དགེ་བསྟན།
“ལྷན་རྒྱས་ནས་རང་རང་སོ་སོའི་དགོངས་ཚུལ་གསུངས་དང་། ཚང་མས་གསུངས་དང་།” སྲིད་བློན་གྱིས་བློན་ཆེན་ལྷན་ཚོགས་ཀྱི་ཚོགས་འདུ་བསྐོངས་ཏེ། མིག་སྔར་རྒྱལ་ནང་དུ་དཀའ་རྙོག་རབས་དང་རིམ་པར་བྱུང་བ་རྣམས་གཅིག་གཅིག་དང་གཉིས་གཉིས་བྱས་ནས་གསལ་བཤད་བྱས་རྗེས། ཁོ་ཚོའི་བསམ་ཚུལ་ཅི་ཡིན་དྲིས།
“ཁྱེད་ཚོས་གསུངས་དང་། དཀའ་རྙོག་འདི་ཚོ་སེལ་བའི་ཐམས་ལམ་ག་རེ་ཡོད།” བློན་ཆེན་རྣམས་ཀྱིས་ཕན་ཚུན་ལ་ལྟ་ཙམ་ལྟ་ཙམ་བྱེད་པ་ལས། དགོངས་ཚུལ་གསུང་མཁན་མ་བྱུང་བས། སྲིད་བློན་ལགས་ཀྱིས་ཡང་བསྐྱར་དྲིས། ལན་གཉིས་ལ་དྲིས་ཀྱང་སུས་ཀྱང་རང་གི་བསམ་ཚུལ་མ་གསུངས། ཁོས་སླར་ཡང་ལན་ཅིག་འདྲི་སྙམ་པའི་ཚེ། བློན་ཆེན་རྣམས་གཅིག་རྗེས་གཉིད་མཐུད་དུ་ཁ་གྲགས་བྱུང་། “བྱང་གི་ཁྱིམ་མཚེས་ལ་ཕོག་ཐུག་གཏོང་མི་ཉན།”
ཚོགས་འདུ་གྲོལ་ཚར། སྲིད་བློན་རང་གི་རྐུབ་སྟེགས་སྟེང་དུ་བསྡད་ནས། རྐང་པ་གཉིས་བསྣོལ་ཏེ་མདུན་ཅོག་སྟེང་དུ་བཞག །ལག་པ་གཡས་པས་མཆུ་ཏོ་ལ་རེག་ཙམ་རེག་ཙམ་བྱེད་ཀྱིན་མནོ་བསམ་གཏོང་བཞིན་མཆིས། ཁོའི་མིག་གཉིས་ག་ལེར་མདུན་ཕྱོགས་ཀྱི་རྩིག་ངོར་བཀལ་བའི་འདྲ་པར་རྣམས་ལ་ཕྱོགས། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འདྲ་པར་ལ་བལྟས་ནས་ཡུད་ཙམ་བསྡད་རྗེས། གློ་བུར་དུ་ཅི་ཞིག་མཐོང་བ་ལྟར་རྐང་པ་སར་ཕབ་སྟེ་ཡར་ལངས་པ་དང་། མདུན་ཅོག་སྒང་ལ་ཁུ་ཚུར་ཁྲོགས་སེ་གཞུས་ནས། “བྱ་རུང་ལག་ཤོར། བྱ་རུང་ལག་ཤོར།” ཞེས་བརྗོད་དེ་མིག་གཉིས་དེ་སྔའི་སྲིད་འཛིན་དང་སྲིད་བློན་གྱི་འདྲ་པར་ལ་ཕྱོགས།
དང་པོ་བྱ་རུང་རྒྱལ་པོའི་ཁ་ནས་ཤོར།
གཉིས་པ་བྱ་རུང་བློན་པོའི་ལག་ནས་ཤོར།
མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ལ་ཕྱག་འཚལ་ལོ།