིན་ཞུ་ཐུབ།
དེ་དང་ཆབས་གཅིག མ་འོངས་པའི་ཆ་ལ་ཡང་རྒྱལ་སྤྱིའི་ཁྱོན་གྱི་རིག་པ་ཆོས་ཚོགས་ཀྱི་འདུས་སྡེ་ཡོངས་ཀྱིས་ཕན་ཚུན་སེམས་ཤུགས་དང་ནུས་པ་གཅིག་ཏུ་བསྒྲིལ་ནས་རིན་པོ་ཆེའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་རྗེས་སུ་བསྙེགས་ཏེ་བསྟན་པ་དང་འགྲོ་བའི་དོན་ལ་ཕྱག་ལས་སྔར་ལས་མང་བ་གནང་ངེས་ཡིན་པའི་ཡིད་ཆེས་ཡོད།
མི་ཉུང་ཤས་ཞིག་གི་ངོས་ནས་བསམ་ན། ཅིག་བྱས་ན་རིན་པོ་ཆེ་འཇིག་རྟེན་འདིར་དངོས་སུ་ཞལ་བཞུགས་པའི་སྐབས་སུ་རང་ཉིད་ཀྱིས་རང་གི་བླ་མ་ལ་འཛིན་པའི་དགོས་ངེས་ཀྱི་འདུ་ཤེས་གསལ་པོ་མ་ཆགས་པ་དང་། མཚན་ཉིད་ལྡན་པའི་བླ་མ་ཞིག་དང་འཕྲད་པར་སེམས་ཐོག་ནས་རྩ་ཆེན་པོ་ག་ཚད་ཅིག་རྩི་དགོས་པར་གོ་བ་གཏིང་ཟབ་མ་སྐྱེས་པ་དང་། ཡང་ཤ་ཁྲག་གི་རྣམ་པར་ཡོད་པའི་ཕྱིའི་བླ་མ་ལ་བརྟེན་པའི་འདུ་ཤེས་ཤུགས་ཆེ་དྲགས་པའི་དད་ལྡན་པ་གང་ཡིན་ཡང་། རིན་པོ་ཆེ་འཇིག་རྟེན་འདིར་ཞལ་གྱེས་པའི་ཚུལ་བསྟན་པ་འདི་ཁྱེད་ཚོ་ཚང་མའི་ངོས་ནས་བླ་མའི་རྣལ་འབྱོར་ལ་སྦྱོང་བརྡར་བྱེད་པའི་གསང་བརྡ་ཞིག་ཏུ་འགྱུར་འོས་ཤིང་། གསང་བརྡ་འདི་རང་ཉིད་ནང་སེམས་ཀྱི་བླ་མ་དང་བར་ཐག་སྔར་ལས་ཉེ་རུ་གཏོང་རྒྱུའི་ཕྱོགས་སུ་བེད་སྤྱོད་གཏོང་དགོས།
ཉིན་འདི་གའི་རིང་། ངས་སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཁག་བརྒྱུད་ནས་བོད་དང་རྒྱ་གར། འབྲུག་དང་བལ་ཡུལ་སོགས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་གྱི་རྒྱབ་ལྗོངས་ཡོད་པའི་དགོན་པ་དང་། བླ་མ་སྐྱེས་བུ་དམ་པ། དགེ་དུན་པ། གསར་འགྱུར་བརྒྱུད་ལམ་སོགས་ཀྱིས་བསོད་རྒྱལ་རིན་པོ་ཆེ་སྐུ་གཤེགས་པ་དང་འབྲེལ་བའི་གསར་གནས་ལ་ཚད་མཐོའི་དོ་སྣང་བྱེད་བཞིན་ཡོད་པ་མཇལ་བྱུང་། དགོན་པ་མང་པོ་ཞིག་གིས་ཆེད་དུ་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་གྱི་ལས་རིམ་རྒྱ་ཆེ་ཆུང་མི་འདྲ་བ་སྣ་མ་སྣ་ཚོགས་ཤིག་གོ་སྒྲིག་ཞུ་ཞིང་འདུག །འདིས་ཀྱང་རིན་པོ་ཆེ་ཉིད་བོད་མི་དང་བོད་བརྒྱུད་ནང་བསྟན་རྗེས་འཇུག་པའི་སེམས་ནང་དུ་གནས་པའི་གོ་གནས་ལ་བདེན་དཔང་བྱས་པ་ཞིག་ཆགས་ཡོད། རིན་པོ་ཆེའི་སྐུ་ཚེ་གང་བོར་གནང་བའི་ནང་བསྟན་དར་སྤེལ། རིག་གནས་སྤེལ་རེས། འགྲོ་དོན་ཕྲིན་ལས་དེ་ཚོ་ཚང་མ་རིན་པོ་ཆེ་ཉིད་བོད་པ་ཚོའི་སེམས་ནང་དུ་མི་བརྗེད་པར་གནས་པའི་རྒྱུ་མཚན་ཏེ། འདི་ནི་ཐེ་ཚོམ་མི་དགོས་པ་ཞིག་རེད།
སྤྱི་ལོ་༢༠༡༦ ལོར་ང་སིད་ནི་ལ་འབྱོར་ཙམ་ཡིན་ཞིང་། སྐབས་དེར་ངོ་ཤེས་ས་དང་གནམ་མ་གཏོགས་མེད། ཡིན་ན་ཡང་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེས་ཆེད་དུ་བསོད་རྒྱལ་རིན་པར་ཞལ་པར་གྱི་ལམ་ནས་རྫ་ཚེ་རིང་བཀྲ་ཤིས་ད་ལྟ་ཨོ་གླིང་སིད་ནི་སུ་བསྡད་ཡོད་པས་ཁོ་ལ་རོགས་དན་དགོས་པ་འདྲ་འདུག་ན་ཁྱེད་རྣམ་པའི་ས་གནས་དེ་ཀའི་ཆོས་ཚོགས་ཀྱི་ངོས་ནས་རོགས་པ་རེ་གང་ཐུབ་གནང་རོགས་ཞེས་ཞུས་པ་ལྟར་བསོད་རྒྱལ་རིན་པོ་ཆེས་ཀྱང་ཆེད་དུ་ཁྱེད་རྣམ་པར་དེའི་སྐོར་ལ་བཀའ་མངགས་གནང་འདུག །ལོ་དེའི་དབྱར་ངོས་སུ་གུས་པས་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ཆེན་མོ་སིཌ་ནིའི་བྷི་ཝཱའི་ས་ཁུལ་དུ་འཚོགས་པའི་སྐབས་སུ་ཁྱེད་རྣམ་པས་ང་ལ་རྒྱབ་སྐྱོར་གནང་ཡོད་པར་མ་ཟད། དེ་ཀའི་ཆོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་ངའི་ལས་འགུལ་དེར་མཉམ་ཞུགས་གནང་ཆེད་ཕེབས་ཡོད། ཅིག་བྱས་ན་ཁྱེད་རྣམ་པས་ཀྱང་དོན་དག་དེ་དྲན་སོས་ཀྱི་ཡོད་སྲིད།
ངས་མི་ཚེ་འདིར་རིན་པོ་ཆེ་དང་ཐོག་མར་མཇལ་བ་དེ་རྒྱ་གར་བྱང་ཕྱོགས་སུ་ཆགས་པའི་དཔལ་རྫོང་སར་བཤད་གྲྭའི་ནང་རེད། སྐབས་དེར་ཁོང་བྷིར་ས་གནས་སུ་ཕེབས་པ་དང་བསྟུན་ནས་བཤད་གྲྭས་གདན་ཞུས་གསོལ་འདེབས་ལྟར་འདུས་མང་ལ་བཀའ་སློབ་གཏམ་བཤད་གནང་བར་མཉན་པ་ཡིན། ཐེངས་གཉིས་པ་དེ་ནི་ལོ་གཉིས་ཀྱི་ཡར་སྔོན་དུ་རིན་པོ་ཆེ་ས་ཁུལ་འདིར་ཕེབས་པའི་སྐབས་སུ་རེད། ལར་ནས་ངའི་མི་ཚེ་འདིར་ཁོང་དང་དམིགས་བསལ་འབྲེལ་འདྲིས་ཆེན་པོ་དེ་འདྲ་གང་ཡང་མེད་ན་ཡང་ཁོང་གི་བཀའ་སློབ་དང་གསུང་བཤད་ཀྱིས་ང་ལ་བག་ཆགས་གཏིང་ཟབ་འཇོག་མྱོང་ཡོད་ལ། ཁོང་བསྟན་པ་སྤྱི་ལ་བཀའ་དྲིན་ཆེན་པོ་ཡིན་པ་དེར་ངོས་འཛིན་ཁ་གསལ་ཡོད།
དུས་ཚོད་ནི་ཧ་ཅང་མགྱོགས་དྲགས་པ་ཞིག་རེད། ང་ཡང་ས་ཆ་འདིར་བསླེབས་ནས་ལོ་བཞི་ཟིན་ལ་ཉེ། རིན་པོ་ཆེ་ཡང་ང་ཚོ་དང་ཞལ་གྱེས་གནང་ཟིན་པ་རེད། དེ་ཚང་མ་མི་རྟག་པའི་ཆོས་ཉིད་རེད། ཡིན་ན་ཡང་། གང་ལྟར་ད་ལྟ་ང་ཚོ་ནི་ད་ལྟའང་ས་ཆ་གཅིག་གི་ཐོག་ཏུ་བསྡད་ཡོད་པ་རེད། ས་གནས་འདིར་སྤྱིར་བཏང་གི་ཆ་ནས་ཀྱང་ནང་པའི་རྗེས་འབྲངས་པ་ཧ་ཅང་མང་པོ་ཡོད་པ་མ་རེད་ལ། རྩ་བའི་བླ་མ་གཅིག་གི་སློབ་བརྒྱུད་དུ་གཏོགས་པ་ནི་དེ་ལས་ཀྱང་ཉུང་ཉུང་ཞིག་ལས་མེད་སྟབས་ངས་བསམ་ན་ང་ཚོ་རྡོ་རྗེའི་མཆེད་གྲོགས་དག་གི་བར་དུ་ལྷག་བསམ་ཟོལ་མེད་ཀྱི་འབྲེལ་ལམ་བཟང་པོ་ཞིག་མུ་མཐུད་རྒྱུན་སྐྱོང་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་རེད་འདོད། གཅིག་གིས་གཅིག་ལ་རྒྱབ་སྐྱོར་དང་རོགས་འདེགས་བྱས་ནས་བློ་གཅིག་སེམས་གཅིག་གིས་ཐར་པའི་ལམ་གྱི་ཉམས་ལེན་ལ་མཉམ་དུ་བརྩོན་པ་བྱེད་དགོས།
མཇུག་ཏུ། ཡང་བསྐྱར་ངས་ཨོ་གླིང་ཡེ་ཤེས་འཁོར་ལོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱི་ཚབ་བྱས་ནས་རིན་པོ་ཆེ་སྐུ་གཤེགས་པར་བློ་ཕམ་གྱི་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན། རིན་པོ་ཆེ་སྐུ་གཤེགས་ཟིན་པའི་དུས་ཚོད་འདི་དག་གི་ནང་ལ་གལ་ཏེ་ང་ཚོའི་ངོས་ནས་མཉམ་ཞུགས་དང་རོགས་པ་ཞུ་ཐུབ་པ་ཞིག་ཡོད་ན་ང་དང་ངའི་ཆོས་ཚོགས་ཀྱི་ཚོགས་མི་ཚོའི་ངོས་ནས་དུས་ཚོད་འདིར་ཁྱེད་རྣམ་པར་ཐུགས་གསོའི་ཞབས་ཞུ་ཕྲན་བུ་ཞུ་མཁན་གྱི་རང་འདུན་པ་ཆུང་ཆུང་ཞིག་ཏུ་འགྱུར་རྒྱུར་སེམས་ཀྱི་གཏིང་ནས་མོས་པ་ཞུ་བཞིན་ཡོད། མདོར་ན་གང་ཐུབ་ཅི་ཐུབ་ཀྱིས་དེ་ལྟར་ཞུ་ངེས་ཡིན། བླ་མ་མཁྱེན་ནོ། །
སྤྱི་ལོ་༢༠༡༩ ཟླ་ ༩ ཚེས་ ༧ ཉིན། གུས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཕུལ།
ནང་ཆོས་དང་། དཔལ་འབྱོར་གང་ཐད་ནས་གཞན་ལ་ཕན་ཐོགས་རྒྱ་ཆེན་གནང་ཐུབ་མཁན། སྐྱེས་བུ་དམ་པའམ། བོད་མི་ཤེས་ཡོན་ཅན་ཞིག་སྐུ་ན་དེ་ཙམ་སྨིན་པོ་མིན་པར་གློ་བུར་སྐུ་ཞི་་བར་མནལ་བ་བོད་མི་རྣམས་ལ་མཚོན་ན་འཕང་པོ་ཡིན་པ་ལོས་བདེན་ཀྱང་། སློབ་མ་དད་མེད་དཀོར་སྒྱེ་འགའ་ལ་ལྟོས་ན། དཀོར་མཛོད་ཆེན་པོ་ཞིག་འགྱེལ་བ་རྐྱེན་ངན་གྲོག་ཏུ་གྱུར་པ་རེད་སྙམ།
རྩོམ་པ་པོ་ཞིག་ལ་འགན་གཅིག་ཡོད་པ་ནི། གཟུ་བོར་གནས་པ་དང་། དཀར་ནག་ཕྲ་གསུམ་གྱི་དཀྱིལ་ལ་གནས་པ་དེ་རེད། འདིར་མཁྱེན་ཡངས་རྫ་ཚེ་རིང་བཀྲ་ཤིས་མཆོག་གིས་བསོད་རྒྱལ་རིན་པོ་ཆེའི་ཡོན་ཏན་དུ་མ་ཞིག་བརྗོད་འདུག་པར་ཚང་མ་བདེན་པར་སྣང་། གཙོ་བོ་ནི་རྫ་ཚེ་རིང་བཀྲ་ཤིས་ཁོང་གཡང་རྒྱུག་དང་མཐའ་གཅིག་ལ་ཤོར་མཁན་ལྟ་བུ་མ་རེད། ཁོང་གིས་བསྒྱུར་བའི་ཕྱག་དེབ་དང་བརྩམས་པའི་རྩོམ་ཡིག་འགའ་ཤས་མཇལ་ནས། རྫ་བཀྲ་ཤིས་ཚེ་རིང་ལགས་སུ་དད་པ་ལྷང་ལྷང་ཞིག་ངོ་མ་ཡོད།
འོན་ཀྱང་ཁོང་གིས་མ་མཁྱེན་པ་ཡོད་སྲིད་པས་འདི་ལ་ཁ་བསྐོང་ལྟ་བུ་བྱུང་ན། ཀློག་མཁན་རྣམས་ལ་ཡག་སྡུག་གཉིས་ཀའི་གནས་ཚུལ་ཆ་ཚང་བ་ཐོབ་ཐུབ།
༡༽ སྤྱིར་བསོད་རྒྱལ་རིན་པོ་ཆེས་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་བསྒྲུབ་ཡོད་པ་གོང་ལ་བཀུར་འོས་རྫ་ཚེ་མཆོག་གིས་གསུངས་ཟིན་འདུག འོན་ཀྱང་དེ་དང་མཉམ་དུས་བསོད་རྒྱལ་རིན་པོ་ཆེས་སངས་རྒྱས་ཀྱི་བསྟན་པར་རྨ་ཡང་བྱིན་ཡོད་པ་ཡང་ངོ་མ་ཡིན། དཔེར་ན། ཁོང་གིས་རང་གི་སློབ་མ་བུད་མེད་རྣམས་ལ་ཁོང་ཚོའི་འདོད་པ་ཡོད་མེད་ལ་མ་ལྟོས་པར་འཁྲིག་པའི་ལས་ལ་བཀོལ་བ་དེ་བདེན་པ་རེད། སངས་རྒྱས་ཀྱི་བཀའི་ནང་ལ་བླ་མས་སློབ་མར་བཙན་གཡེམ་གཏོང་བ་ནི་མ་རུང་བར་གསུངས་ཡོད་ལ། འཇིག་རྟེན་པའི་ཁྲིམས་ནང་ལ་ཡང་དེ་ནི་མི་ཆོག་པ་ཞིག་རེད།
༢༽ བསོད་རྒྱལ་རིན་པོ་ཆེའི་ཆགས་སྲེད་ཀྱི་ཉོན་མོངས་ལས་བྱུང་བའི་གཏམ་ངན་མང་པོ་འཁྱར་ཡོད་པའི་ནང་ནས། ཤིན་དུ་འཇིགས་སུ་རུང་བའི་སྤྱོད་པ་གཅིག་ནི། རང་རེ་ཕ་མ་ཡིན་མཁན་རྣམས་ཀྱི་ཡིད་ལ་ཤོང་མི་ཐུབ་པ་གཅིག་བྱུང་ཡོད། དེ་ནི་བསོད་རྒྱལ་རིན་པོ་ཆེས་རང་གི་བུད་མེད་སློབ་མ་ཞིག་གི་ན་གཞོན་ཕྲུ་གུ་ཞིག་ལ་ཆགས་སྲེད་འཕེལ་ནས། ཁོ་མོར་རང་གི་བུ་མོ་བསོད་རྒྱལ་རིན་པོ་ཆེའི་ཉལ་ཁྲིའི་ནང་ལ་འཁྲིད་ཡོང་དགོས་པ་བཀའ་བཏང་བ་དེ་ངོ་མ་འཇིགས་སུ་རུང་བ་ཞིག་རེད། ང་ཚོས་འདི་ཚོ་ཤེས་བཞིན་དུ་སྦས་ན། བདེན་པར་མི་འགྲོ་ལ། དྲང་པོ་མིན། དེས་ན་སེམས་ཅན་ལ་ཕན་པ་ག་ལ་ཡོད། དེ་བས་སངས་རྒྱས་ཀྱི་བསྟན་པར་ག་ལ་ཕན།
བཀུར་འོས་རྫ་ཚེ་རིང་བཀྲ་ཤིས་མཆོག་ད་ལྟ་ཨོ་གླིང་ལ་ཆོས་འཆད་མཁན་གྱི་བླ་མ་ཞིག་ཡིན་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་སྤྲོད་མཁན་ཞིག་གི་བླ་མ་གང་དེས་རྫུན་གསུང་མི་སྲིད་པ་ལྟ་བུ་རེད། བྱས་ཙང་གཏན་གཏན་གནས་ཚུལ་དེ་རིགས་ཁོང་གིས་མ་མཁྱེན་སྟབས་འདིར་མ་ཐོན་པ་རེད་མ་གཏོགས་གལ་ཏེ་མཁྱེན་གྱི་ཡོད་ན་གཏན་གཏན་ཁོང་གིས་རྩད་གཅོད་གནང་གི་རེད་སྙམ། རྫ་བཀྲ་ཤིས་ཚེ་རིང་མཆོག་ན་གཞོན་ཆོས་འཆད་མཁན་མང་པོའི་དཀྱིལ་ནས། ཅུང་སློབ་གསོའི་གོ་རྟོག་མཐོ་ཞིང་། འཇིག་རྟེན་གྱི་སྤྱི་ཚོགས་ཀྱི་ཉམས་མྱོང་ཡང་མི་དམན་སྟབས། མགོ་མཁྲེགས་ཤིང་རྒྱུ་མཚན་འགྲོ་ས་མེད་པའི་བླ་མ་དེ་འདྲས་མ་རེད། བྱས་ཙང་ཁོང་གིས་གཙོས་དྲ་གྲོགས་ཚོར་དཔྱད་གཞིའི་ཆེད་དུ་འབུལ་བ་ལགས།
གུས་པའི་དཔྱད་གཞིའི་རྒྱུ་ཆ་འདི་དག་ཡིན།
https://www.lionsroar.com/letter-to-sogyal-rinpoche-from-current-and-ex-rigpa-members-details-abuse-allegations/
https://www.telegraph.co.uk/men/thinking-man/sexual-assaults-violent-rages-inside-dark-world-buddhist-teacher/
https://www.smh.com.au/lifestyle/sogyal-rinpoche-and-the-abuse-accusations-rocking-the-buddhist-world-20171115-gzm7ra.html
https://www.lionsroar.com/after-allegations-sogyal-rinpoche-retires-from-rigpa/
རྗ་ཚེ་ལགས། བཀྲིན་ཆེ། ཁང་གི་གསུང་རྩོམ་དེ་སྙན་གྲགས་དང་གང་ལ་གང་འཚམས་ཤིག་ཕན་ཐོག་ཡོད་སྣོས་མེད་ཡིན། མ་ཟད་ཁོང་སྐུ་འདས་ཚར་རྗེས་བླ་མ་མི་ཉུང་བས་རྷེས་དྲན་དང་ཐུགས་དམ་དགོངས་རྫོགས་མཆོད་འབུལ་གནང་བ་ཡི་རང་བཅས། ད་དཀའ་ངལ་གཅིག་ནི་ད་ལྟ་མགོ་སེར་བ་འགས་་དེང་སང་དྲྭ་ཐོག་ནས་མཚན་རྟགས་བསྡུས་རུབ་བྱས་ཏེ་www.change.org ཁོང་ལ་རྗེས་དྲན་ཡིག་གེ་སྤེལ་བ་ད་འགྲིག་མི་འདུག་ཟེར་བ་ལ་བརྟེན་་་དེ་རྷེས་ཚོགས་པ་ཁ་གཉིས་ཙམ་ཡི་གེ་དེ་ཕྱི་འཐེན་བྱས་འདུག ད་དེ་ནི་གང་ཟག་བསམ་བསམ་བློ་ལ་འགོག་རྐྱེན་ཕལ་ཆེར་དམར་ཤོག་བྱ་དག་མཚུངས་འདུག་ཟེར་ནའང་ཆོག གང་ལྟར་་་གལ་ཏེ་རྗེས་དྲན་ཞུས་ན་རྫ་ཚེ་རིང་ཁྱེད་ནས་ཀྱང་ཁོང་ལ་རྒྱབ་སྐྱོར་ཆེད་ change དྲྭ་ཐོག་མགོ་བཙུག་ཏེ་སྤེལ་ན་གང་འདྲ་འདུག་་་དེ་ཡང་ཁང་གཅིག་པུ་ཙམ་མ་ཡིན་་སུས་ལ་ཁོང་སྐུ་བཞུགས་སེམས་ཁམས་ལ་གནོད་པ་བྱུང་རིགས་ལ་དགོགས་དག་ཞུ་བྱ་དག་སྡོམ་ཐུན་མོངས་ལ་་་་འདས་པོ་ལ་དགོངས་རྫིགས་དང་། སེམས་ཁམས་མ་བདེ་བའི་བུ་མེད་ཚོ་དེ་ཚོ་ལ་དགོངས་དག་བཅས་ཏེ་མཚན་རྟགས་བསྡུ་རུབ་བྱས་ན་བསམ་གང་འདྲ་འདུག
རྗ་ཚེ་ལགས། བཀྲིན་ཆེ། ཁང་གི་གསུང་རྩོམ་དེ་སྙན་གྲགས་དང་གང་ལ་གང་འཚམས་ཤིག་ཕན་ཐོག་ཡོད་སྣོས་མེད་ཡིན། མ་ཟད་ཁོང་སྐུ་འདས་ཚར་རྗེས་བླ་མ་མི་ཉུང་བས་རྗེས་དྲན་དང་ཐུགས་དམ་དགོངས་རྫོགས་མཆོད་འབུལ་གནང་བ་བཅས་ལའང་ཡི་རང་བཅས། ད་ལྟ་ངལ་གཅིག་ནི་ད་ལྟ་མགོ་སེར་བ་འགས་་དེང་སང་དྲྭ་ཐོག་ནས་མཚན་རྟགས་བསྡུས་རུབ་བྱས་ཏེ་www.change.org ཁོང་ལ་རྗེས་དྲན་ཡིག་གེ་སྤེལ་བ་ད་འགྲིག་མི་འདུག་ཟེར་བ་ལ་བརྟེན་་་དེ་རྗེས་ཚོགས་པ་ཁག་གཉིས་ཙམ་ནས་ཡི་གེ་དེ་ཕྱི་འཐེན་བྱས་འདུག ད་དེ་ནི་གང་ཟག་སོ་སོའི་བསམ་བློ་ལ་འགོག་རྐྱེན་དང་ཕལ་ཆེར་དམར་ཤོག་བྱས་བཏང་དག་མཚུངས་འདུག་ཟེར་ནའང་ཆོག གང་ལྟར་་་གལ་ཏེ་རྗེས་དྲན་ཞུས་ན་རྫ་ཚེ་རིང་ཁྱེད་ནས་ཀྱང་ཁོང་ལ་རྒྱབ་སྐྱོར་ཆེད་ change དྲྭ་ཐོག་ཞིག་མགོ་བཙུག་ཏེ་སྤེལ་ན་གང་འདྲ་འདུག་་་དེ་ཡང་ཁོང་དང་ཁོང་སྐུ་བཞུགས་སྐབས་སུ་དེ་ཚོ་སེམས་ཁམས་ལ་གནོད་པ་བྱུང་སོང་ཟེར་ཏེ་དེ་ཚོ་ལའང་དགོངས་དག་ཞུ་བྱ་སྟེ་སྡོམ་ཐུན་མོངས་སུ། འདས་པོ་ལ་དགོངས་རྫོགས་དང་དང་རྗེས་དྲན། གཉིས་ནི་སེམས་ཁམས་མ་བདེ་བའི་བུ་མེད་དེ་ཚོ་ལ་དགོངས་དག་བཅས་ཏེ་མཚན་རྟགས་བསྡུ་རུབ་བྱས་ན་བསམ་གང་འདྲ་འདུག
འཁྲིག་སྤྱོད་སྐོར་ལས་བརྩམས་ཏེ་བསོད་རྒྱལ་རིན་པོ་ཆེར་མཚན་སྨད་ཆེན་པོ་བྱུང་བར། འགའ་རེས་ཕྲག་དོག་དང་མིག་སེར་རེད་ཟེར། འགའ་རེས་ངོ་མ་རེད་ཟེར། རང་གིས་དངོས་སུ་མ་མཐོང་སྟབས་གང་དེ་བདེན་ཡིད་གཉིས་སུ་གྱུར་པས། ཁྲིམས་ཐོག་ནས་ཐག་གཅོད་བྱས་པ་དེ་འདྲ་བྱུང་ཡོད་མེད་མཁྱེན་མཁན་ཡོད་ན་གསུང་བར་འཚལ།
བསོད་རྒྱལ་རིནནཔོ་ཆེས་འདའ་ཁར་རྐང་རྗེས་ལག་བསུབ་བྱས་ཚར་བ་རེད། བསྟོད་མ་བསྟོད་ཅི་ཡོད་མ་རེད།
རྫ་ཚེ་སྐྱ་མིན་སེར་མིན་འདི་ཡང་ཉིན་གཅིག་གཏམ་ངན་ལུང་པ་གང་བཟོ་ངེས་འདུག ཐོས་པ་ཅུང་ཡོད་པ་བདེན་པར་མཆིས། འོན་ཀྱང་འདིའི་སྤྱོད་པ་འདི་མགོ་བདེ་གླགས་ཚོང་བ་ཞིག་རེད། ཁོ་པའི་ཆ་ལུགས་ལ་ལྟོས་དང་། སྐྱ་སེར་གཉིས་གང་གི་ཁོངས་སུ་ཡང་མི་བསྡུ། འདི་ཨོ་གླིང་དུ་ལས་མ་ནུས་པར་རྒྱ་མོ་ཞིག་ལ་སྡོམ་པ་བཙོང་ནས་ཆོས་ཚོགས་ཀྱི་མིང་ཙམ་ཞིག་བཙུགས་ཁུལ་བྱས། བླ་མ་མིང་གྲགས་ཅུང་ཡོད་པ་ཞིག་ཡིན་ན་ཁོ་པ་དང་འབྲེལ་བ་བཏགས་ཁུལ་དང་། ལྷག་པར་བླ་མ་ཅུང་གྲགས་ཆེ་བ་གྲོངས་ཚེ་ཁོ་པ་དང་འབྲེལ་བ་ཡོད་རབས་རྐྱང་རྐྱང་གི་རྙོག་རྩོམ་འདྲ་སྤེལ། དམིགས་ཡུལ་ངོ་མ་ནི། མ་འོངས་ཁོ་རང་བླ་མ་ཆེ་ཆེན་མོའི་བརྒྱུད་འཛིན་པ་དང་དེ་དང་དེའི་རྗེས་འཇུག་པར་ལྕགས་ཀྱུ་ཞིག་འདེབས་རྩིས་ཡིན་གདའ། ལྟོས་དང་ཁོ་པས་བསོད་རྒྱལ་སྐོར་རྩོམ་ཡིག་ལ། བསོད་རྒྱལ་གྱིས་ཞབས་འདྲེན་འཛམ་གླིང་ལ་བཞག་སོང་། དེ་ལས་བསྟན་པར་རྨ་འབྱིན་པའི་ལས་ཚབས་ཆེན་ཞིག་གང་ན་ཡོད།
བུད་མེད་སློབ་མ་ཞིག་གི་བུ་མོ་ལོ་ཆུང་ཞིག་རང་དང་མཉམ་དུ་ཉལ་དགོས་པའི་བཀའ་བཏང་ཟེར་བ་དེ་ཨེ་བདེན་ན། ད་སྔ་མི་སུ་ཞིག་གིས་བསོད་རྒྱལ་རིན་པོ་ཆེ་ཁྲིམས་ཁང་ལ་བསྐྱལ་བ་མི་འདུག གལ་ཏེ་སློབ་མ་ཚོས་བཤད་པ་ལྟར་བདེན་ན་རྒྱུ་མཚན་ཅི་ཕྱིར་ཁྲིམས་ཁང་ལ་མ་བསྐྱལ་བ་དེ་རེད། བསོད་རྒྱལ་རིན་པོ་ཆེ་ནི་ཕྱུག་པོ་རེད། གལ་ཏེ་ཁོང་ཚོར་ཁྲིམས་ཁང་ནས་རྒྱལ་ཁ་ཐོབ་ན་་སྒོར་མོ་མང་པོ་ཐོབ་རྒྱུ་ཡིན་པ་སྨོས་མེད་རེད། ངས་བལྟས་ན་ཕལ་ཆེ་བ་བདེན་པ་མ་རེད་བསམ་ཀི་ཡ། །
ཚིག་ལྷུག་འགའ་ཞིག་བཀླགས་པའི་རྗེས། །
ཚིགས་བཅད་འགའ་ཞིག་འབྲི་སྙིང་སདོད། །
ཚིག་ལ་སྙན་ཆ་མེད་མོད་ཀྱི། །
ཚིགས་ཀྱི་ཟུག་རྔུར་ཕན་སྙམ་བགྱིད། །
བྱ་བ་ཐམས་ཅད་ལད་ཟློས་ཡིན། །
ལད་ཟློས་ནང་ནས་སུ་མཁས་ཡིན། །
གསུངས་པའི་དཔེ་ལྟར་ཚངས་དབྱངས་རྗེའི། །
གསུང་ལ་དཔེ་ལྟས་གླུ་ཞིག་ལེན། །
དུང་གི་ནད་དེ་བུས་ན་སངས།།
གསུངས་པའི་དཔེ་ལྟར་འདི་ན་མར།།
སྙིང་གི་ཚིགས་ནད་སངས་པའི་ཕྱིར།།
སྐྱོ་གླུ་ཚིག་གསུམ་ཁ་ནས་གདོན།།
ཁྱིམ་མཚེས་རྒྱ་ནག་ཡིན་ཟེར། །
རོགས་རམ་བྱེད་པར་འོང་ཟེར། །
ཆེ་རྒུའི་མགོ་བོ་བསྐོར་སོང་། །
ངན་རྒུ་བསླུ་བྲིད་བྱས་སོང་། །
རྒྱ་མི་གུང་བྲན་ཡིན་ཟེར། །
གསར་བརྗེ་བྱེད་པར་འོང་ཟེར།།
ཀླད་མེད་གོ་སར་བཏོན་སོང་། །
རི་ཀླུང་རྙང་མས་རྒྱངས་དོང། །
དྲིན་ཅན་ཕ་མར་བརྫུས་ནས། །
དྭ་ཡང་ཆར་བ་ཕབ་སོང་། །
གདོང་པགས་ངོ་མ་བསྟན་ནས།།
ཐམས་ཅད་རྩ་མེད་བཏང་སོང་།།
བཅིངས་འགྲོལ་དམག་མི་སླེབས་སོང་། །
ཡི་དྭགས་ཁྱུ་གཅིག་སླེབས་སོང་།།
བོད་གཞུང་འབྲུ་མཛོད་ཡོད་ཚད།།
སྟོང་པ་སྟོང་རྐྱང་བཟོས་སོང་།།
བཅིང་འགྲོལ་གཏོང་བར་འོང་ཟེར།།
བཟང་རྒུ་བཙོན་འཇུག་མནར་གཅོད།།
ངན་རྒུ་གོ་སར་བཏོན་ནས།།
གནས་ས་མགོ་རྟིང་སློག་སོང་།།
ཁྱིམ་མཚེས་རྒྱ་ནག་ཡིན་ཟེར།།
བོད་ཀྱི་སྣོད་བཅུད་འཕྲོགས་སོང་།།
རྒྱ་ནག་ཟེར་བའི་མཐའ་སྙད།།
དགྲ་ནག་ཡིན་པ་ལོས་བདེན།།
རྒྱ་མི་དམར་པོ་ཡིན་ཟེར།།
བོད་པའི་ཆོས་སྒར་གཏོར་སོང་།།
རྒྱ་མི་ནག་པོ་ཡིན་ཟེར།།
རབ་བྱུང་སྡོམ་པ་འཕྲོགས་སོང་།།
རྒྱ་དམག་ཁྲོ་གཉེར་བསྟན་ནས།།
བོད་ཀྱི་ཆོས་རིག་བཅོམ་སོང་།།
རྒྱ་མོས་འཛུམ་དཀར་བསྟན་ནས།།
གྲྭ་བའི་སྡོམ་པ་བཅོམ་སོང་།།
ཞི་མི་དཀར་ནག་གཉིས་ལ།།
ཁྱད་པར་མི་འདུག་ཟེར་ལྟར།།
རྒྱ་ཞིག་ཡིན་ལ་ཕྱིན་ཆད།།
བོད་ཀྱི་དགྲ་བོ་གཅིག་པ།།
རི་བོ་ཟོས་ཏེ་མ་འགྲངས།།
རྒྱ་མཚོ་བཏུང་ནས་མ་ངོམས།།
ཡོད་ཚད་བཅོམ་པས་མ་ཚད།།
ཆོས་པའི་སྡོམ་པའང་བཅོམ་སོང་།།
ལས་ངན་བསགས་པའི་རྣམ་སྨིན།།
ནམ་ཙམ་ཟད་དུ་ཡོད་དམ།།
ནམ་མཁའི་བླ་མ་དཀོན་ཆོག
ཐུགས་རྗེའི་སྤྱན་གྱིས་གཟིགས་དང་།།
ཁྱིམ་མཚེས་རྒྱ་དཀར་ཡིན་ཟེར།།
བོད་པར་འཚོ་གནས་བསྩལ་སོང།།
རྒྱ་གར་འཕགས་པའི་ཡུལ་ཞེས།།
བརྗོད་ན་བརྗོད་རིན་ཆོག་གདའ།།
རྒྱ་དཀར་སྐུ་དྲིན་ཆེ་ཡང་།།
འགྲོ་སྡོད་རང་དབང་ཙམ་རེད།།
རྩ་དོན་སྣང་མེད་སྐྱུར་འཇོག །
དགྲ་དཀར་བརྗོད་ནའང་ལོས་ཆོག །
ཨ་ཅང་ཀུ་རེ་ཞུས་པར།།
མོ་དི་དགོངས་པ་མ་ཚོམས།།
ངེད་ཅག་ཁྱེད་ཚོའི་སློབ་མ།།
དྲིན་ལེན་ངང་གིས་འཇལ་ཆོག །
ཚིག་ལྷུག་འགའ་ཞིག་བཀླགས་པའི་རྗེས། །
ཚིགས་བཅད་འགའ་ཞིག་འབྲི་སྙིང་སདོད། །
ཚིག་ལ་སྙན་ཆ་མེད་མོད་ཀྱི། །
ཚིགས་ཀྱི་ཟུག་རྔུར་ཕན་སྙམ་བགྱིད། །
བྱ་བ་ཐམས་ཅད་ལད་ཟློས་ཡིན། །
ལད་ཟློས་ནང་ནས་སུ་མཁས་ཡིན། །
གསུངས་པའི་དཔེ་ལྟར་ཚངས་དབྱངས་རྗེའི། །
གསུང་ལ་དཔེ་ལྟས་གླུ་ཞིག་ལེན། །
དུང་གི་ནད་དེ་བུས་ན་སངས།།
གསུངས་པའི་དཔེ་ལྟར་འདི་ན་མར།།
སྙིང་གི་ཚིགས་ནད་སངས་པའི་ཕྱིར།།
སྐྱོ་གླུ་ཚིག་གསུམ་ཁ་ནས་གདོན།།
ཁྱིམ་མཚེས་རྒྱ་ནག་ཡིན་ཟེར། །
རོགས་རམ་བྱེད་པར་འོང་ཟེར། །
ཆེ་རྒུའི་མགོ་བོ་བསྐོར་སོང་། །
ངན་རྒུ་བསླུ་བྲིད་བྱས་སོང་། །
རྒྱ་མི་གུང་བྲན་ཡིན་ཟེར། །
གསར་བརྗེ་བྱེད་པར་འོང་ཟེར།།
ཀླད་མེད་གོ་སར་བཏོན་སོང་། །
རི་ཀླུང་རྙང་མས་རྒྱངས་དོང། །
དྲིན་ཅན་ཕ་མར་བརྫུས་ནས། །
དྭ་ཡང་ཆར་བ་ཕབ་སོང་། །
གདོང་པགས་ངོ་མ་བསྟན་ནས།།
ཐམས་ཅད་རྩ་མེད་བཏང་སོང་།།
བཅིངས་འགྲོལ་དམག་མི་སླེབས་སོང་། །
ཡི་དྭགས་ཁྱུ་གཅིག་སླེབས་སོང་།།
བོད་གཞུང་འབྲུ་མཛོད་ཡོད་ཚད།།
སྟོང་པ་སྟོང་རྐྱང་བཟོས་སོང་།།
བཅིང་འགྲོལ་གཏོང་བར་འོང་ཟེར།།
བཟང་རྒུ་བཙོན་འཇུག་མནར་གཅོད།།
ངན་རྒུ་གོ་སར་བཏོན་ནས།།
གནས་ས་མགོ་རྟིང་སློག་སོང་།།
ཁྱིམ་མཚེས་རྒྱ་ནག་ཡིན་ཟེར།།
བོད་ཀྱི་སྣོད་བཅུད་འཕྲོགས་སོང་།།
རྒྱ་ནག་ཟེར་བའི་མཐའ་སྙད།།
དགྲ་ནག་ཡིན་པ་ལོས་བདེན།།
རྒྱ་མི་དམར་པོ་ཡིན་ཟེར།།
བོད་པའི་ཆོས་སྒར་གཏོར་སོང་།།
རྒྱ་མི་ནག་པོ་ཡིན་ཟེར།།
རབ་བྱུང་སྡོམ་པ་འཕྲོགས་སོང་།།
རྒྱ་དམག་ཁྲོ་གཉེར་བསྟན་ནས།།
བོད་ཀྱི་ཆོས་རིག་བཅོམ་སོང་།།
རྒྱ་མོས་འཛུམ་དཀར་བསྟན་ནས།།
གྲྭ་བའི་སྡོམ་པ་བཅོམ་སོང་།།
ཞི་མི་དཀར་ནག་གཉིས་ལ།།
ཁྱད་པར་མི་འདུག་ཟེར་ལྟར།།
རྒྱ་ཞིག་ཡིན་ལ་ཕྱིན་ཆད།།
བོད་ཀྱི་དགྲ་བོ་གཅིག་པ།།
རི་བོ་ཟོས་ཏེ་མ་འགྲངས།།
རྒྱ་མཚོ་བཏུང་ནས་མ་ངོམས།།
ཡོད་ཚད་བཅོམ་པས་མ་ཚད།།
ཆོས་པའི་སྡོམ་པའང་བཅོམ་སོང་།།
ལས་ངན་བསགས་པའི་རྣམ་སྨིན།།
ནམ་ཙམ་ཟད་དུ་ཡོད་དམ།།
ནམ་མཁའི་བླ་མ་དཀོན་ཆོག
ཐུགས་རྗེའི་སྤྱན་གྱིས་གཟིགས་དང་།།
ཁྱིམ་མཚེས་རྒྱ་དཀར་ཡིན་ཟེར།།
བོད་པར་འཚོ་གནས་བསྩལ་སོང།།
རྒྱ་གར་འཕགས་པའི་ཡུལ་ཞེས།།
བརྗོད་ན་བརྗོད་རིན་ཆོག་གདའ།།
རྒྱ་དཀར་སྐུ་དྲིན་ཆེ་ཡང་།།
འགྲོ་སྡོད་རང་དབང་ཙམ་རེད།།
རྩ་དོན་སྣང་མེད་སྐྱུར་འཇོག །
དགྲ་དཀར་བརྗོད་ནའང་ལོས་ཆོག །
ཨ་ཅང་ཀུ་རེ་ཞུས་པར།།
མོ་དི་དགོངས་པ་མ་ཚོམས།།
ངེད་ཅག་ཁྱེད་ཚོའི་སློབ་མ།།
དྲིན་ལེན་ངང་གིས་འཇལ་ཆོག །
༄༅། བསྟོད་དང་མ་བསྟོད་མི་འདུག། ཞབས་རྗེས་ཐང་ལ་བཞག་འདུག།
མཁས་དང་མི་མཁས་མི་འདུག། འཆལ་གཏམ་ཐང་ལ་བཀྲམ་སོང།
བཞག་དང་མི་བཞག་བཞག་སོང། ཞབས་འདྲེན་ཐང་ལ་བཞག་སོང།
དགྲ་ལ་བཤད་ན་དགའ་ཡོང། གཉེན་ལ་བཤད་ན་སྐྱོ་ཡོང།
རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་བསོད་རྒྱལ་རིན་པོ་ཆེ་དམ་པ་གང་ཉིད་ཀྱི་རྗེས་དྲན་སེམས་འགུལ་ཐེབས་པ་ཞིག་བྲིས་གནང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
https://www.youtube.com/watch?v=jCVNGtopHJU&t=65s