རོང་པོ་བློ་བཟང་རིན་ཆེན།
རྗེ་བདག་ཉིད་ཆེན་པོས་མཛད་པའི་<<རྒྱལ་སྲས་བྱང་ཆུབ་སེམས་དཔའ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་>>འདི་ནི་ད་ལོར་ང་ཚོའི་འཛིན་གྲྭའི་ཁ་སྡེའི་རྒྱུགས་གཞི་རེད། དེར་བརྟེན་ཁོ་བོས་རྟོགས་བརྗོད་འདི་ཉིད་ཚར་ཁ་ཤས་བཀླགས། རྟོགས་བརྗོད་འདི་ནི་མངོན་བརྗོད་སྣ་ཚོགས་ཀྱིས་བརྒྱན་ཞིང་སྡེབ་སྦྱོར་བཅད་ལྷུག་སྤེལ་མ་བྱས་པའི་སྙན་ངག་ཚད་ལྡན་ཞིག་ཡིན་པ་ནི་སྨོས་ག་ལ་དགོས། ལྷག་དོན་བརྗོད་བྱའི་ཐད་ནས་སྐྱེས་བུ་དམ་པ་ཞིག་གི་སྐུ་ཚེའི་བརྒྱུད་རིམ་ཆ་ཚང་ཞིང་གནད་བསྡུས་པའི་ཐར་ལམ་སྟོན་པའི་མན་ངག་ཅིག་ཏུ་འཁུམས།
རྟོགས་བརྗོད་འདི་ལ་ད་ལོ་མ་གཏོགས་དོ་སྣང་མ་བྱུང་མོད། ད་ལོར་འདི་ཉིད་འཛིན་གྲྭའི་རྒྱུགས་གཞི་ཡིན་པས་ཚར་གཅིག་བཀླགས་པ་ནི་རྒྱུགས་སྤྲོད་ཀྱི་ཆེད་དུ་ཡིན་པ་ནི་གོར་མ་ཆག འོན་ཀྱང་རྟོགས་བརྗོད་འདིའི་མགོ་ནས་མཇུག་བར་དུ་ཚར་གཅིག་བཀླགས་དུས། བརྗོད་བྱ་ཆ་ཚང་བ་ཞིག་དང་གོ་བ་གཏིང་ཟབ་པ་ཞིག་ལོན་སོང་ཟེར་ན་སྐྱག་རྫུན་ཉག་གཅིག་ཡིན་ངེས། རེད་དེ་རང་གི་གོ་ཚོད་དང་བསྟུན་ནས་རྟོགས་བརྗོད་འདིས་བདག་ཡིད་འཕྲོག་སྟེ་བསྐྱར་ཀློག་བྱེད་པའི་འདུན་པ་བྱུང་། སྤྱིར་སྐྱེས་བུ་དམ་པ་རྣམས་ཀྱི་ལོ་རྒྱུས་ནི་གཞན་དོན་སྒྲུབ་པའི་མཛད་འཕྲིན་གཙོར་འདོན་བྱས་ནས་བྲིས་པ་དང་། རྟོགས་པའི་ཡོན་ཏན་གཙོར་འདོན་བྱས་ནས་བྲིས་པ་སོགས་འབྲི་ཐབས་མི་འདྲ་བ་སྣ་ཚོགས་ཤིག་མཆིས་ནའང་། རྟོགས་བརྗོད་ཞེས་པ་ནི་སྐྱེས་བུ་དམ་པ་གང་དེའི་ནང་རྟོགས་པའི་ཡོན་ཏན་གཙོ་བོར་བརྗོད་པ་ཞིག་ལ་གོ་བས་འདི་ཉིད་ཀྱང་དེ་ལས་མ་འདས་སོ།།
དེ་ཡང་རྟོགས་བརྗོད་འདི་ནི་“དྲི་ཡི་གཞོན་པས་གོ་སྐབས་ཕྱེ་བ་ཡི།། སྤྲིན་རུམ་ནས་འཐོན་རྒྱུ་སྐར་བདག་པོ་བཞིན།། མངལ་གྱི་ཁྲོད་ནས་རབ་མཛེས་གཞོན་ནུའི་སྐུ།། མཚན་བཟང་ཆ་ཤས་ཡོངས་སུ་རྫོགས་པར་འཁྲུངས།།”ཞེས་པ་ལྟར་ཕྱི་ལོ་(1356)ལོར་དཔལ་ཁྲ་འབྲུག་གི་གཙུག་ལག་ཁང་ཆེན་པོ་དང་འདབས་ཆགས་པ། དགོན་གསར་དུ་དཔོན་རིན་རྡོར་བ་དང་། ཡུམ་ཟིན་ཐ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་པའི་སྤྱན་སྔ་པ་གྲགས་པ་བྱང་ཆུབ་ལགས་ཀྱི་ནང་སེམས་ཀྱི་ཡོན་ཏན་གཙོ་བོར་བརྗོད་པའི་རྟོགས་བརྗོད་ཅིག་ཏུ་ངེས།
སྤྱན་སྔ་པ་ཁོང་གི་བྱིས་དུས་ཀྱི་མཚན་ལ་བྱང་ཆུབ་རྡོ་རྗེ་ཟེར་ཞིང་། དགུང་ལོ་བཞི་པར་སོན་མ་ཐག་ནས་ཡི་གེའི་སྦྱོར་ཀློག་བསླབས་ཏེ་དཀའ་ཚེགས་མེད་པར་ཁོང་དུ་ཆུད། དེ་ནས་རིམ་བཞིན་རྒྱུད་ཀྱི་རྒྱལ་པོ་དཔལ་བརྟག་པ་གཉིས་པ་རྩ་འགྲེལ་གཉིས་ཀྱི་ཚིག་ཐུགས་ལ་བཟུང་། གོ་དོན་ཐུགས་ལ་ཆུད་པར་བྱས། དགུང་ལོ་བཅུ་གཉིས་པ་ལ་(1367)སྤྱན་སྔ་གྲགས་པ་ཤེས་རབ་པའི་ཞབས་ལ་གཏུགས་ཏེ་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་གྲགས་པ་བྱང་ཆུབ་ཅེས་བཏགས་སོ།།
དགུང་ལོ་བཅོ་ལྔ་ལ་1370)གདན་ས་རིན་པོ་ཆེར་ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་མཁན་པོ་དང་། མཁན་ཆེན་གཞོན་ནུ་དབང་ཕྱུག་གིས་སློབ་དཔོན། ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོས་དུས་གོ་བ་མཛད་ཅིང་། སྤྱན་སྔ་གྲགས་པ་ཤེས་རབ་པའི་གཙོས་དགེ་འདུན་བཅུ་གཉིས་ཀྱི་དབུས་སུ་དགེ་ཚུལ་གྱི་བརྟུལ་ཞུགས་ཡང་དག་པར་བླངས་ཏེ་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ་།།
དགུང་ལོ་བཅུ་དྲུག་པ་ལ་གདན་སར་བྱོན་པའི་ཞུ་བ་ཕུལ་ནས་ཆོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ། ཆོས་ཀྱི་མཛད་འཕྲིན་བསྐྱངས་པ་ལ་བརྟེན་ནས་དཔག་ཏུ་མེད་པའི་གདུལ་བྱ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་རིགས་ངེས་པར་མཛད། དགུང་ལོ་བཅོ་བརྒྱད་པ་ལ་(1373)སྣེ་གདོང་དུ་ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་མཁན་པོ་དང་། མཁན་ཆེན་གཞོན་ནུ་དབང་ཕྱུག་གིས་ལས་ཀྱི་སློབ་དཔོན། སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་གསང་སྟེ་སྟོན་པ། མཁན་པོ་བཀྲ་ཤིས་ཚུལ་ཁྲིམས་ཀྱིས་དུས་གོ་བ་མཛད་ཅིང་། དད་པའི་དགེ་འདུན་ཉེར་གསུམ་གྱི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མཐའ་དག་གི་མཛོད་དུ་གྱུར། དེ་ནས་དཔལ་ལྡན་བླ་མ་དམ་པའི་ཞལ་ཏ་ནན་ཅན་དང་། བཀའ་བགྲོ་བ་ལ་དབང་བ་རྣམས་ཀྱིས་ཀྱང་བླ་དཔོན་ཕྱོགས་གཅིག་ཏུ་མཛད་པའི་ཞུ་བ་ནན་ཆེར་ཕུལ་བ་ལ་བརྟེན་ནས་སྤྱན་སྔ་བསོད་ནམས་གྲགས་པ་ནར་མ་སོན་གྱི་བར་དུ་རེ་ཞིག་ཞལ་གྱིས་བཞེས་ཏེ་ཕག་གྲུའི་གདན་རབས་གསུམ་པར་བཞུགས་ནས་རྒྱལ་སྲིད་ཆོས་ཀྱིས་བསྐྱངས་སོ།།
རྗེ་འདི་ཉིད་ཀྱིས་ལུང་གི་ཡོན་ཏན་བརྙེས་པའི་ཚུལ་ནི། ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱི་གསུང་གི་བདུད་རྩི་རྣ་བའི་ལམ་དུ་འོངས་པའི་རིམ་པ་འདི་ལྟ་སྟེ། སོ་སོར་ཐར་པའི་སྡོམ་པའི་ཚིགས་སྔ་ཕྱི་གཉིས་ཀྱི་མཁན་པོ་ཞུས་ཤིང་། སྨོན་སེམས་དང་འཇུག་སེམས་བསྐྱེད་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་མནོས། རྡོ་རྗེ་ཐེག་པའི་རྒྱུད་སྨིན་པར་བྱེད་པ་ལ་བདེ་མཆོག་འཁོར་ལོ་སོགས་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་བསྐུར་བ་སོགས་མདོ་སྔགས་ཀྱི་བཤད་པ་མང་པོ་གསན། ལྷག་དོན་སློབ་དཔོན་འདི་ཉིད་དང་། སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ། སྒྲ་སྒྱུར་ཆེན་པོ་བྱང་ཆུབ་རྩེ་མོ་སོགས་ཡོངས་འཛིན་བཅུ་གཅིག་གི་མདུན་ནས་རྒྱ་གར་ནས་བོད་དུ་འགྱུར་བའི་སྔགས་དང་མཚན་ཉིད་ཀྱི་དབང་དང་བཤད་པ། ལུང་། མན་ངག་ཕལ་ཆེར་མ་གསན་པ་མི་སྣང་ཞིང་། བོད་ཀྱི་ཆོས་རྗེ་ས་སྐྱ་པ་ཡབ་སྲས་ཀྱི་བཀའ་འབུམ་སོགས་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་རྒྱ་ཆེར་མཛད་དོ།།
རྗེ་འདི་ཉིད་ཀྱིས་རྟོགས་པའི་ཡོན་ཏན་བརྙེས་པའི་ཚུལ་ནི། མདོ་སྔགས་ཡོངས་རྫོགས་ཀྱི་ལམ་རྣམས་ཉམས་སུ་བླངས་ཤིང་སྒྲུབ་པ་ལ་གཞོལ་བའི་འབྲས་རྟགས་སུ། ཡི་དམ་ལྷ་ཡིས་ཞལ་གཟིགས་དང་། སྙིང་རྗེ་ཆེན་པོ་རྩོལ་མེད་དུ་སྐྱེས་པ། གཞན་རྒྱུད་ཀྱི་སེམས་ཀྱི་རྒྱུ་བ་ཕྲ་མོ་མཁྱེན་པ། མནལ་ལམ་དུ་དམ་ཆོས་མང་དུ་གསན་པ་སོགས་ཆོས་ཀྱི་ཉམས་རྟོགས་མང་པོ་བྱུང་། མ་ཟད་བླ་མ་རྡོར་འཛིན་པ་དང་དགེ་བཤེས་ཀུན་ཡེས་སོགས་ཀྱི་ལོ་རྒྱུས་དང་བསྒྲགས་ནས་མངོན་ཤེས་མངའ་བའི་རྟགས་མཚན་མང་དུ་མཆིས། རྗེ་རང་ཉིད་ལ་ཡི་དམ་ལྷ་ཡིས་ཞལ་གཟིགས་བྱུང་པར་མ་ཟད། སྙེ་ཐང་བཀྲ་ཤིས་སེངྒེ་སོགས་གདུལ་བྱ་སྐལ་ལྡན་ལས་དག་རྣམས་ཀྱིས་རྗེ་འདི་ཉིད་རྒྱལ་བ་མི་ཕམ་པ་དང་། སྤྱན་རས་གཟིགས་ཀྱི་མཐོང་སྣང་བྱུང་བ་སོགས་ངོ་མཚར་བའི་ལྟས་ཁྱད་པར་ཅན་ཧ་ཅང་མང་ངོ་།།
དེ་ནས་དགུང་ལོ་ཉེར་དགུ་ལ་ཕེབས་སྐབས་སྐུ་བསྙུང་བའི་ཚུལ་བསྟན་ཅིང་། བུ་སློབ་རྣམས་ཀྱིས་བླ་མ་དང་དཀོན་མཆོག་ལ་གསོལ་བ་བཏབ། དགེ་འདུན་ལ་བསྙེན་བཀུར་བྱས། ཆོས་སྐྱོང་ལ་འཕྲིན་བཅོལ་མཛད་ཀྱང་། ཕན་ཐོགས་མི་ཡོང་བའི་མཚན་མ་མང་པོ་བྱུང་ནས། མཐར་སློབ་བུ་རྣམས་ལ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མིག་འབྲས་བཞིན་དུ་སྲུང་བ་དང་། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་བྱེད་པ། རང་རེའི་བརྒྱུད་པ་འདི་ཉིད་བཀའ་ཕྱག་གཉིས་སུ་མེད་པ་བྱ་བ་ཡིན་པས། ཕྱིའི་ཀུན་སྤྱོད་འདུལ་བ་དང་མཐུན་ཞིང་། ནང་དུ་རྒྱུད་སྡེ་རིན་པོ་ཆེའི་དགོངས་བཅུད་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པ་ཤིན་ཏུ་གལ་ཆེ་བ་སོགས། མདོར་ན་གདུལ་བྱ་རང་རང་གི་བློ་དང་འཚམ་པའི་ཀློག་པ་ཐོས་བསམ་དང་། སྒྲུབ་པ་བསམ་གཏན་ལ་གཞོལ་དགོས་པའི་བཀའ་སློབ་གནང་ཞིང་། སྤྱན་སྔ་རིན་པོ་ཆེ་བསོད་ནམས་གྲགས་པ་ཆོས་ཀྱི་རྒྱལ་སར་བཀོད། མི་དབང་གྲགས་པ་རྒྱལ་མཚན་དང་སྐུ་ཞང་གྲགས་པ་རིན་ཆེན་གཉིས་ལ་སྡེ་སྲིད་ཆོས་ཀྱིས་སྐྱོང་དགོས་པའི་ཞལ་ཏ་ནན་ཅན་གསུངས་ཏེ། དགུང་ལོ་སུམ་ཅུའི་ཐོག་(1386)སྟག་ལོ་ཟླ་བ་གཉིས་པའི་ཡར་ཚེས་ལྔའི་ཉི་མའི་དཀྱིལ་འཁོར་ནུབ་ཏུ་ཉེ་བའི་མཚམས་སུ་སྐུ་བདེ་བར་གཤེགས་སོ།།
འདི་ལྟར་རྗེ་འདི་ཉིད་ཀྱི་རྣམ་ཐར་མཇལ་བ་ན། ཁོང་དགུང་ལོ་སུམ་ཅུ་ཙམ་ལས་བཞུགས་མེད་ནའང་ལུང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བ་བརྙེས་པའི་མཁས་ཤིང་གྲུབ་པའི་སེམས་དཔའ་ཞིག་ཏུ་གྱུར་པ་རེད། མ་གཞི་རྗེ་ཁོང་དེ་ལྟར་དུ་གྱུར་དོན་གཙོ་བོ་ནི་རྗེ་ཉིད་སྐུ་ན་ཕྲ་བའི་སྐབས་ནས་ཞི་བའི་ཕན་ཡོན་ལ་དགའ་ཞིང་། འཁོར་བའི་སྐྱོན་ལ་རྒྱབ་ཀྱིས་ཕྱོགས། ཁྱིམ་གྱི་གཏམ་ལ་མི་སྨྲ་བའི་བརྟུལ་ཞུགས་དང་ལྡན་པ་ཞིག་ཡིན་པའི་ཁར། ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་དང་། སྤྱན་སྔ་གྲགས་པ་ཤེས་རབ། སྒྲ་སྒྱུར་ཆེན་པོ་བྱང་ཆུབ་རྩེ་མོ་གསུམ་སྐུ་ལ་འབྲལ་མེད་དུ་རྗེས་སུ་བཟུང་འདུག་པར་གསལ་བས། འདི་ནི་ཧ་ཅང་གལ་གནད་ཆེ་བར་སྙམ། ང་ཚོ་མི་སུ་ཞིག་ཡིན་ནའང་རང་ཉིད་དང་འབྲལ་མེད་རྗེས་སུ་འཛིན་པའི་ཡོངས་འཛིན་དེ་ལྟར་རེ་མཆིས་ན། ང་དང་ང་འདྲ་བ་རྣམས་ད་ལྟའི་གནས་སྟངས་ལས་བརྒལ་ནུས་པ་ནི་གདོན་མི་ཟའོ།།
མདོར་ན་རྗེ་འདི་ཉིད་མང་ཐོས་སྒྲུབ་ལ་བརྩོན། ཐོས་དོན་ཉམས་སུ་ལེན་པའི་རྣལ་འབྱོར་པ། ལུང་དང་རྟོགས་པས་གཞན་རྗེས་སུ་འཛིན་པའི་སེམས་དཔའ་རླབས་པོ་ཆེ་ཞིག་རེད། ལྷག་དོན་ཁོང་གི་ཐུགས་གཤིས་དང་ཉིན་གཅིག་གི་བྱ་བའི་གོ་རིམ་ལ་ཐེངས་གཅིག་གཟིགས་དང་། ཡིད་སེམས་དབང་མེད་དུ་འགུག་ཅིང་དད་པའི་སྤུ་ལོང་གཡོ་བ་ཞིག་ཏུ་ངེས་སོ།།
མཇུག་མཐར་ཁོ་བོས་བཀླགས་བྱང་འདི་ཉིད་བྲིས་པ་ལ་བརྟེན། རང་དང་སྐལ་བ་མཉམ་པའི་ཆོས་གྲོགས་གང་མང་ཞིག་གིས་<<རྒྱལ་སྲས་བྱང་ཆུབ་སེམས་དཔའ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་>>ལ་ཚར་གཅིག་གཟིགས་པའི་རྒྱུ་རུ་འགྱུར་བར་སྨོན།།
2019/9/20མཚན་མོར་རང་ཤག་ཏུ་བྲིས།
མཆན། •ཁ་སྡེ་ཞེས་པ་ནི་བྱེས་ཀྱི་གདན་ས་ཁག་ནས་མཚན་ཉིད་བྲིས་རྒྱུགས་ལ་ཀ་སྡེ་དང་། སུམ་རྟགས་དག་གསུམ་དང་སྙན་ངག་ལོ་རྒྱུས་སོགས་ཀྱི་བྲིས་རྒྱུགས་ལ་ཁ་སྡེ་ཞེས་འབོད་པ་དེའོ།།
རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས་མཚོ་སྔོན་པར་མའི་ཤོག་ངོས་ ༣༨ པ་ལས།
“དེ་ནས་གདན་ས་ཐེལ་དུ་བྱོན། སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་པའི་དྲུང་དུ་མཇལ། ལེགས་བཤད་ཀྱི་སྐྱེས་ཕུལ་ཞིང་དམ་པའི་ཆོས་ཀྱི་བཀའ་མཆིད་མཛད་པས། ཆོས་རྗེ་སྤྱན་སྔ་བ་དད་པའི་ཤུགས་ཀྱིས་སྤྱན་ཆབ་བྱུང་། ཕྱིས་ཀྱང་དྲུང་ན་འཁོད་པ་དག་དང་ཕེབས་པའི་མཆིད་གླེང་བ་ན། སྐུ་ན་གཞོན་ནུ་འདི་འདྲ་བ་ལའང་ཡོན་ཏན་གྱི་གཏེར་ཆེན་པོ་འདི་ལྟ་བུ་འདུག་ན། ཁོ་བོའི་སྐྱེས་ས་འདི་འདྲ་བ་ཞེས་ཐུགས་ཕྱུང་བའི་གསུང་ཡང་ཡང་འབྱོན་པའི་གཏམ་གླེང་བར་གྲགས་སོ།། དེའི་ཚེ། སྤྱན་སྔ་རིན་པོ་ཆེ་དེ་ཉིད་ལ་ལམ་འབྲས་བུ་དང་བཅས་པའི་མན་ངག་ཡོངས་སུ་རྫོགས་པ་དང་། ནྰ་རོ་བའི་ཆོས་དྲུག་དང་། རྗེ་ཕག་མོ་གྲུ་པ་དང་། ཆོས་རྗེ་འཇིག་རྟེན་མགོན་པོའི་བཀའ་འབུམ་ལ་སོགས་པ་གསན། ” ཞེས་གསལ་ཞིང་། སྐབས་འདིའི་”ལམ་འབྲས་བུ་དང་བཅས་པའི་མན་ངག་” གསུངས་པ་དེ་གང་ལ་གོ་དགོས། ཡོངས་གྲགས་སུ་ལམ་འབྲས་བུ་དང་བཅས་པའི་མན་ངག་ཞུ་དུས་ས་སྐྱ་པ་ལ་གྲགས་ཆེ་བའི་ “གསུང་ངག་ལམ་འབྲས་” ལ་གོ་བ་ཞིག་འདུག