བོད་ཀྱི་ཡིག་ཟམ་འདོན་ཐེངས་བཅུ་དགུ་པའི་རྩོམ་སྒྲིག་པའི་གཏམ།
བོད་ཀྱི་ཤེས་རིག་གི་བྱུང་རབས་ལ་བསམས་ན། འགྱུར་ནས་གླེང་དགོས་ཤིང་འགྱུར་གྱིས་བོད་ཀྱི་ཤེས་རིག་གི་ཕྱི་ནང་གསང་གསུམ། ཡན་ལག་ཉིང་ལག་དང་བཅས་པར་དབང་བསྒྱུར་ཡོད། ཡིན་ནའང་། འགྱུར་གྱི་གོང་དུ་ཡོད་པ་ནི་བོད་སྐད་ཡིག་གི་སྒྲིག་སྲོལ་དེ་ཡིན། སྔར་གྱི་དུས་སུ། བོད་སྐད་ཡིག་གི་སྒྲིག་སྲོལ་དང་མི་འགལ་བའི་ཕྱིར་བཙན་པོ་དབུ་ལ་བཞུགས། རྗེ་བློན་དང་ལོ་པན་རྣམས་གདན་འཛོམས་ནས་སྔར་བསྒྱུར་ལས་ཉམས་མྱོང་དང་ལག་ལེན། སྔར་འགྱུར་གཞུང་རྣམས་ལ་དག་སེལ་བཅས་ཀྱིས་བཀས་བཅད་ཀྱི་ཡིག་བསྒྱུར་གཞུང་ལུགས་སྒྲ་བསྒྱུར་བམ་གཉིས་དང་བྱེ་བྲག་རྟོགས་བྱེད་ཆེན་མོ་གཏན་ལ་ཕབ་པ་མ་ཟད། དེ་ལ་ཁྲིམས་ཀྱི་དབང་བསྐུར་བའི་སྐུ་དྲིན་ལས་རྒྱ་ཆེ་ལ་གཏིང་ཟབ་པའི་བོད་ཀྱི་ཤེས་རིག་གི་རྒྱ་མཚོ་ཆེན་པོ་དེ་བསྐྱིལ་ཐུབ་པ་ཡིན། དེ་བཞིན་བཙན་བྱོལ་ཤེས་རིག་གི་གནས་བབ་ནས་གླེང་ནའང་ཡིག་བསྒྱུར་གྱི་རིགས་འདི་སྡེ་ཚན་གཅིག་ཏུ་བགོ་འོས་མོད། འདི་ལ་སྒྲིག་འཛུགས་རང་བཞིན་ཅན་གྱི་ཡིག་བསྒྱུར་རེ་ཟུང་ལས་མེད་པར་མང་ཆེ་བ་མི་སྒེར་རང་བཞིན་ཅན་དང་། རང་སྣང་གང་དྲན་གྱི་བགྱི་བའི་ཕྱོགས་སུ་ལྷུང་ནས་ཐུན་མོང་གི་རྩ་འཛིན་དང་སྒྲིག་སྲོལ་མེད་པ། ལྷག་པར་བོད་སྐད་ཡིག་གི་རྨང་གཞི་མེད་པའི་ཡིག་བསྒྱུར་བ་སྣ་ཚོགས་ཤིག་བྱུང་ནས། འགྱུར་ཡིག་ཡིན་ནོ་ལོ་དག་གིས་ཀློག་པ་པོ་རབ་འབྲིང་ཐ་གསུམ་གང་གི་རེ་བའང་སྐོང་ཐུབ་ཀྱི་མེད་ཁར། བོད་ཀྱི་སྐད་ཡིག་རིན་པོ་ཆེ་སྐད་ཡིག་གཞན་གྱི་མི་སེར་སྤེལ་ཡུལ་དུ་བསྒྱུར་བར་རམ་འདེགས་བྱེད་ཀྱིན་ཡོད། མ་ཡིག་གི་གོ་དོན་ལ་ཆད་ལྷག་འབྱུང་མི་འཇུག་པ་ནི་ལོ་ཙཱ་བའི་འགན་ཁུར་ཡིན་ནའང་། སྒྲ་སྒྱུར་བམ་གཉིས་ལས། བོད་ཀྱི་སྐད་དུ་གང་བདེ་བར་བསྒྱུར་ཅིག་ཅེས་བོད་ཀྱི་སྐད་འགྲོས་ལ་གང་བདེ་བར་བསྒྱུར་དགོས་པའི་ལམ་སྟོན་དེ་བཙན་བྱོལ་ནང་གི་ལོ་ཙཱ་བ་ཚོས་གཏན་བོར་དུ་གྱུར་བའི་སྣང་ཚུལ་མངོན་གསལ་དོད་པོ་ཡིན། ཕྱོགས་འདི་ནས་བསམ་བློ་བཏང་ན། འུ་ཚོས་བཙན་པོའི་སྙིང་སྟོབས་གླེང་བ་སྟོང་གཏམ་དུ་གྱུར་ཡོད་དེ། བཙན་པོའི་ཤེས་རབ་ཀྱི་སྙིང་སྟོབས་དང་བཀའ་རྒྱ་འདི་འདྲ་ཡལ་བར་དོར་ཤུལ་དུ་སྙིང་སྟོབས་ཤིག་ལྷག་མེད།
དབྱིན་ཡིག་གི་ཚིག་བོད་ཡིག་དུ་བསྒྱུར་ཡང་སྐད་འགྲོས་བོད་སྐད་དུ་བསྒྱུར་མ་ཐུབ་ན། འགྱུར་ཚད་ལྡན་དུ་སྨྲ་བའི་གཞི་རྩ་མེད་པར་གྱུར་ཡོད། ལྷག་པར་བཙན་བྱོལ་གྱི་འགྱུར་ཡིག་དག་བཀླགས་ན་ཐད་ཀར་མིག་ལ་གཟན་པ་ནི་སྐད་འགྲོས་དང་སྒྲ་བསྒྱུར་གཉིས་ཡིན། དོ་སྣང་བྱས་ན། འདི་གཉིས་ལ་སྒྲ་སྦྱོར་བམ་གཉིས་ནང་དུ་སྐད་འགྲོས་བོད་སྐད་དུ་བསྒྱུར་ཕྱིར་བསྣོར་བསྒྱུར་དང་། སྒྲ་བསྒྱུར་ལའང་དཔེར་མཚོན་དང་བཅས་ལམ་སྟོན་གསལ་བོ་གནང་ཡོད། ཡིན་ནའང་། བཙན་བྱོལ་ནང་གི་འགྱུར་ཡིག་དག་ལ་བལྟས་ན་མིང་གཞི་གཉིས་རེ་གསུམ་རེ་མཉམ་སྦྱར་བྱས་ཡོད་པ་དང་། མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་གི་གོ་དོན་དང་འགལ་བ་དང་། གཅིག་གྱུར་མེད་པ་བཅས་ཀྱི་སྣང་ཚུལ་མང་པོ་མཐོང་རྒྱུ་ཡོད། དཔེར་ན། ང་ཡོད་སའི་ཧྥ་རན་སའི་རྒྱལ་ས་ཕ་རེ་སི་ལྟ་བུར་མཚོན་ན། དཔའ་རིས་དང་པ་ལིས། ཕ་རི་སི། པ་ཝེ་སོགས་སྣ་ཚོགས་ཤིག་འབྲི་གིན་ཡོད། ཚིག་གསུམ་ཅན་དག་དབྱིན་སྐད་དུ་སྒོ་བསྟུན་ཡོད་ལ། ཚིག་གཉིས་ཅན་དང་ཧྥ་སྐད་དང་རྒྱ་སྐད་དུ་སྒོ་བསྟུན་ཡོད། སྐབས་འདིར་ང་ཚོས་གང་ཞིག་ལ་འགན་ཁུར་ནས་གྲོང་ཁྱེར་འདིའི་མིང་འབྲི་དགོས་པ་རེད། བོད་ཡིག་གི་ནང་ལ་ལན་གྲངས་སྟོང་ཕྲག་ལ་སླེབས་ཚར་བའི་ཚིག་གསུམ་ཅན་དེ་དོར་ནས་ཧྥ་སྐད་ལ་སྒོ་བསྟུན་ནམ། དེ་དག་ལ་བརྩི་བཀུར་དང་འགན་ཁུར་གྱིས་ཚིག་གསུམ་ཅན་དེ་འབྲི། ཧྥ་སྐད་ལ་སྒོ་བསྟུན་ན་ཧྥ་སྐད་བཤད་སའི་ཡུལ་ལུང་དུ་འབྱོར་བའི་བོད་པ་སྟོང་ཕྲག་ཁ་ཤས་ནང་ཁྱབ་བརྡལ་དུ་གཏོང་ཐུབ་ཀྱང་། སྔར་བྱུང་གི་མིང་ཚིག་རྣམས་བསྒྱུར་ནས་བོད་ཀྱི་ཡུལ་ཁམས་སྤྱི་ལ་ཁྱབ་ཏུ་འཇུག་ཐུབ་བམ། དེའང་འགན་ཁུར་ཞིག་ལ་གྱུར་ཡོད་པས། མིང་ཚིག་གཅིག་སྒྲ་བསྒྱུར་བྱེད་ནའང་བསམ་བློའི་དམིགས་ཚད་ཀྱིས་འདང་དགོས་པར་འདོད།
སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་དེབ་སུམ་བརྒྱ་བོད་སྐད་དུ་བསྒྱུར་ནས་རིག་པའི་ཆུ་ཀློང་ཆེན་པོ་ཞིག་གི་རྩ་བ་བཀོག་ནས་བོད་དུ་བསྐྱིལ་ཡོད། འོ་ན། དཔལ་རྒྱལ་བ་ཀརྨ་པས་སྣེ་ཁྲིད་པའི་འགྱུར་བརྒྱ་རྩ་བརྒྱད་ཀྱིས་རིག་གནས་ཀྱི་སྡེ་ཁག་གཅིག་གི་རྩ་བ་ཡན་ལག་དང་བཅས་པ་བོད་ཀྱི་མ་སྐད་དུ་བསུ་ཐུབ་བམ། དམིགས་ཚད་འདི་འགྱུར་བརྒྱ་རྩ་བརྒྱད་ཀྱི་དོ་དམ་ཚོགས་ཆུང་གི་ཐུགས་སུ་འཁོར་ཡོད་དམ། ཡར་གྱི་སྒྲུང་གཏམ་ཞིག མར་གྱི་ལོ་རྒྱུས་ཤིག ནུབ་ཕྱོགས་ཀྱི་རིག་པའི་ཆུ་ཀློང་ཆེན་པོ་ལས་དེབ་ཁ་ཟིན་སྣ་ཟིན་བརྒྱ་དང་བརྒྱད་བོད་སྐད་དུ་བསྒྱུར་ན། ལས་གཞི་དེ་དང་སྐུ་ཚེགས་དེ་འབྲེལ་གྱི་ནུས་པ་ཞིག་ཐོན་ཐུབ་བམ། རྗེས་ཤུལ་ཞིག་མངོན་ཐུབ་བམ། ངོས་འདི་ནས་བསམ་བློ་བཏང་ན་འགྱུར་བརྒྱ་དང་བརྒྱད་ཀྱི་ད་ལྟའི་དམིགས་ཚད་དེ་རྒྱང་ཐག་རིང་བོ་ཞིག་ལ་ངོས་འཛིན་བྱེད་དཀའ་མོ་རེད་སྙམ། ཡིན་ནའང་། བོད་ཀྱི་རིག་གནས་ཤི་གསོན་གྱི་ས་མཚམས་སུ་ཡོད་པའི་སྐབས་འདིར། དེབ་བརྒྱ་དང་བརྒྱད་བོད་ཀྱི་མ་སྐད་དུ་གདན་དྲངས་པ་ནི་རླབས་ཆེན་གྱི་ལས་གཞི་ཡིན་པ་ལ་བསྙོན་དོགས་ཅི་ཞིག་ཡོད། འོན་ཏེ། ལས་གཞི་ཆེན་པོ་ལ་དམིགས་ཚད་ཆེན་པོ་དགོས་པ་དེའང་ལྟོས་བཅས་ཀྱིས་བཤད་ན་ཅི་འདྲའི་གལ་ཆེ་བ་ཞིག་རེད་ཨང་།