གཡུ་སྒང་དགེ་འདུན།
བསྟན་པའི་དཀྱིལ་འཁོར་ནམ་མཁའི་ཁྱོན་ན་མཛེས།།
འོད་སྟོང་སྲིད་གསུམ་འཛིན་མའི་ཀློང་དུ་འཕྲོ།།
བདེན་བཞི་ཟབ་བརླིང་རྒྱ་མཚོའི་འཇིང་བརྒལ་བས།།
གངས་ཅན་ཞི་བདེའི་མགོན་པོ་རྒྱལ་གྱུར་ཅིག །
ཐབས་ཤེས་ཆུ་འཛིན་དཀར་པོ་ཀློང་རིམ་ནས།།
ཞི་བདེའི་སྦྲང་ཆར་རྒྱས་བའི་ལུང་རིགས་ཀྱི།།
དབྱར་གྱི་རྫ་རྔ་སྒྲོགས་པས་མདོངས་མཐའི་ཚོགས།།
ལག་ཟུང་འདབ་མ་སྤྱི་པོའི་རྒྱན་དུ་བཏེགས།།
བློ་གྲོས་མཐའ་བྲལ་གཞལ་མེད་ཁང་བཟང་དུ།།
ལེགས་བཤད་ནོར་བུའི་གཏེར་གྱིས་ཡོངས་སུ་གཏམས།།
ཀུན་སྤྱོད་ལེགས་དབེན་གདུལ་བྱ་མུ་ཏོའི་ཚོགས།།
ཅི་བྱས་ལེགས་པར་ཁྲིད་མཛད་སྒྲོན་མེ་མཆོག །
ས་ཆེན་སྙིང་རྗེའི་གོམ་པའི་འདེགས་འཇོག་གིས།།
སྐྱེ་དགུ་བདེ་སྐྱིད་ལྷ་ཡི་དགའ་སྟོན་ལ།།
ཁྲིད་པའི་མཛད་འཕྲིན་པདྨ་དཀར་པོའི་དྲི།།
འཛམ་གླིང་མཁས་པའི་ལྗགས་རྩེར་གཡས་སུ་འཁྱིལ།།
རྩ་གསུམ་གནས་ལ་ཅོ་འདྲི་ནོར་ཝེར་གྲོང་།།
ཆེ་བསྟོད་ནོ་སྦེལ་གཟེངས་རྟགས་འཁོར་ལོའི་མཚན།།
བཞེས་པའི་བཅུ་ཕྲག་གསུམ་གྱི་དུས་སྟོན་ལ།།
དགའ་བའི་པི་ཝཾ་སོར་བཅུའི་རྩེ་ནས་དཀྲོལ།།
གཡུ་སྒང་དགེ་འདུན་གྱིས་
༢༠༡༩། ༡༢། ༠༩ ཉིན་བྲིས།