དམར་ཁ་ཚ།
སྟག་མཆོང་སར་ཝ་མཆོང་མི་ཐུབ་ཅེས་ཁ་ཡིག་འཁོད་པའི་རྩོམ་ཞིག་ཁྱེད་ཀྱིས་མཐོང་ཡོད་སྲིད། དེ་ནི་བོད་ཀྱི་བང་ཆེན་ཐོག་བཀོད་འདུག རྩོམ་ཡིག་འདི་འབྲི་མཁན་ཁ་གསལ་མེད་ཚུལ་ལ་བལྟས་ན། དེ་ནི་རྩོམ་སྒྲིག་པའི་གཏམ་མམ། བོད་ཀྱི་བང་ཆེན་གྱི་གཏམ་ཡིན་པ་འདྲ། གལ་ཏེ། དེ་ནི་བོད་ཀྱི་བང་ཆེན་གྱི་གཏམ་མ་ཡིན་ཀྱང་། བོད་ཀྱི་བང་ཆེན་ཞེས་པའི་ཚགས་ཤོག་འདིའི་ཐོག་བོད་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ཞིབ་ཁང་ཝ་སར་བཞག་པའི་རྩོམ་ཞིག་བཀོད་པ་ནི། བོད་ཀྱི་བང་ཆེན་ཞེས་པའི་ཁ་བྱང་གཅིག་པུའི་འོག་ནས་བལྟས་ཀྱང་། མིང་དོན་མི་མཚུངས་པ་ལྟ་བུ་ཞིག་ལས་གཞན་ཅི་ཡང་མཆིས།
ལར་ནས་རྩོམ་ཡིག་འདིར་བཤད་པའི་སྐད་ཆ་ནི། “ཆེ་ས་ནས་མང་གཙོའི་ཀ་བ་གསུམ་གྱི་བར་དུའང་རང་བཙན་ཅན་གྱི་རྒྱལ་ཁབ་ཁག་དང་། དེ་ལས་ཀྱང་ལྷག་པའི་དབང་ཚད་ཅིག་ཡོད་སྙམ་བཞིན་ཡོད་ཚུལ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྲིད་སྐྱོང་གིས་དབུས་པའི་བཀའ་བློན་རྣམས་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་བྱ་རྒྱུའི་ཉེན་བརྡ་ཞིག་བཏང་ཡོད་པ་དང་། བཀའ་ཁྱབ་དེ་བཀའ་ཤག་ཏུ་མ་འབྱོར་སྔོན་ནས་འབྲེལ་ཡོད་ཀྱི་སྤྱི་ཚོགས་དྲ་ལམ་ཁག་ཅིག་ཏུ་བཏང་ཟིན་པ། རྩ་བས་ཁ་མཆུ་ཨང་༢༠ པ་དེ་བདེ་སྡུག་དངོས་དང་འབྲེལ་བའི་ཁ་མཆུ་ཞིག་མིན་པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ཁྲིམས་སྒྲིག་ཁག་ཏུ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་ཆོག་པ་ཞིག་གཏན་ནས་མེད་ཚུལ།”བཅས་རེད།
རྩོམ་འདི་ཁ་མ་འགུལ་སྔོན་ནས་མགོ་གཡོན་ཡོད་པའི་སྐད་ཆ་ཞིག་ཡིན་ཏེ། བྱང་ཨ་རིའི་སྐུ་ཚབ་དོན་བསྐྱོད་འཕོ་འགྱུར་གྱི་གནད་དོན་དེ་བདེ་སྡུག་དང་འབྲེལ་བ་མི་འདུག་ཟེར་གྱི་ཡོད་པ་རེད་དམ། ཡང་ན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ནི་ང་ཚོའི་བདེ་སྡུག་དངོས་དང་འབྲེལ་བ་མི་འདུག་ཟེར་བ་རེད། ཡང་མིན་ན། མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་གཅིག་གིས་ཡ་གྱལ་གཞན་གཅིག་ལ་ཁྲིམས་ཀྱིས་བཀོད་འདོམས་བྱས་པ་དེ་བདེ་སྡུག་དང་མ་འབྲེལ་བ་རེད།
“༧གོང་ས་མཆོག་གིས་ང་དང་ངའི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མི་ས་ཡ་དྲུག་གིས་ཁྲིམས་མཐུན་གྱི་གཞུང་དེ་ཡོད་པར་ངོས་འཛིན་བྱེད་ཀྱི་རེད།”ཅེས་ཆེ་མཐོང་དང་རེ་བ་བཅངས་ཡོད་པའི་སྲིད་གཞུང་འདིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁྱོད་ཀྱིས་ཝ་སར་བཞག་པ་ནི་ཝ་གཤིས་ངོ་མ་དེ་རེད། དེ་མ་གཏོགས། ཆེས་མཐོའི་ཁྲིམས་ཞིབ་ཁང་འདི་བཙན་བྱོལ་སྲིད་གཞུང་ཞིག་གི་ཁྲིམས་ཁང་ཡིན་པ་བདེན་མོད། འདི་ལ་ཝ་གཤིས་ཅི་ཞིག་འདུག ཁྱོད་ཀྱིས་ཁྲིམས་ཁང་འདི་ལ་གདམ་བྱ་འདེམ་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་བྱེད་པའི་ནུས་པ་མེད་པ་རེད་ཅེས་པ་ནི། ཁྱོད་རང་ཝ་སྐྱེས་ཤིག་ཡིན་པའི་གཤིས་ཀ་དེ་ལྷང་ལ་བུད་པ་ལས་བོད་པ་སྤྱི་བྱིངས་ཀྱིས་ནི། བྱ་རྒོད་པོ་ཞིག་ལ་ཅི་ཚང་ན། བྱེའུ་ཅོ་ཀ་ཞིག་ལ་དེ་ཚང་ཞེས་དགོངས་ཀྱི་ཡོད་ངེས་རེད། ཞོར་དུ་གཅིག་བཤད་ན། དེ་ནི་དགོངས་ཚུལ་རིན་ཐང་ཅན་ཞིག་ཀྱང་རེད།
རྒྱ་ནག་གིས་ཁོ་རང་ཚོར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཉིས་པ་ཞེས། ཁ་གང་ཆེ་ཆེ་བྱས་ཏེ་འབོད་ཀྱི་ཡོད་མོད། དོན་དངོས་སུ་རྒྱ་ནག་གི་ཁྲིམས་ཞིབ་ཁང་གིས་རྒྱ་གཞུང་ཁྲིམས་ཀྱིས་བཙུར་ཐུབ་ཀྱི་མེད་པས། ཁྲིམས་ཞིབ་ཁང་ཞིག་ཝ་སར་འཇོག་འདོད་ན། ཁྱོད་ཀྱིས་ཁྲིམས་ཞིབ་ཁང་འདི་འདྲ་ཞིག་ཝ་སར་ཞོག་དང་གཞི་ནས་ཅུང་འགྲིག་པ་རེད།
བྱ་རྒོད་པོ་ཞིག་ལ་ཅི་ཚང་ན། བྱེའི་ཅོ་ཀ་ཞིག་ལ་དེ་ཚང་བའི་སྐད་ཆ་ཞིག་བཤད་ན། ཨ་རིས་ཁྲིམས་ཀྱི་དབང་བསྒྱུར་ལ་བརྟེན་ནས། ཁོ་ཚོའི་སྲིད་འཛིན་གྱི་གོ་གནས་ལེན་སྲིད་མིན་བཤད་ཀྱི་འདུག་བས། ང་ཚོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་ལ་བརྟེན་ནས། གདམ་བྱ་འདེམ་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་བྱས་ཀྱང་། གཞུང་འཛིན་མི་སྣ་གསར་འདེམ་མི་ཆོག་པ་མིན་པས། ཁྱོད་ཀྱིས་བློ་བཟང་གི་སྲིད་གཞུང་གཅིག་པུས་དབང་ཆ་ཤོར་བའི་སེམས་ཁྲལ་བྱེད་ཀྱི་མེད་ན། ཐུགས་ཚབ་མ་གནང་དང་། ང་ཚོར་ཁྲིམས་ཀྱི་དབང་སྒྱུར་འདི་ལྟ་བུའི་བསྟན་པ་ཇེ་དར་ལ་སོང་ན། བཙན་བྱོལ་ཚང་སྐུ་ཚེ་བརྟན་རྒྱུ་ཡིན་པ། ང་དམར་ཁ་ཚས་ལུང་བསྟན་པ་ཡིན།
འབེབས་དང་པོའི་མཇུག མིང་དོན་མི་མཚུངས་པ་ལྟ་བུ་ཞིག་ལས་གཞན་ཅི་ཡང་མཆིས། ཞེས་པ་འདི་མ་མཆིས་དགོས་སམ།
མང་གཙོའི་སྤྱི་ཚོགས་ནང་། ཁྲིམས་ལུགས་ཀྱི་དབང་སྒྱུར་དེ་གལ་འགངས་ཆེ་ཤོས་རེད། ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན། བཙན་འབྱོལ་སྤྱི་ཚོགས་འདི་མང་གཙོ་ཡིན་པ་དམར་ཤོག་མ་རེད། ཨ་རོ་བང་ཆེན་ལགས་ཧ་གོ་ཡི་མེད་པ་འདྲ། ཡང་མིན་ན་ཨ་རོ་བང་ཆེན་ལ་་ཨ་ཞང་རྒྱ་ཡི་དངུལ་ཐོབ་ཡོད་པ་འདྲ།
བང་ཆེན་གྱི་གསེར་ཚུར་ལོང་བ་དང་འོན་པ་གྱུར་བ་མ་ཡིན་ནམ། མང་གཙོའི་རིན་ཐང་རྟོགས་མེད་པ་འདྲ།