རྔ་བ་དུག་འཚེར།
ཕྱི་གླིང་པ་ཚོས་བོད་སྐད་བཤད་སྟངས་ལྟར་བྱས་ན་ཟླ་སྒྲོན་ཤར་གླིང་དང་། བོད་རང་གི་སྐད་ཀྱི་འགྲོ་སྟངས་ལྟར་བྱས་ན་ཤར་གླིང་ཟླ་སྒྲོན། གངས་སྐྱིད་དུ་ཨ་ནེ་སྙིད་མོ་རུ་གྲགས་པ་མོ་ནི་སྐད་གྲགས་ཆེ་བའི་ཁ་མཆུ་ཨང་ཉི་ཤུ་པའི་ཐོག་མའི་འབྱུང་རྐྱེན་གྱི་ནད་ཀྱི་རྩ་བ་དང་དུག་གི་སྡོང་པོ་ལྟ་བུ་དེ་རེད།
བློ་བཟང་སངས་རྒྱས་ཐེངས་གཉིས་པར་སྲིད་སྐྱོང་འོས་མིར་ཐོན་སྐབས། ཤར་གླིང་ཟླ་སྒྲོན་གྱིས་བློ་བཟང་སངས་རྒྱས་ཀྱི་བཀའ་ཤག་ནི་སྐྱུགས་བྲོ་བའི་བཀའ་ཤག་ཅིག་ཡིན་པ་དང་། བཀའ་ཤག་དེས་ཤེས་ཡོན་དང་འཇོན་ཐང་ཡོད་མེད་ལ་མི་བལྟ་བར། རང་གི་ངོ་ཤེས་དང་། རང་དང་འབྲེལ་བ་ཡག་པོ་ཡོད་མཁན་ཚོར་གོ་སྐབས་མང་བ་སྐྲུན་བཞིན་ཡོད་སྐོར་གྱི་སྐྱོན་བརྗོད་དྲག་པོ་བྱས།
བློ་བཟང་སངས་རྒྱས་ལ་ཐེངས་གཉིས་པའི་སྲིད་སྐྱོང་གི་རྒྱལ་ཁ་ཐོབ་རྗེས། བློ་བཟང་སངས་རྒྱས་ཀྱིས་ཟླ་བ་གསུམ་དང་ཉིན་ཉི་ཤུས་ལོ་ཚད་མ་ལོན་པས་བཀའ་བློན་གྱི་འོས་ཆོས་མི་ཚང་བའི་ཤར་གླིང་ཟླ་སྒྲོན་བཀའ་བློན་དུ་འཐེན་པ་དང་། ཤར་གླིང་ཟླ་སྒྲོན་གྱིས་ཀྱང་བཅའ་ཁྲིམས་ཀྱིས་བཀའ་བློན་འོས་ཆོས་ཐག་བཅད་པའི་༼ལོ་ངོ་ཧྲིལ་པོ་སུམ་ཅུ་སོ་ལྔ་འཁོར་བ་༽ཞེས་པའི་ཧྲིལ་པོ་ཞེས་པར་ལོ་ལྔའི་རིང་སྤྱི་འཐུས་བྱས་ནས་བསྡད་མྱོང་མཁན་ཞིག་གིས་མ་ཤེས་མདོག་མདོག་གིས་ཐར་འགྲོ་ངེས་རེད་བསམས་པས་བཀའ་བློན་གྱི་འོས་གཞིར་ལངས་ཡང་གྲོས་ཚོགས་ནང་ནས་འདྲེད་བརྡབ་ཤོར་བར་མ་ཟད། བཀའ་བློན་གྱི་འོས་མིར་ལངས་ཆེད་གྲོས་ཚོགས་ཀྱི་རྐུབ་བཀྱག་ཡང་བློས་གཏོང་བྱེད་དགོས་ཐུག འོན་ཀྱང་དེ་སྔོན་ཁ་ནས་ཐོན་ཚད་ལྟར་སྐྱོན་བརྗོད་བྱེད་སའི་སྲིད་སྐྱོང་དེ་ལ་གུས་བརྩི་ཡོད་རབས་དང་། ཁོང་གིས་ང་རང་བཀའ་བློན་འོས་མིར་འཐེན་པ་ནི་བསོད་ནམས་ཆེན་པོ་ཡིན་རབས་སོགས་ཁ་ཁོག་རྦད་དེ་མི་མཐུན་པའི་སྐད་ཆ་རྫབ་ཆེན་འདྲ་མིན་བཤད།
དེ་རྗེས་ཡང་བསྐྱར་སྲིད་སྐྱོང་བློ་བཟང་སངས་རྒྱས་སྡོད་མ་ཚུགས་པར་ཤར་གླིང་ཟླ་སྒྲོན་བཀའ་བློན་འོས་མིར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་མདུན་ཅོག་ཐོག་ཏུ་བཞག་ཡང་བསྐྱར་དུ་འདྲེད་བརྡབ་ཤོར།
དུས་ཡུན་ཐུང་ཐུང་ཞིག་གི་རིང་བཀའ་བློན་གྱི་རྐུབ་བཀྱག་སྔ་ཕྱི་ཐེངས་གཉིས་དང་། གྲོས་ཚོགས་ཀྱི་རྐུབ་བཀྱག་བཅས་རྩ་ཆེའི་རྐུབ་བཀྱག་ཐེངས་གསུམ་ལ་ཤོར་བ་ནི་རྩེད་མོ་རྩེ་བཞིན་པ་ཞིག་དང་མཚུངས། དོན་ངོ་མར་དེ་ནི་སྐྱིད་པོ་གཉིས་བརྩེགས་མེད་པར་སྡུག་པོ་གསུམ་བརྩེགས་ཟེར་བའི་དཔེ་རུ་གྱུར། མ་ཟད་འཇིག་རྟེན་གཏམ་དཔེར། མ་བསྙབས་གནམ་ལ་བསྙབས་ན།། རྐང་པའི་རྟིང་རྩ་ཆད།། ཅེས་པའི་སྡོམ་ཚིག་དེ་ཏག་ཏག་ཤར་གླིང་ཟླ་སྒྲོན་གྱི་མགོ་ཐོག་ཏུ་ལྷུང་།
ཤར་གླིང་ཟླ་སྒྲོན་གྱི་བཀའ་བློན་དང་སྤྱི་འཐུས་ཀྱི་ལམ་ཁ་ཚང་མ་མེད་པར་ཆགས་རྗེས། སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱིས་སྒེར་གྱི་དབང་ཚད་བཀོལ་ནས་ཤོ་རྡེའུ་ལྟ་བུའི་ཤར་གླིང་ཟླ་སྒྲོན་དེ་དྲིལ་བསྒྲིགས་དྲུང་ཆེའི་ཚད་མཉམ་གྱི་རྐུབ་བཀྱག་ཐོག་ཏུ་དེད། རྒྱ་དང་ར་མ་གཉིས་ལ་མཐོ་དགའ་ཆེ་ཟེར་བའི་དཔེ་ལྟར་དེས་ཤར་གླིང་ཟླ་སྒྲོན་གྱི་འདོད་པ་ཡེ་ནས་མ་ཚིམས་པས་དུས་ཡུན་ཐུང་ངུའི་ནང་རྐུབ་བཀྱག་དེ་རང་སར་ཇི་མི་སྙམ་པས་གཡུགས།
སྲིད་སྐྱོང་བློ་བཟང་སངས་རྒྱས་དང་ཤར་གླིང་ཟླ་སྒྲོན་གཉིས་ཀྱི་གངས་སྐྱིད་ཀྱི་ལེའུ་དེ་རྫོགས་རྗེས། ཤར་གླིང་ཟླ་སྒྲོན་གྱིས་ཚོགས་ཟུར་སྤེན་པ་ཚེ་རིང་ལངས་རྒྱུ་མེད་པར་བཟོ་ཆེད། འཇིགས་སུ་རུང་བའི་འཁྲབ་སྟོན་གྱི་ལེའུ་གསར་པ་ཞིག་གི་འགོ་བཙུགས།
དེ་ཡང་ཚོགས་ཟུར་སྤེན་པ་ཚེ་རིང་གིས་དིལླཱིར་ཤར་གླིང་ཟླ་སྒྲོན་ལ་ལྷག་བསམ་རྣམ་དག་གིས་བཤད་པའི་སྐད་ཆ་དེ། ཤར་གླིང་ཟླ་སྒྲོན་གྱིས་རང་ལ་ཚད་ལས་བརྒལ་བའི་མཐོང་ཆུང་བྱས་པ་ལྟ་བུར་གོ་ནས། ཁོང་ཁྲོ་མེ་ལྟར་འབར་བ་ནའང་གནས་སྐབས་འཁོན་ལན་སློག་པའི་གོ་སྐབས་མ་རྙེད།
བསམ་ཡུལ་ལས་འདས་པ་ཞིག་ལ། མོས་ཚོགས་ཟུར་སྤེན་པ་ཚེ་རིང་གིས་བཤད་པའི་སྐད་ཆ་དེ་གསང་བ་ཡིན་མདོག་གིས་ཁ་བདག་མི་ཐུབ་པར་ཤེས་པའི་དགེ་ལུགས་སྤྱི་འཐུས་རྒྱགས་པ་དེ་བརྒྱུད་ལམ་ལྟ་བུར་ཤེས་ནས་གསང་བ་དེ་ཕྱི་ལ་ཤོར་ཆེད་བསམ་བཞིན་དུ་མི་དེར་བཤད། ཏག་ཏག་ལས་ངན་སྤྱི་འཐུས་དེས་ཤར་གླིང་ཟླ་སྒྲོན་གྱི་བསམ་དོན་ལྟར་གསང་བ་སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱི་རྣ་རྩར་བཏང་།
ཤར་གླིང་ཟླ་སྒྲོན་གྱི་དམིགས་ཡུལ་གཙོ་བོ་ནི། བཀའ་ཤག་དང་སྤེན་ཚེའི་བར་འགལ་ཟླ་བཟོས་ཏེ། ཚོགས་ཟུར་སྤེན་པ་ཚེ་རིང་སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱི་མིག་ནང་གི་ཚེར་མ་ལྟ་བུ་ཞིག་ཏུ་འགྱུར་དུ་འཇུག་རྒྱུ་དེ་ཡིན་པར་མ་ཟད། ལ་ཁའི་དར་ཅོག་ལྟ་བུའི་བཀའ་ཤག་གི་ནུས་པ་དེ་སྤྱད་ནས་ཚོགས་ཟུར་སྤེན་པ་ཚེ་རིང་ལ་བསམ་ཡུལ་ལས་འདས་པའི་མིང་ཆད་ངན་པ་བཟོ་རྒྱུ་དེ་རང་རེད།
གནས་ཚུལ་འདི་འདྲ་ཞིག་གི་འོག་ནས་ཤར་གླིང་ཟླ་སྒྲོན་གྱི་བསམ་ཐོག་ལ་རྟ་རྒྱུག་པ་ལྟར་བྱུང་སྟེ། སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱིས་ཚོགས་ཟུར་སྤེན་པ་ཚེ་རིང་དེ་རང་གི་དགྲ་དགྲ་ནག་ཅིག་ཏུ་བརྩིས་པས་རྦད་དེ་རྨོངས་པར་གྱུར། དེ་ནས་བཟུང་སྲིད་སྐྱོང་བཟང་སངས་རྒྱས་ཀྱིས་ཚོགས་ཟུར་སྤེན་པ་ཚེ་རིང་གིས་བོད་མིའི་རྩ་དོན་ཆེད་དུ་ལྷག་བསམ་རྣམ་དག་གིས་རང་གི་ཤེས་འཇོན་གྱི་ནུས་པ་ཡོད་ཚད་སྤྱད་དེ་ཁ་ནས་བཤད་ཚད་དང་། ལག་གིས་ལས་ཚད་ཚང་མ་མ་འོས་པ་དང་། མི་འཚམས་པ། རང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་ལྟ་བུར་ཚོར་བ་དེ་སྤེན་ཚེ་དོན་གཅོད་ནས་གནས་དབྱུང་གཏང་རྒྱུའི་རྒྱུ་རྐྱེན་གྱི་གཏིང་རྡོ་ལྟ་བུའི་ནང་ནས་གཅིག་ཏུ་གྱུར།
རིམ་པས་སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱིས་ཚོགས་ཟུར་སྤེན་པ་ཚེ་རིང་དེ་ཁོ་རང་མེ་དང་ཆུ་ལྟ་བུའི་ལྷན་ཅིག་མི་གནས་འགལ་ལྟ་བུར་མཐོང་སྟབས། ཚོགས་ཟུར་སྤེན་པ་ཚེ་རིང་རང་ལ་མི་དགའ་བ་དེ་བྱ་སྤུ་གནོན་མེད་པར་ཁ་བསྒྱུར་ནས་གནས་དབྱུང་གཏང་རྒྱུའི་བསམ་ངན་སེམས་ལ་འཁོར་བ་དེ་ལྷན་ཁང་ཁག་གི་བཀའ་བློན་དེ་དག་བེད་སྤྱད་ནས་བཀའ་ཤག་སྤྱི་མོས་ཡིན་ཚུལ་གྱིས་ལག་བསྟར་བྱས།
བྱ་ངན་དེས་༸རྒྱལ་བ་ཡིད་བཞིན་ནོར་བུས་མི་ཧྲིལ་པོ་དྲུག་ཅུ་སྤྱད་དེ་བོད་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པ་འོ་ཆུ་གཅིག་འདྲེས་ལྟ་བུར་བཟོས་པ་དེ་ཁ་འཐོར་དགུ་འཐོར་དུ་འགྱུར་རྒྱུའི་སྒྱོགས་རྡོ་ཆེན་པོ་ཞིག་ཏུ་ཆགས།
ཏག་ཏག་སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱི་ཕྱོགས་གཏོགས་པ་ཚོས་ཚོགས་ཟུར་སྤེན་པ་ཚེ་རིང་དང་། ཁོང་གི་ཕྱོགས་གཏོགས་པ་ཚོར་ཚད་ལས་བརྒལ་བའི་སྒྲོ་བཏགས་དང་། སྲིད་སྐྱོང་བློ་བཟང་སངས་རྒྱས་གར་ཕེབས་སར་རླངས་འཁོར་ནག་པོ་རྒྱུ་སྤུས་ཅན་མང་པོ་བཏང་ནས་དཔུང་བསྒྲིགས་པ་དང་། གནམ་ཐང་ཁག་ནས་རྩ་ཐང་ལུག་རྫི་ནང་བཞིན་ཀི་ཆེན་བཏབ་ནས་བསུ་ལེན་བྱེད་པ། ཉེན་ཁ་གང་ཡང་མེད་བཞིན་དུ་སྐུ་སྲུང་མང་པོ་བཀོལ་བ་མ་ཟད། སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱིས་ཀྱང་རླངས་འཁོར་གྱི་མདོག་དང་མཚུངས་པའི་མིག་ཤེལ་ནག་པོ་ཞིག་གྱོན་ནས་ཁོང་ཚོ་དང་མཉམ་དུ་འགྱིངས་སྟབས་དང་ཡིན་མདོག་གིས་ཕྱིན་པ་སོགས་ནི། སྤེན་ཚེའི་ཕྱོགས་གཏོགས་ཙམ་མིན་པར་བོད་མི་ཕལ་མོ་ཆེ་སྲིད་སྐྱོང་བློ་བཟང་སངས་རྒྱས་ལ་མི་དགའ་བའི་རྐྱེན་ངན་དུ་གྱུར།
གང་ལྟར་སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱིས་ཤར་གླིང་ཟླ་སྒྲོན་གྱིས་ཁོ་གཉིས་དབར་དཀྲུག་ཤིང་། བརྒྱབ་པ་ཙམ་མིན་པར་ཚོགས་ཟུར་སྤེན་པ་ཚེ་རང་གིས་ཕྱི་གསལ་ནང་གསལ་གྱིས་ཕྱག་ལས་གནང་སྟངས་དང་གསུང་བཤད་གནང་སྟངས་དེ་ཚོར་ལྟ་སྐབས་ཚོགས་ཟུར་སྤེན་པ་ཚེ་རིང་དེ་ཁོ་རང་གིས་བཀའ་ཤག་ནས་རྐང་བརྐྱངས་ལག་བརྐྱངས་བྱས་ནས་རང་དོན་བསྒྲུབ་རྒྱུར་ཧ་ཅང་ཉེན་ཁ་ཅན་ཞིག་ཏུ་མཐོང་ནས་གནས་དབྱུང་བཏང་བ་དང་། དེར་གཞུང་གི་ལས་བྱེད་པ་དང་མི་མང་སུ་ཞིག་གིས་ཀྱང་མི་འཐད་པའི་ཡ་ལན་འདི་འདྲ་ཞིག་ཡོང་རྒྱུ་མི་སྲིད་པ་ལྟ་བུས་རྩོད་རྩིས་བྱས།
བསམ་ཡུལ་ལས་འདས་པ་ཞིག་ལ་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་ཧ་ཅང་མང་པོས་བཀའ་ཤག་གི་བྱ་ངན་དེར་གཉིས་རྗེས་གཉིས་མཐུད་ཀྱིས་འདྲི་རྩད་ཤུགས་ཆེ་བྱས་སྟབས། གཞི་ནས་སྲིད་སྐྱོང་བློ་བཟང་སངས་རྒྱས་དང་། ཁོའི་གྲོགས་པོ་སྐལ་རྡོར་ཟེར་བ་དང་། གངས་སྐྱིད་ཀྱི་ཨ་ནེ་སྙིད་མོ་གསུམ་གྱིས་གསང་གྲོས་ཀྱིས་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་ནུས་པ་ལྡན་པ་ཐོན་མཁན་གྱི་རླབས་ཆེན་མི་སྣ་ཚོགས་ཟུར་སྤེན་པ་ཚེ་རིང་གནས་དབྱུང་གཏང་དགོས་པའི་རྒྱུ་རྐྱེན་བཅུ་ཟེར་བ་གསར་དུ་བསྒྲིགས།
རྒྱུ་རྐྱེན་བཅུ་ཟེར་བ་དེས་མི་མང་གི་འདོད་པ་དེ་བས་ཀྱང་མ་ཁེངས་པ་ལྟ་བུར་གྱུར་སྟབས། སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱིས་སུམ་ཅུའི་དུས་དྲན་དང་། གྲོས་ཚོགས་ར་བ་སོགས་རྩ་ཆེའི་གོ་སྐབས་མང་པོ་ཇུས་ནས་འདོད་པ་མ་ཁེངས་ན་ཁྲིམས་ལ་གཏུགས་ཤོག་ཅེས་ཡང་བསྐོར་བསྐྱར་བསྐོར་གྱིས་བཤད་སྟབས། ཚོགས་ཟུར་སྤེན་པ་ཚེ་རིང་གིས་ཁྲིམས་གཏུགས་ཀྱི་ལས་ཀ་མི་གཉེར་ཐབས་མེད་བྱུང་།
དེ་ལྟར་ཁྲིམས་ཁང་ནས་དོན་ཚན་རེ་རེའི་ཐོག་ཕྱོགས་སོ་སོའི་ཁྲིམས་རྩོད་པ་དང་བདེན་དཔང་བྱེད་མཁན་དག་བརྒྱུད་ནས་སྲེག་བཅད་བརྡར་གསུམ་གྱིས་ཁྲིམས་གཤེར་རིམ་པར་བྱས་པ་དང་། དོན་ཚན་རེ་རེར་ཁྲིམས་གཤེར་བྱེད་ཉེའི་སྐབས་སྲིད་སྐྱོང་བློ་བཟང་སངས་རྒྱས་གངས་སྐྱིད་ནས་འཇའ་ཡལ་བ་ལྟར་གར་སོང་ཆ་མེད་ལྟ་བུར་གྱུར་འགྲོ་བ་མ་ཟད། ཧམ་པ་དང་རྫུན་གྱིས་བསྒྲིགས་པའི་རྒྱུ་རྐྱེེན་བཅུ་ཟེར་བ་དེའི་དོན་ཚན་རེ་རེ་དང་ལྷན་དུ་ཁྲིམས་ལ་གསལ་ཆ་མེད་པ་དང་ཁྲིམས་ལུགས་ཀྱིས་སྤྲད་པའི་གོ་སྐབས་མང་པོ་སྐབས་འཛིན་མི་ཤེས་པའི་སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱི་ཁྲིམས་རྩོད་པ་དེའི་རྐང་པ་དང་ལག་པ་ཚང་མ་ཚོགས་ཟུར་སྤེན་པ་ཚེ་ཚེ་རང་གི་དཔང་རྟགས་དང་བཅའ་ཁྲིམས་གཉིས་ཀྱིས་བསྡམས་བཞག་པ་ལྟ་བུར་གྱུར།
འདི་ལྟར་ཁྲིམས་གཤེར་གྱི་བྱ་རིམ་ཚང་མ་ཕྱི་གསལ་ནང་གསལ་གྱིས་གྲུབ་རྗེས། གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁར་འཆར་ཟེར་བའི་དཔེ་ལྟར། དྲང་བདེན་མེད་པའི་བཀའ་ཤག་གི་བྱ་ངན་བྱས་ངན་ཚང་མ་དམར་དམར་རྗེན་རྗེན་དུ་བཏོན་ཏེ། ཁྲིམས་ལུགས་རྩ་འཛིན་འོག་ནས་རྦད་དེ་ཕམ་པར་གྱུར།
དེ་རྗེས་ཅི་བཤད་འདི་བཤད་མེད་པའི་ནང་སྲིད་བཀའ་བློན་ཟེར་བའི་མི་རྒན་དེས། ཕྱི་གསལ་ནང་གསལ་གྱིས་ཁྲིམས་གཤེར་གྱི་བརྒྱུད་རིམ་ཚང་མ་མིག་གིས་མཐོང་གིས་མཐོང་གིས་ཁྲིམས་གཤེར་དེ་ལས་རྒྱུ་འབྲས་དང་མི་མཐུན་ཚུལ་བཤད་དེ། མུ་མཐུད་ནས་སྤྱི་ཚོགས་ཀྱི་འཆམ་མཐུན་དང་། ལྷིང་འཇགས་དེ་གཏོར་ཐབས་བྱས་པ་མ་ཟད། སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱིས་ཀྱང་དེ་མཚུངས་མི་མང་གི་འདོད་པ་མ་ཁེངས་ཚུལ་ལ་ཁ་གཡར་བ་དང་། ལྷག་པར་དུ་ཁྲིམས་ཁང་གིས་ཐག་བཅད་པའི་བཅད་ཁྲ་ལ་རྩིས་མེད་ཀྱིས་ཚོགས་ཟུར་སྤེན་པ་ཚེ་རིང་ལ་དགོངས་སེལ་མ་ཞུས་པ་ནི། ཁྲིམས་ལུགས་ཀྱི་འོག་ལ་བྱ་སྤུ་གནོན་གྱིས་མ་གནས་པ་ཞིག་ཡིན་སྟབས། སྐད་གྲགས་ཆེ་བའི་བྱ་སྤུ་གནོན་གྱི་སྒྱོགས་རྡོ་དེས་སྐོར་བ་བརྒྱབ་བརྒྱབ་པའི་མཐར་བཀའ་ཤག་གི་སྲིད་སྐྱོང་དང་བཀའ་བློན་དེ་ཚོའི་མགོར་ཟགས་པར་གྱུར།།
དོན་ངོ་མར་སྤྱི་ཚོགས་ལྷིང་འཇགས་ཤིག་ཡོང་བར་འདོད་ཀྱི་ཡོད་ན། ཁྲིམས་ཁང་གིས་བཏང་བའི་བཅད་ཁྲ་ཆ་ཚང་ལ་རང་གནོང་ངོས་ལེན་གྱིས་བརྩི་སྲུང་བྱས་ཏེ། ད་ནས་བཟུང་བོད་ཀྱི་བསྟན་པ་ཆབ་སྲིད་དང་། སྤྱི་ཚོགས་ཀྱི་མཐུན་བསྒྲིལ་ལ་ཤུགས་གནོན་བརྒྱབ་རྒྱུ་ལས། ལམ་ཁ་གཞན་གང་ཡང་མེད་པ་དེ་མིག་མཐོང་ལག་ཟིན་རེད་སྙམ།
མ་ཟད་སྲིད་སྐྱོང་གི་རྒྱབ་སྐྱོར་བ་ཡིན་ཟེར་མཁན་ཚོས་ཀྱང་དོན་ངོ་མར་སྲིད་སྐྱོང་ཡག་པོ་ཞིག་ཆགས་པར་འདོད་ན། སྲིད་སྐྱོང་དེ་མུ་མཐུད་ནས་ལོག་ལམ་དུ་མི་འགྲོ་ཆེད་བསླབ་བྱ་རྒྱག་དགོས་རྒྱུ་གལ་ཆེ་བ་ལས། ཕྱོགས་ཞེན་འབའ་ཞིག་གི་དབང་དུ་སོང་ནས་མུ་མཐུད་དུ་ངན་རོགས་ལྟ་བུ་བྱས་ན། དེས་སྲིད་སྐྱོང་ལ་ཕན་ཐོགས་རྒྱུ་བཞག་ནས། སྲིད་སྐྱོང་དེ་ལོ་རྒྱུས་ཐོག་གི་ཉེས་ཅན་པ་གཏེ་བོ་ཞིག་ཏུ་ཆགས་རྒྱུར་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་ཞིག་ཏུ་མི་འགྱུར་བའི་ངེས་པ་གང་ཡང་མེད་དོ།།
ལྔ་པ་དུག་འཚེར་ལགས་་་ལེ་འུ་རྗེས་མ་ཁྱོད་ཀྱིས་སྤེན་པ་ཚེ་རིང་དང་ཁོང་གི་རྒྱབ་སྐྱོབ་བ་ཚོའི་བྱ་བྱེད་ལས་གསུམ་ཐམས་ཅན་གཅིག་འབྲིས་རོགས་ཞུ་་་་་
ཡག་པོ་བཤད་འདུག སྲིད་སྐྱོང་གིས་བཅད་ཁྲ་དེ་དང་ལེན་མ་བྱས་པས་བོད་མི་ཕལ་མོ་ཆེ་ཧ་ལས་སུ་བཅུགས། ངས་བལྟས་ན་སྲིད་སྐྱོང་གི་ཕྱོགས་གཏོགས་གྲལ་ན་ཤེས་ཡོན་ཅན་ཞིག་ཡོད་ས་མ་རེད། གལ་ཏེ་ཡོད་ན་གནམ་གྲུའི་བབས་ཚིགས་ན་ཀི་སྒྲ་སྒྲོགས་མི་སྲིད་པ་ཞིག་རེད། ད་རེས་བཅད་ཁྲ་དེའང་དང་ལེན་མ་བྱེད་རོགས་ཅེས་སྐུལ་སློང་བྱས་ཡོད་ངེས་རེད། དེ་མིན་བཅད་ཁྲ་དེ་དང་ལེན་བྱས་ཡོད་ན་དེ་ནི་སྲིད་སྐྱོང་གི་གཟི་བརྗིད་ཆགས་ཀྱི་རེད། དེ་སྲིད་བླུན་དང་ཁོང་གི་རྒྱབ་སྐྱོར་ཡོད་ཚད་ཧ་ཅང་བླུན་པོ་ཞིག་ཡིན་པར་ར་སྤྲོད་བྱས་པ་རེད། །
དོན་དང་ལྡན་པ་ཞིག་བྲིས་འདུག་དངོས་ཡོད་རང་དེ་འདྲ་རེད།
བྱ་སྤུ་གནོན་རེད་དམ་རྟ་སྤུ་རྒྱེན་ལངས་རེད་ཧཧཧ
རླུང་རྟ་ཧ་ཅང་ཆགས་བཞིན་པའི་སྲེད་སྐྱོང་ནས་རང་ཁྲིམས་རང་གིས་མ་སྲུང་བར་བསྟན་པ་འགོ་ནས་བཤིགས་པ་དེས་མི་མང་པོ་ལ་ཡིད་ཆད་ཧ་ཅང་ཆེན་པོ་བྱུང་ཡོད།
དེ་བས་ཡིད་ཆད་དགོས་པ་ཞིག་ནི་སྲེད་སྐྱོང་ཝ་ཤིན་ཏྲོན་ལ་སླེབས་སྐབས་ཨེ་ཤེ་ཡ་དང་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོ་སྲེད་སྐྱོང་གི་མདུན་ནས་ཧ་ཅང་སྐྲག་ནས་ཁ་མཆུ་༢༠སྐོར་ལ་དྲི་བ་ཙམ་ཡང་འདྲི་མི་ཐུབ་པ་དེ་ཡ་ང་དགོས་པ་ཞིག་མ་ཡིན་ནམ། ང་ཚོའི་གཞུང་འདི་ཁྲིམས་ཀྱིས་དབང་སྒྱུར་རམ་གང་ཟག་གིས་དབང་སྒྱུར་གསལ་བོར་ཆགས་པ་མ་ཡིན་ནམ།
རྔ་པདུག་འཚེར་ལགས་ཀྱི་གསུངས་བབ་ལ་ལྟས་ན། བྱ་སྤུ་གནོན་གྱི་སྒྱོག་རྡོ་རང་གི་མགོ་བོར་ལྷུང་བ་ཞེས་བཀའ་ཤག་ནས་ཁ་མཆུའི་གཅད་ཕྲ་ངོསབཞེས་གནང་བ་དེར་ཁྱེད་རང་སྙིང་ཚིམས་པོ་འདྲ་ཞིག་བྱུང་ཡོད་འདོག་འདུག སྒྱོག་རྡོ་དེ་ཁྱེད་རང་གི་མགོ་ལ་ཡང་ཆ་ཤས་ཞིག་ལྷུང་ཡོད། བཀའ་ཤག་ཞེས་པ་དེ་གང་ཟག་འགའ་ཤས་མ་རེད། དེ་ནི་༧གོང་ས་མཆོག་ནས་དབུ་འཁྲིད་པའི་ལས་ཁུང་མཐོ་ཤོས་དེ་དང་དེ་འོག་གཞིས་བྱེས་བོད་མི་ཡོངས་ཀྱི་འཛིན་སྐྱོང་ལ་གོ་དགོས། ང་ཚོའི་ལས་འགན་ནི་༧གོང་ས་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་སྒྲིགས་འཛུག་འདི་སྲ་བརྟན་གནས་དགོས་པའི་ཐབས་བཤེས་གང་ཐུབ་བྱ་རྒྱུ་དེ་ཡིན།
ཁྱེད་རང་ནས་ཤར་གླིང་ཟླ་སྒྲོན་ལ་སྐྱོན་བརྗོད་བྱས་ཀྱང་། ཁྭ་ཏ་མི་གཙང་ཟོས་པའི་མཆུ། ས་གཙང་གཞན་ལ་འབད་དེ་ཕྱིས། ཞེས་པ་ལྟར་སྤེན་ཚེའི་ཁ་ནས་བཤད་པ་ཁོང་རངགི་ཁས་ལེན་བྱས་སོང་ངོ་། ཁྲིམ་ཐོག་བཅད་ཕྲ་བཏང་བ་དེ་ཡང་། མཐའ་ཁོབ་ཡུལ་གྱི་རྒྱལ་ཕྲན་འགར། །ཕ་གསད་བུ་ལ་དཔའ་དར་སྤྲོད། ཟེར་བ་ལྟར་ཡིན་ཀྱང་བཀའ་ཤག་ནས་སྤྱི་ཚོགས་ནང་རྙོག་སླེང་མི་འབྱུང་ཆེད་ཞལ་བཞེས་གནང་བ་དེར་དགའ་སྒོམ་ཞུ་དགོས་ན་ཡང་། བླུན་པོ་རང་དང་མ་འཐུན་ན་ཕྱྭ་སྨོད་བྱེད་པ་ཆོས་ཉིད་རེད།། འདིར་སྐད་ཆ་བཤད་འདོད་མེད་ཀྱང་། དེང་དུས་ལོག་བཤད་མང་དྲགས་ནས་བདེན་ཚིག་འགའ་ཞིག་མ་བཤད་འཐབ་མེད་རེད།།
ངོ་ཚ་མེད་པའི་སྲིད་སྐྱོང་འདིའི་སྒོ་རྡུང་གཏོང་དགོས་རེད། འདི་དང་འདི་ལྟ་བུ་ལ་འགྲམ་ལྕག་ཚ་ཐག་ཆོད་ཅིག་མ་གཞུད་ན་གོ་བ་ཡོད་པ་མ་རེད། ངག་དབང་བྱང་ཆུབ། ཁྱོད་ལ་ཀླད་པ་མེད་པ་ཡིན་ནམ། ཡང་ན་ཤེས་བཞིན་དུ་ཁྱད་གསོད་བྱེད་ཀྱིན་ཡོད། །
རྩོམ་ཡིག་ཧ་ཅང་ཡག་པོ་སྤེལ་འདུག
རང་བྱུང་རིག་པའི་རྡོ་རྗེ་ལགས། ང་ལ་ཀླད་པ་མེད་པ་ཡིན་སྲིད། ཤེས་བཞིན་དུ་ཁྱད་གསོད་རྩ་བ་ནས་མེན། ཁྱེད་རང་གི་གོང་དུ་བྲིས་པའི་ངོ་ཚ་མེད་པའི་སྲིད་སྱོང་འདིའི་སྒོ་རྡུང་གཏོང་དགོས་རེད། འདི་དང་འདི་ལྟ་བུ་ལ་འགྲམ་ལྕག་ཚ་ཐག་ཆོད་ཅིག་མ་ཞུས་ན་གོ་ཡ་ཡོད་པ་མ་རེད་ཟེར་བ་འདི་ཧ་ཅང་གི་ཁྱད་གསོད་དང་མ་རབ་ཀྱི་བརྗོད་སྟང་ཅིག་རེད་ད། ༧གོང་ས་མཆོག་གོང་དུ་ཕུད། དེ་འོག་བོད་མིའི་དབུ་འཁྲིད་སྲིད་སྐྱོང་དང་བཀའ་ཤག་རེད། བོད་མི་གཞིས་བྱེས་གཉིས་ལ་ཚད་མེད་སྡུག་པོ་གཏོང་མཁན་རྒྱ་དམར་ལ་ཁྱོད་རང་ནས་འཆིལ་མ་ཅིག་འདེབས་ནུས་ཨེ་ཡོད། སྤྲང་པོའི་དབྱུག་པ་ལ་ཡང་འགོ་འཇུག་ཡོད། དེང་དུས་དགྲ་གཉེན་ངོ་མི་ཤེས་པའི་བླུན་པོ་ཁ་ཕང་མཐོ་པོ་དེ་ཚོས་དགྲ་གཉེན་གོ་ལྡོག་དུ་སྤྱོད་པ་འདི་གཞིས་
བྱེས་གཉིས་ཀྱི་དཀྲུག་རྡོ་ངོ་མ་དེ་ཚོ་རེད། ཤེས་ཨེ་སོང་།
ངག་དབང་བྱང་ཆུབ་ལགས། ག་རེ་སྲིད་སྐྱོང་། ང་ཚོར་ཁྲིམས་མི་གཙི་མཁན་གྱི་སྲིད་སྐྱོང་ངོ་ཚ་མེད་པ་ཞིག་གི་དགོས་པ་མེད། ངས་གཞན་ཅང་མི་ཤེས་མོད། བཅད་ཁྲ་ངོས་ལེན་མི་བྱེད་མཁན་མི་འདི་འདྲ་ཞིག་སྲིད་སྐྱོང་ལ་ཤིན་ཏུ་ནས་མི་འོས་སོ། མི་སུ་ཡིན་ཀྱང་ནོར་སྲིད་པ་ཞིག་རེད། ནོར་བ་དེ་ངོས་ལེན་བྱས་ན་ལུགས་དང་མཐུན་པ་ཞིག་ཡིན་པ་ལས་ཞབས་འདྲེན་ཅང་མ་རེད། ཧ་གོ་སོང་ངམ། །
མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་འོག་ང་ཚོ་བསྡད་ཡོད་ན་བྱ་སྤུ་གནོན་དང་རྟ་སྤུ་རྒྱེན་ལངས་ཟེར་བའི་དེ་སྔ་རྒྱལ་པོོོའི་དབང་བསྒྱུར་འོག་དཔོན་ངན་གྲལལ་རིམ་དབང་བསྒྱུར་གྱི་དུས་རབས་ནང་མི་མང་ལ་གཉའ་གནོན་གཏོང་རྒྱུའི་བྱ་སྤུ་གནོན་ཟེར་བའི་ཐ་སྙད་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ནང་བེད་སྤྱོད་གཏོང་ས་ཡོད་ན་ཁ་མཆུ་ཨང་ཉི་ཤུ་གི་བཅད་ཁྲ་ལ་རྩོད་ལན་པས་བརྩི་བཀུར་མ་ཞུས་པ་དེ་བྱ་སྤུ་གནོན་དང་འབྲེལ་བ་མེད་པ་ཡིན་ནམ།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་ལ་ངོས་ལེན་མ་ཞུས་ན་འགོ་སྲིད་སྐྱོང་ཡིན་ཀྱང་ཉེས་ཆད་བཏང་དགོས། ཁྲིམས་ཀྱི་མདུན་དུ་མི་མང་ཚང་མ་གཅིག་ཡིན།
རང་བྱུང་རིག་པའི་རྡོ་རྗེ་ལགས་ཀྱི་་”ངོ་ཚ་མེད་པའི་སྲིད་སྐྱོང་འདིའི་སྒོ་རྡུང་གཏོང་དགོས་རེད། འདི་དང་འདི་ལྟ་བུ་ལ་འགྲམ་ལྕག་ཚ་ཐག་ཆོད་ཅིག་མ་གཞུད་ན་གོ་བ་ཡོད་པ་མ་རེད། “གསུངས་པ་ལ་རྒྱབ་སྐྱོར་ཡོད།
ཁྲིམས་འགལ་ཡོངས་བསྒྲགས་གྱུར་ན་ཡང་ད་དུང་བློ་བཟང་སེང་གེ་ལ་རྒྱབས་བསྐྱོར་བྱེད་དགོས་ཡོད་ཟེར་ན་ངོ་མ་ཤེས་པ་རང་གཞན་མི་གནས་པ་རེད་ངག་ཆུབ་ལགས་
ཕྱི་ཟླ་12/27/2019 གི་དགོང་དྲོ་ཆུ་ཚོད་4 རྗེས་གནས་ཚུལ་གསལ་པོ་ཆགས་རྒྱུ་རེད་དོ།