འབྲོག་འཆང་།
རྒྱང་རིང་རྒྱང་རིང་ཞིག་ནས།
རྒྱང་རིང་རྒྱང་རིང་ལ་དམིགས།
ཡིད་ཐང་མ་ཆད་ཀྱང་།
ངལ་མ་སེལ་བའི་ཉམས་སྣང་།
ཡང་སྙིང་ཅི་ཞིག་གི་ཆེད་དོན།
ཡིད་ཐང་མ་ཆད་པའི་ངལ་བ་ཡིན་ནམ།
དོན་ཆུང་དོན་ཆུང་ཞིག
དོན་ཆེན་དོན་ཆེན་སྣང་།
འཁྲུག་རྩོད་ཀྱིས་དམར་འཛིང་མེད་ཀྱང་།
དཔའ་མི་ཞུམ་པའི་ངར་ཤུགས།
དགོས་དབང་ཅི་ཞིག་ཐོབ་ཕྱིར།
ངར་ཤུགས་མ་ཞུས་པའི་རྩོད་པ་ཡིན་ནམ།
རིགས་ཞེན་ཟབ་མོ་ཟབ་མོ་ཞིག
སྙིང་གི་དམར་ས་དམར་སར་ཉར།
དགའ་སྡུག་ཅུང་ཙམ་ཞིག་འཕྲད་ཀྱང་།
བཟོད་མ་ནུས་པའི་དུག་རླུང་།
དོན་དངོས་ཅི་ཞིག་སེམས་ཀྱིན།
ཕན་ཚུན་ལ་གདེངས་པའི་འཕྱུར་བ་ཡིན་ནམ།
སྤྱི་ལོ་༢༠༡༩ཟླ་༠༩ཚེས༢༦ཉིན་བྲིས།