ཀྱེ་མ་ཧོ།
ལྷན་སྐྱེས་ཤིང་ལོ་མི་འདོད་ས་ལ་ལྷུང་།།
ལྗང་མདོག་རང་དབང་མེད་པར་སེར་པོ་གྱུར།།
ལྭ་དཀར་འབྱོར་བའི་རྒུད་པ་གམ་ན་ལྷག།
ཀྱེ་མ་འཁོར་བའི་ཆོས་ལ་སྙིང་པོ་རལ།།
ནོར་འཛིན་ཕལ་ཆེར་སྐྱི་སེར་ངར་མོས་མནར།།
སྨུག་ཀློང་ཁྲོད་ནས་མི་རྟག་སྒྱུ་མ་མཐོང་།།
རྨི་ལམ་ནང་ནས་བར་དོའི་གྲོགས་པོར་ཐུག།
ཀྱེ་མ་འཆི་བའི་གསང་བ་ཨ་ཙ་མ།།
བློ་གཏད་གྲོགས་ཀྱིས་བསླུས་པའི་བར་གསེང་ལས།།
དྲོད་འཇམ་རིང་མོའི་དབྱར་རླུང་གྲང་ངེད་ཐལ།།
ལུས་ངག་དྲོད་ཁོལ་ཡལ་བའི་རྒྱུ་འགྲིམ་ལ།།
ཀྱེ་མ་ཡང་སྙིང་དོར་བ་ཀྱེ་མ་ཧུད།།
བདེན་དྲང་དོང་དུ་གཡུགས་པའི་དུས་རབས་དར།།
དྲིན་ལན་ལོག་འཇལ་མོད་པའི་སྐྱིལ་ཐང་ཁྲོད།།
པུར་སྒམ་གསེར་དངུལ་རྒྱན་པའི་གནའ་སྲོལ་རིགས།།
ཀྱེ་མ་མུན་པ་ལས་ཀྱང་མུན་ནག་བརྟས།།
ཁ་མཆུ་རྡོ་ལ་ཚེས་པའི་ནམ་ཟླའི་གར།།
ཐ་སྐར་ཉ་ལ་འཆར་བའི་རྟེན་འབྲེལ་སྐབས།།
འཇིག་རྟེན་མགོ་བོ་བྲལ་བའི་རྡུལ་ཕུང་ཀླུང་།།
ཀྱེ་མ་སྟོན་གྱི་མུན་ཀློང་ཡ་རེ་ང་།།
འདིར་སྣང་ཁྲ་ཁྲ་ཡང་མོ་རླུང་གིས་ཁྱེར།།
ཚོགས་བདུན་ཤེས་པ་ཀུན་གཞིའི་ངང་ངུ་རྒྱལ།།
གྲོག་ཚང་རལ་བཞིན་བོད་འབངས་སྙིང་རེ་རྗེ།།
ཀྱེ་མ་ཀྱེ་ཧུད་འགྲོ་ཀུན་བླ་མས་སྐྱོབས།།
ཞེས་པ་འདི་ཡང་རབ་གནས་ས་ཕག་གི་ཐ་སྐར་ཟླ་བའི་ཚེས་བཅུ་ལ་སྒྲོལ་ངོར་བརྡ་དོན་སྙིང་པོ་རབ་གསལ་གྱི་རྒྱབ་ཆོས་སུ་ཤྲཱིཿསྨྱོན་པས་ཉི་མ་དམར་ཐག་ཆོད་པའི་སྐབས་སུ་མྱུར་བྲིས་བྱས་པར་དགེའོ།། །།
མི་ཚེ་རིང་ན། མྱུར་བྲིས་མི་ཐུབ་པ་ཞིག་མི་འོང་ངམ།