བསྟན་འཛིན་དབྱངས་གསལ།
ཁྱེད་ནི་དེང་དུས་ཀྱི་རྩོམ་པ་པོ་དང་ཞིབ་འཇུག་པ་ཞིག་གི་ས་མཚམས་ན་ཡོད་དུས། ཁྱེད་ཀྱིས་ཀྱང་དུས་དང་འཚམ་པའི་ཞིབ་འཇུག་བྱེད་ཐབས་ཤིག་སྤྱོད་དགོས་པ་མ་གཏོགས། ཨུ་ཚུགས་མཁྲེགས་འཛིན་གྱིས་ཞིབ་འཇུག་བྱེད་སྟངས་ཀྱི་ཆ་ནི་གནད་ལ་མི་ཐིངས་ཤིང་ཁ་མི་ཚང་བ། རང་ཕྱོགས་གཅེས་འཛིན་དང་གཞན་ཕྱོགས་ལ་སྡང་བའི་ཞིབ་འཇུག་གི་གྲུབ་འབྲས་དང་ངོས་འཛིན་ཕྱོགས་རིས་པ་དེར། སུ་གང་གིས་ཚད་འཛིན་དང་ཁས་ལེན་མི་བྱེད་པ་ནི་ཐོག་མའི་གསལ་འདེབས་ཡིན་ནོ། །
སྤྱིར་ན། དུས་དེང་སང་གི་ཞིབ་འཇུག་པ་ཚད་ལྡན་ཞིག་ཡིན་ན། ལངས་ཕྱོགས་ཡོད་མ་རེད་ལ་འཛིན་རྒྱུའང་མ་རེད། དེ་བས་ཀྱང་ཉམས་ཞིབ་པ་རང་ཉིད་སྤྱི་ཚོགས་གང་གི་ཁོངས་སུ་གཏོགས་པའི་ཕྱོགས་སུ་ལྷུང་མི་ཉན་པ་ནི་ཉམས་ཞིབ་པ་ཚད་ལྡན་ཞིག་གི་མ་མཐའི་ཆ་རྐྱེན་དེ་རེད། ཡང་ད་ལྟའི་དངོས་ཐོག་བདེན་འཚོལ་གྱི་ཉམས་ཞིབ་པ་ཚད་ལྡན་ཞིག་ཡིན་ཕྱིན། ཉམས་ཞིབ་བྱ་ཡུལ་གྱི་ཕྱོགས་དང་ཟུར། ངོས་མི་འདྲ་བ་སྣ་ཚོགས་ནས་བརྟག་ཞིབ་ནན་ནན་ཏིག་ཏིག་བྱས་ཏེ། རྒྱུ་མཚན་ཁུངས་བཙུན་གྱི་སྒོ་ནས་རྒྱབ་ལྗོངས་མི་འདྲ་བ་སྣ་ཚོགས་ནས་མཐའ་མའི་གྲུབ་དོན་དེ་གཏན་འབེབ་བྱས་དང་བྱེད་ཀྱིན་པ་འདི་ཀོ་རེད།
འོན་ཀྱང་ཁ་རྩང་སྟེ། རེ་མདོ་སེངྒེ་ལགས་ཀྱིས་ཁ་བརྡ་དྲ་བར་སྤེལ་བའི་<<དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཀྱི་སློབ་གསོའི་ནང་དོན་ཅན་གྱི་སློབ་གྲྭ་ཁག་བོད་དུ་རྒྱུན་གནས་མ་ཐུབ་པའི་རྒྱུ་རྐྱེན་འཚོལ་ཞིབ།>>ཟེར་བ་དེ་ཐེངས་གཅིག་བཀླགས་པ་ན། བསམ་གཞིག་གི་དབྱིངས་སུ་བཙན་གྱིས་བདའ་སོང་། དེ་ནི་རང་ཉིད་གང་གཏོགས་སྤྱི་ཚོགས་ཀྱི་འདས་པའི་ནོར་འཁྲུལ་དེ་ལོ་རྒྱུས་ཀྱི་ཐོག་ནས་དཀར་འདོན་བྱ་རྒྱུ་དམིགས་འབེན་དུ་བཞག་པའམ། ཡང་ན་རང་ཕྱོགས་ཀྱི་ནོར་བའི་ཆ་དེ་ཁས་ལེན་མ་ཐུབ་པའི་རྣམ་འགྱུར་ཙམ་བསྟན་པ་ལས། ཕྱོགས་སུ་མ་ལྷུང་བའི་ཉམས་ཞིབ་པ་ཞིག་གི་རང་ཚུགས་ཤོར་ཚར་འདུག
དོགས་སློང་ཙམ་ཞིག་གིས་འདས་པའི་ལོ་རྒྱུས་ཀྱི་ནོར་འཁྲུལ་དེ་ཡོ་བསྲང་གཏན་ནས་མི་བཏུབ་ལ། དེ་ལས་ཀྱང་ལོ་རྒྱུས་ཀྱི་བཟང་ངན་དེ་ལོ་རྒྱུས་རང་གིས་ཁ་གྲག་རྒྱུ་ལས་དེ་རིང་གི་ཁྱེད་དང་ཁྱེད་ལྟ་བུའི་གཟུ་ལམ་ཅན་དག་གིས་རང་སྣང་གང་དྲན་གྱིས་བཟོ་བཅོས་རྒྱག་ཆོག་ཆོག་གར་ཡང་མ་མཆིས་སོ། །
གཅིག
ཁྱེད་ཀྱིས་ཟེར་ན། ༼སྔ་མོ་ནས་བོད་ཀྱི་གདན་ས་ཁག་ཏུ་ཆོས་ཀྱི་ཉམས་ལེན་དང། ལྟ་གྲུབ། མཚན་ཉིད་རིག་པའི་གཞུང་ལུགས། སྲོལ་རྒྱུན་གྱི་སྨན་རྩིས་དང་སྐད་ཡིག་གི་རིག་གནས། རྩོམ་རིག་སྒྱུ་རྩལ། བཟོ་རིག་ལག་རྩལ་བཅས་ཆོས་ལུགས་དང་ཆོས་ལུགས་མ་ཡིན་པའི་རིག་གནས་སྣ་མང་དར་ཁྱབ་ཆེན་པོ་བྱུང་ཡོད།༽ཅེས་གདེང་ཚོད་ཆེན་པོའི་ཐོག་ནས་ཐག་ཆོད་བྱས་འདུག་མོད། གཞི་རྩའི་ནང་བསྟན་ཆོས་ལུགས་དང་རྩ་བ་ནས་མ་འབྲེལ་བའི་ལྟ་གྲུབ་དང་སྨན་རྩིས། བཟོ་རིག་སོགས་ཟུར་དུ་རང་སྐྱ་འཕེར་བའི་གཞུང་ལུགས་གཙང་མ་རེ་དང་དེ་དག་གི་རྒྱུད་འཛིན་བྱེད་མཁན་ཆོས་ལུགས་ལ་དད་པ་མེད་ཅིང་ཆོས་ལུགས་པའི་དབང་བསྒྱུར་འོག་ཏུ་མ་ཤོར་བ་སུ་སུ་ཡོད་དམ།
གཉིས།
ཁྱེད་ཀྱིས་ན་རེ། ༼སྔ་མོ་ནས་བོད་དུ་གོར་ཥའི་སྐད་ཡིག་དང། རྒྱ་ནག་གི་སྐད་ཡིག། ཁ་ཆེ་ཨ་རབ་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སའི་སློབ་གྲྭ་ཡོད་པ་དེ་དག་ཀྱང་བོད་ཀྱི་གདན་ས་ཁག་གིས་བཀག་འགོག་བྱས་ཏེ་ཤུལ་མེད་དུ་བཏང་དགོས་པ་ཡིན་ཡང།༽ ཟེར་བ་འདི་ནི། ཁྱེད་ཀྱིས་བསྒྲུབ་བྱ་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པ་དང་བཞི་བཅུ་པའི་ནང་བོད་ཀྱི་སྤྱི་ཚོགས་ཁྲོད་དབྱིན་ཇིའི་སྐད་ཡིག་དང་ཤེས་རིག་གསར་པ་དར་འཕེལ་ཡོང་བར་འགོག་རྐྱེན་བཟོས་མེད་སྐོར་ལ་སྒྲུབ་བྱེད་དུ་བཀོད་པ་འདྲ་མོད། འོན་ཀྱང་དེ་ནི་ཐང་ནས་རྡོ་ལེན་ཞོར་རུམ་གྱི་གྲོ་ལྷུང་བའི་དཔེ་ཟླར་གྱུར་འདུག གང་ཡིན་ཟེར་ན། དུས་སྐབས་དེར་གོར་ཥ་དང་རྒྱ་ནག ཨ་རབ་སོགས་ཀྱི་སློབ་གྲྭ་གང་གང་ན་ཡོད་དམ། སུ་སུས་བཙུགས་པ་རེད། ནམ་ཞིག་ལ་སློབ་གྲྭ་དེ་དག་མེད་པ་ཇི་ལྟར་གྱུར་བ་རེད་དམ།
གསུམ།
ཡང་ཁྱེད་ཀྱིས། རྒྱ་གར་གྱི་རང་སྲིད་རང་སྐྱོང་གི་སྲོལ་འབྱེད་པ་གྷན་ངྷི་མཆོག་དང་བོད་རང་བཙན་གྱི་དཔའ་བོ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་བོད་ཀྱི་ལོ་རྒྱུས་རིག་པའི་སྒོ་འབྱེད་པ་དགེ་འདུན་ཆོས་འཕེལ། དུས་དེང་སང་གི་མཁས་བཙུན་གྱི་གཙུག་རྒྱན་ཟམ་གདོང་རིན་པོ་ཆེ་དང་རྩོམ་པ་པོ་རྒན་གྲས་དོར་ཞི་སོགས་ཁྱེད་ཀྱི་རྩོམ་ཡིག་གི་རྒྱབ་ལྗོངས་སུ་མི་འཕྲོད་བཙན་སྦྱར་བྱས་འདུག
དཔེར་ན། དྲི་བ་ཁག་གིས་གནད་དོན་འདི་ཚོ་གཙང་མ་ཞིག་བཟོས་ན། གྷན་ངྷི་མཆོག་གིས་དབྱིན་ཡུལ་ནས་དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཀྱི་སློབ་གསོ་ཆ་ཚང་སྦྱངས་འབྲས་ཐོན་པ་མ་རེད་དམ། དེ་བཞིན་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཚང་གིས་རྒྱ་དཀར་ནག་གཉིས་ཀ་དང་སོག་ཡུལ་བཅས་སུ་དངོས་སུ་ཕེབས་ནས་ཉམས་མྱོང་རང་གི་ཐོག་ནས་ཁོང་གི་མིག་རྒྱང་དེ་སད་པ་མ་རེད་དམ། དགེ་ཆོས་ལ་ཆ་མཚོན་ན་རྒྱལ་ཁམས་རིག་པས་བསྐོར་ནས་དབྱིན་ཇིའི་སྐད་ཡིག་གིས་མཚོན་པའི་སྐད་ཡིག་སྣ་མང་ལ་བྱང་ཆུད་པ་ཞིག་མ་རེད་དམ། ཟམ་གདོང་རིན་པོ་ཆེ་ཡིན་ན་དབྱིན་ཇི་དང་ལེགས་སྦྱར་སྐད་ཡིག་ལ་ནང་བྱན་ཆུད་པ་ཞིག་དེ་བས་ཀྱང་མ་རེད་དམ། དོར་ཞི་ཚང་ཡིན་ན་རྒྱ་སྐད་དང་དབྱིན་ཡིག་སོགས་ཀྱི་ཡོན་ཚད་ག་འདྲ་ཡོད་མེད་དེ་ངས་མ་བཤད་རུང་ཁྱོད་ཀྱིས་ཀྱང་ལོས་ཤེས། ཁོང་ཅག་གིས་དབྱིན་ཇིའི་སྐད་ཡིག་སྦྱངས་ཤིང་ལག་ལེན་གྱི་ཐོག་ནས་བེད་སྤྱོད་གཏོང་དགོས་ཐུག་པ་ནི། དགོས་དམིགས་དང་ཕུག་བསམ་སྟོབས་ཅན་རེ་ལོས་ཡོད། གལ་ཏེ་ཁོང་ཅག་གིས་དབྱིན་ཇིའི་སྐད་ཡིག་དེ་མ་སྦྱངས་ཤིང་དེང་རབས་སློབ་གསོ་བེད་སྤྱོད་གཏོང་མྱོང་མེད་ན། ཁོང་ཅག་གི་བཞེངས་ཕྱོགས་དེ་ཁྱེད་ཀྱི་རྩོམ་ཡིག་འདིའི་རྒྱབ་རྟེན་དུ་ཧ་ཅང་མཐུན་པོ་འདུག་མོད། འོན་ཀྱང་དེ་འདྲ་ནི་རྩ་བ་ནས་མ་ཡིན་པས་སོ། །
༢༠༡༩།༡༠།༠༢ཉིན།
དྲི་མེད་ཟེར་བའི་བོད་པའི་བུ་མོ་ཞིག་གིས་སྐད་གྲགས་གནམ་སར་མི་ཤོང་བ་ཞིག་བཞག་འདུག དྲ་ཐག་འདི་ལ་གཟིགས་དང་། https://youtu.be/mPG501oj7_s
སྤྱིར་གསར་བརྗེ་བ་ལ་མི་འདོད་པ་ནམ་ཡང་མེད་ གལ་ཆེ་བ་ནི་མདུན་ཕྱོགས་ལ་མཐོང་དགོས་པ་དེ་རེད་ མདུན་ཕྱོགས་ནི་ང་ཚོ་མི་འདོད་རུང་འགྲོ་དགོས་པའོ་རང་བཞིན་ལས་ལྡོགཏུ་མེད་ན་ རང་མི་རིགས་ཀྱི་རིགས་གནས་དར་གུས་མདུན་ཕྱོགས་ཀྱི་ལམ་ནས་མཐོང་དགོས་ དེ་མཐོང་བ་ལ་འདས་པའི་བོད་ཀྱི་བྱུང་རབས་དཔེ་ཚོན་གྱི་ལམ་ནས་ ད་ལྟའི་བོད་ཀྱི་རིགས་གནས་ལ་བཙན་འཛུལ་བ་ཕྱི་མི་ཀྱང་པ་མ་ཡིན་་པར་ཡུལ་ནས་ཡུལ་སུ་གྱར་བའི་བོད་་མི་ཡང་ཡོད་པ་ཤེས་ཐུབ་དེ་ཤེས་ན་ གང་ཞིག་བོད་ཀྱི་ཙ་དོན་་ཞེས་པ་ངེས་པ་བརྙེས་སྲིད་་པ་དེ་རེད་ འདིར་ཞུ་འདོད་པ་ནི་དུས་རབས་གོང་མའི་ནང་རྒྱ་ནག་གཞུང་གི་བོད་མི་རིགས་ཀྱི་རིགས་གནས་ལ་དགའ་་གཞན་ཡོད་ན་ཀླད་རྙིང་འཁྲིགས་འཛིན་པར་ཞགས་པ་དང་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་་ཚོགས་ནང་ཆོས་ཀྱི་བོད་ཡར་རྒྱས་ལ་གནོད་པ་རེད་ཟེར་ནདེ་གཉིས་ལ་ཁྱད་པར་གལ་མི་འདུག་
ཡག་པོ་བྲིས་གནས་འདུག
བསྟན་འཛིན་དབྱངས་གསལ་ལགས་ནས་ལན་ཡག་པོ་ཕུལ་འདུག