རྔ་བ་དུག་ཚེར།
ཡིག་གཏག་པའི་གསལ་བཤད།
དགེ་བཤེས་ཐུབ་བསྟན་སྤྱིན་པ་ལགས་ཀྱིས་གསར་རྩོམ་མཛད་པའི་རྗེ་རིན་པོ་ཆེའི་རྣམ་ཐར་སྐོར་ལ་ཀུན་གླེང་ནས་བཅར་འདྲི་བྱས་པ་ཞིག་དྲ་ཐོག་བརྒྱུད་ནས་མཇལ་རྒྱུ་བྱུང་། ཁོང་གིས་བོད་ཀྱི་རིག་པའི་གནས་སྤྱི་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་དང་། བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་མཁས་པ་ཚོར་ཆེ་མཐོང་ཞུ་སྟངས་སོགས་མཐོང་དུས། སེམས་ལ་དགའ་ཚོར་དཔག་ཏུ་མེད་པ་བྱུང་བ་མ་ཟད། བཅར་འདྲིའི་བརྒྱུད་རིམ་ཧྲིལ་པོའི་ནང་གལ་གནད་ཆེ་བའི་དོན་དག་མང་པོའི་ཐོག་དགོངས་ཚུལ་ལྷུག་པོར་གསུངས་ཡོད་སྟབས། དེ་དག་ཡིག་ཐོག་ལ་ཕབ་ན་ཡག་པོ་ཡོད་ས་རེད་བསམས་ནས། ལས་ཞོར་གྱི་བར་གསེང་ཞིག་ནས་ཡིག་ཐོག་ཏུ་ཕབ་པ་ཡིན། དེ་ཡང་གནད་བསྡུས་ཀྱིས་ཕབ་པ་ཞིག་ཡིན་པ་དགོངས་པར་འཇགས་པར་འཚལ།
ཀུན་གླེང་ལས་རིམ་ཐོག་རྗེ་རིན་པོ་ཆེའི་རྣམ་ཐར་གསར་རྩོམ་གནང་ཕྱོགས་དང་། དེའི་ཁྱད་ཆོས། ཐོག་མར་དབྱིན་ཡིག་ཐོག་བྲིས་པའི་དགོས་དོན་སོགས་ཀྱི་ཐོག་བཅར་འདྲི་བྱས་པ་ཞིག
བཅར་འདྲི་ཞུ་མཁན། ཀུན་གླེང་གཙོ་གཉེར་པ་རྣམ་རྒྱལ།
དེ་རིང་སླར་ཡང་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀུན་གླེང་ལས་རིམ་ནང་ཕེབས་ནས་རྗེ་རིན་པོ་ཆེའི་མཛད་རྣམ་གསར་བྲིས་ཐོག་བཅར་འདྲི་ཞུ་བའི་གོ་སྐབས་གནང་བར་ཐོག་མར་བཀའ་དྲིན་ཆེ་ཞུས་པ་ཆབས་གཅིག འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བཅར་འདྲི་ཞུ་ཡུལ། དགེ་བཤེས་ཐུབ་བསྟན་སྦྱིན་པ།
བཀྲ་ཤིས་བདེ་ལེགས། དེ་རིང་ VOA AMIRICA ནས་རྗེ་རིན་པོ་ཆེའི་རྣམ་ཐར་གསར་པའི་སྐོར་ལ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་གནང་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དྲི་བ། རྗེ་རིན་པོ་ཆེའི་རྣམ་ཐར་དེ་སྔ་ནས་རྩོམ་སྒྲིག་གནང་བ་དང་། པར་སྐྲུན་ཞུས་པ་དེ་འདྲ་མང་པོ་ཡོད། དགེ་བཤེས་ལགས་ནས་རྗེ་རིན་པོ་ཆེའི་རྣམ་ཐར་གསར་པ་ཞིག་བྲིས་གནང་བ་དེ་ཐོག་མར་སེམས་འགུལ་ཐེབས་པ་ཟེར་ན་རེད། ཀུན་སློང་དེ་ག་འདྲ་བྱས་ནས་བྱུང་བ་ཡིན་ནམ།
དྲིས་ལན། མ་གཞི་སྔོན་མ་ནས་ Cambridge universal ལ་འབུམ་རམས་པ་བྱས་པའི་སྐབས་ལ་ངའི་ཉམས་ཞིབ་ཀྱི་བརྗོད་བྱ་དེ་རྗེ་རིན་པོ་ཆེའི་ལྟ་བའི་སྐོར་རེད། དེ་དུས་ནས་ནུབ་ཕྱོགས་པའི་མཐོ་སློབ་ཏུ་ལྟ་གྲུབ་ཀྱི་ཁོངས་གཏོགས་ལ་ལས་ཀ་དང་སློབ་སྦྱོང་བྱས་པ་ཡིན་ཙང་། མ་འོངས་པར་ང་ཚོ་བོད་ཀྱི་མཁས་པ་ཚོ་འཛམ་གླིང་སྤྱིའི་མཁས་པའི་སྡིངས་ཆའི་ཐོག་ལ་བསྟན་ཐུབ་པ་ཞིག་བྱུང་ན་བསམ་པ་ཡོད། ང་ཚོ་བོད་ཀྱི་བླ་མ་ཚོ་ཆོས་པ་ཆེ་ཁག་ཡིན་པ་དང་ཆོས་ཀྱི་བླ་མ་ཆེ་ཁག་ཡིན་པ་འཛམ་གླིང་ནང་ལ་ངོས་འཛིན་ཡོད་ཡོད་པ་རེད། ཆོས་ཀྱི་ཐོག་ནས་ Tibetan Buddhism བོད་བརྒྱུད་ནང་བསྟན་གསུང་གི་ཡོད། ཡིན་ནའང་ལྟ་གྲུབ་དང་། ཚད་མ་རིག་པ་དེ་འདྲའི་སྐོར་ལ་མཁས་པ་ཆེན་པོའི་ཆེ་མཐོང་དེ་འཛམ་གླིང་སྤྱིའི་སྡིངས་ཆའི་སྟེང་ལ་མེད།
བྱས་ཙང་ངའི་རེ་བ་ལ་རྗེ་ཙོང་ཁ་པ་ཆེན་པོ་དང་། འཇམ་མགོན་ས་པཎ། རྔོག་བློ་ལྡན་ཤེས་རབ། ཕྱྭ་པ་ཆོས་ཀྱི་སེངྒེ་དེ་ཚོའི་གྲས་དེ། ནུབ་ཕྱོགས་པའི་མཁས་པ་ཚོ་ནུབ་ཕྱོགས་པའི་ལྟ་གྲུབ་སྨྲ་བ་ཚོ་ལ་རྒྱུས་མངའ་ཡོོད་པ་ནང་བཞིན་གྱི་ངོས་འཛིན་ཐུབ་པ་ཞིག་བྱུང་ན་བསམ་པ་དེ་ཡིན། ངས་འབུམ་རམས་པ་འདོན་པའི་སྐབས་དེ་དུས་ནས་དེ་འདྲ་ཞིག་ཡོང་བར་རེ་བ་བྱེད་ཀྱི་ཡོད།
ང་ཚོ་བོད་ཀྱི་མཁས་པ་ཚོ་དེ་ལྟར་ངོས་འཛིན་ཐུབ་པ་མ་ཡོང་བའི་འགོག་རྐྱེན་གཅིག་དེ་ང་ཚོའི་བླ་མ་མཁས་གྲུབ་ཆེ་ཁག་དེ་དག་གི་རྣམ་ཐར་དག་སྲོལ་རྒྱུན་གྱི་དཔེ་ཆའི་ནང་ལ་ལུས། དབྱིན་ཡིག་ཐོག་ཕབ་པ་ཡིན་ནའང་སྲོལ་རྒྱུན་གྱི་རྣམ་ཐར་འབྲི་སྟངས་དེ་དག མ་གཞི་བོད་ཀྱི་ཐ་སྙད་ལ་བླ་མའི་མཛད་པར་རྣམ་ཐར་ལབ་ཀྱི་ཡོད། རྣམ་ཐར་ལབ་དུས་རྗེས་འཇུག་སློབ་མ་ཚོས་དད་པའི་ཐོག་ནས་བླ་མའི་མཛད་པ་དག་ལག་ལེན་བསྟར་ནས་ཐར་པ་ཐོབ་པའི་དམིགས་ཡུལ་འཛིན་གྱི་ཡོད། དེ་འདྲ་ཡིན་དུས་རྣམ་ཐར་དེ་དག་ལ་བསྟེན་ནས་ཁོང་ཚོར་མི་དཀྱུས་མའི་ཚོར་བ་འདྲ་ཞིག་ཡོང་ཐུབ་ཀྱི་མེད། རྣམ་ཐར་དེ་དག་ལ་མཇལ་བའི་སྐབས་བླ་མ་དེ་དག་གི་ཐུགས་གཤིས་ག་འདྲ་ཡིན་མིན་དང་། ཐུགས་རེ་ག་འདྲ་གནང་གི་ཡོད་མེད། སྐུ་ངལ་གང་འདྲ་བསྐྱོན་ཡོད་མེད། མི་ཁོ་རང་གི་རྣམ་འགྱུར་དང་། ཐུགས་གཤིས་དེ་ཚོ་འབུལ་ཐོན་བྱས་པ་མེད། མི་དཀྱུས་མའི་རྣམ་ཐར་ལྟར་བྲིས་པ་རྗེ་མི་ལ་ཙམ་ཞིག་རེད།
སྔོན་མ་ནས་རེ་བ་ཡོད་པ་ནང་བཞིན་རྗེ་རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདས་པའི་མྱང་འདས་ཀྱི་ལོ་དྲུག་བརྒྱ་ལོན་གི་ཡོད་ཙང་། དམིགས་བསལ་གྱི་དུས་ཚིགས་ཤིག་ཡིན་དུས། དེའི་གོ་སྐབས་བཟུང་ནས་ཁོང་གི་རྣམ་ཐར་རྩོམ་ཐུབ་ན་བསམ་པ་དེ་ཡིན།
དྲི་བ། སྤྱིར་བཏང་རྗེ་རིན་པོ་ཆེའི་རྣམ་ཐར་རམ་མཛད་རྣམ་དེ་ཐོག་མར་མཁས་གྲུབ་རྗེས་མཛད་པའི་རྣམ་ཐར་དད་པའི་འཇུག་ངོགས་དེ་ཡིན་རྒྱུ་རེད། དགེ་བཤེས་ལགས་ནས་རྗེ་རིན་པོ་ཆེའི་རྣམ་ཐར་དེ་ལྗགས་རྩོམ་གནང་སྐབས། དེ་སྔར་བོད་ཀྱི་སྲོལ་རྒྱུན་གྱི་རྣམ་ཐར་འབྲི་སྟངས་དེ་ལས་ཚུར་ཐོན་ནས་དེང་རབས་ཀྱི་མིའི་མི་ཚེའི་ལོ་རྒྱུས་འབྲི་བའི་ལམ་སྲོལ་གྱི་ཁ་ཕྱོགས་སུ་བསྒྱུར་ཐུབ་པའི་འབད་བརྩོན་ག་ཚོད་གནང་ཡོད་དམ། ཡང་ན་སྲོལ་རྒྱུན་ཁོ་རེའི་སྒང་ལ་བཞག་ཡོད།
དྲིས་ལན། བོད་ཀྱི་མཁས་གྲུབ་དང་བླ་མའི་ནང་ལ་རྗེ་རིན་པོ་ཆེ་ནང་བཞིན་གྱི་རྣམ་ཐར་མང་པོ་བརྩམས་པ་བྱུང་མེད། རྗེ་རིན་པོ་ཆེའི་རྣམ་ཐར་སྐོར་ལ་ངས་ཞིབ་འཇུག་བྱེད་སྐབས། རྣམ་ཐར་ཆེ་ཆུང་བསྡོམས་བཞི་བཅུ་ལྷག་ཅིག་འདུག དཔེ་ཕོན་ཆེན་པོ་རེད། དེ་དག་གི་ནང་ནས་རྣམ་ཐར་གསུམ་ལ་པོ་ཏི་ལོན་པ་ཡོད། འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་རྗེ་རིན་པོ་ཆེའི་རྣམ་ཐར་ཆེན་མོ་དང་། ཐོ་ཡོན་བླ་མས་མཛད་པའི་རྗེ་རིན་པོ་ཆེའི་རྣམ་ཐར། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་རྗེ་རིན་པོ་ཆེའི་རྣམ་ཐར་ (རྣམ་ཐར་འདི་ཐོག་མར་སོག་སྐད་མཛད་པ་ཞིག་ཡིན། ཕྱིས་སུ་མཛད་པ་པོ་རང་ཉིད་ནས་བོད་སྐད་ཐོག་བསྒྱུར།) སོགས་རྣམ་ཐར་རེ་རེ་ཤོག་ལྷེ་བཞི་བརྒྱ་ལྔ་བརྒྱ་ལོན་པ་དེ་འདྲ་ཡོད། པོ་ཏི་ཆེན་པོ་རེད།
རྗེ་རིན་པོ་ཆེའི་རྣམ་ཐར་གྱི་ཐོག་མ་དེ་མཁས་གྲུབ་རྗེས་མཛད་པའི་རྗེ་རིན་པོ་ཆེའི་རྣམ་ཐར་རེད། མཁས་གྲུབ་རྗེས་བརྩམས་པའི་རྣམ་ཐར་དད་པའི་འཇུག་ངོགས་དེ་དབྱིན་སྐད་ཐོག་ནས་ཞུས་པ་ཡིན་ན། Official Biography སྤྱི་ལ་ཁྱབ་པའི་རྣམ་ཐར་གྱི་ཐོག་མ་འདྲ་བོ་རེད། དཔེ་ཆ་གཞན་པ་ཚོའི་ནང་རྣམ་ཐར་དད་པའི་འཇུག་ངོགས་ལ་རྣམ་ཐར་ཆེན་མོ་གསུང་སྲོལ་འདུག རྣམ་ཐར་དེ་རྗེ་རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདས་ནས་ལོ་བཅུ་ཕྲག་བཅུ་ཡས་མས་ཤིག་གི་རྗེས་ནས་བརྩམས་པ་ཞིག་རེད། སྔ་ས་ནས་བརྩམས་འདུག ངས་རྗེ་རིན་པོ་ཆེའི་རྣམ་ཐར་རྩོམ་པའི་སྐབས་ཆོས་བྱེད་པ་ཞིག་གིས་བླ་མའི་རྣམ་ཐར་ལ་མཇལ་ནས་དད་པ་འཁྲུངས་རྒྱུ་དང་། བླ་མའི་མཛད་པ་བསྐྱང་རྒྱུ་དེ་ཚོའི་གྲས་ལ་དམིགས་ནས་བརྩམས་པ་ཞིག་མིན། དེ་ཚོའི་གྲས་དེ་བོད་རང་གི་དཔེ་ཆ་མང་པོ་ཡོད་དུས། ངས་བསྣན་དགོས་དོན་མེད།
ཡིན་ན་ཡང་ལོ་དུས་དང་། དུས་རབས་ཀྱི་རིགས་དེ་ཚོ་སྔོན་ཆད་ཀྱི་དཔེ་ཆ་རྙིང་པ་དེ་ཚོ་ཕར་ཚུར་བསྡུར་ནས་བྲིས་ན་མ་གཏོགས་མེད། ངའི་རེ་བ་ལ་རྣམ་ཐར་དེ་བོད་ཡིག་ནང་ལ་ཐོག་མར་འབྲི་རྒྱུ་དེ་ཡིན། ཡིན་ཡང་དུས་ཚོད་ཀྱི་ཆ་ནས་འགྲིག་མ་སོང་། རྣམ་ཐར་དེ་དེང་རབས་ཀྱི་མིའི་ཆེད་དུ་དང་། ལྷག་པར་དུ་བོད་ཡིག་ཀློག་མི་ཐུབ་མཁན་ཕྱི་མི་ཚོའི་ཆེད་དུ་བྲིས་པ་ཡིན། ཕྱི་མི་ཚོར་ཆ་བཞག་ན། དེང་སང་རྒྱ་རིགས་ནང་ལ་བོད་བརྒྱུད་ནང་བསྟན་ལ་དད་པ་དང་ཡིད་ཆེས་ཡོད་པའི་མི་འབུམ་ཕྲག་མང་པོ་ཡོད། དབྱིན་ཇིའི་ནང་བྲིས་རྗེས་རྒྱ་ཡིག་ལ་ཕབ་རྒྱུ་ལས་སླ་བོ་ཞེ་དྲག་རེད། དམིགས་ཡུལ་གཅིག་དེ་བཟུང་བ་ཡིན།
ལྷག་པར་དུ་ནུབ་ཕྱོགས་པའི་ནང་ལ་བོད་བརྒྱུད་ནང་བསྟན་ལ་དད་པ་ཡོད་མཁན་དེང་སང་ས་ཡ་ཁ་ཤས་ཡོད། དེ་ཚོའི་གྲས་ལ་རྗེ་རིན་པོ་ཆེའི་རྣམ་ཐར་གྱི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་ངོ་སྤྲོད་དེ་ཡང་ཆ་ཚང་བ་ཞིག་དང་། དེ་བཞིན་བོད་ཀྱི་བསྟན་པ་དེ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རེད་ལབ་ཀྱི་ཡོད། མདོ་སྔགས་ཟུང་འབྲེལ་གྱི་གོ་དོན་གང་འདྲ་ཞིག་གི་ཐོག་ནས་ཡོང་གི་ཡོད་མེད། ༸སྐྱབས་མགོན་རིན་པོ་ཆེས་བཀའ་མང་པོ་ཞིག་གི་ནང་བོད་བརྒྱུད་ནང་བསྟན་དེ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དང་ཡོངས་སུ་རྫོགས་པ་ཞིག་རེད་གསུང་གི་ཡོད།
སྤྱིར་སངས་རྒྱས་ཀྱི་བསྟན་པ་དེ་ཐེག་དམན་གྱི་ཡུལ་Thailand དང་། Sri lanka ། འབར་བ་སོགས་ག་ས་གང་དུ་ཁྱབ་ཡོད། ཐེག་པ་ཆེན་པོའི་བསྟན་པར་ཆ་བཞག་ནའང། རྒྱ་ནག་དང་། ཉི་ཧོང་། བེ་ཏི་ནམ་སོགས་དང་། གསང་སྔགས་ཉམས་ལེན་གྱི་ཆ་ཤས་ཆ་ཤས་དེ་འདྲ་ཉི་ཧོང་སོགས་སུའང་དར་འདུག དཔེར་ན་ མེཀ་ ཟེར་བའི་ཆོས་ལུགས་ཤིག་ཡོད། དེ་ཚོའི་གྲས་གསང་སྔགས་གཙོ་བོ་རེད། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དང་། འདུལ་བའི་ཉམས་བཞེས་ཡོད་པ་དེ་འདྲ་བོད་བརྒྱུད་ནང་བསྟན་ལ་མ་གཏོགས་བྱུང་མེད་པ་༸སྐྱབས་མགོན་རིན་པོ་ཆེས་བཀའ་གནང་ཡོད།
མཚན་སྙན་གྲགས་ཡོད་པའི་བླ་མ་ཞིག་གི་ལོ་རྒྱུས་གསན་བསམ་གནང་སྟངས་ཐོག་ནས་བོད་བརྒྱུད་ནང་བསྟན་དེ་ཐེག་ཆུང་སྔགས་དང་བཅས་པ་ཚ་ཆང་བ་ཞིག་ཡིན་པ་༸སྐྱབས་མགོན་རིན་པོ་ཆེའི་བཀའ་གནང་བ་དེར་གོ་བ་སླེབས་ཐུབ་པ་ཞིག་དབྱིན་ཡིག་ནང་བྲིས་པ་ཡིན་ན། ཕྱི་ལོགས་སུ་འཚར་ལོངས་བྱས་པའི་བོད་པ་གཞོན་སྐྱེས་མང་པོ་ཞིག་ལ་བོད་ཡིག་ལས་དབྱིན་ཡིག་བཀླགས་ན་གོ་བདེ་བ་ཡོད་པ་དང་། ཕྱོགས་གཅིག་ནས་བཤད་ན་ཏོག་ཙམ་ངོ་ཚ་དགོས་པའི་སྐད་ཆ་ཞིག་ལ་ཆགས་འགྲོ་གི་འདུག དཔེར་ན། ངའི་བུ་ཕྲུག་དེ་ཚོས་ཀྱང་ཁ་འདོན་གྱི་དཔེ་ཆ་ཙམ་ཞིག་མ་གཏོགས་བོད་ཡིག་ཚད་ལྡན་ཞིག་ཀློག་ཤེས་ཀྱི་མེད། དབྱིན་ཡིག་ཐོག་ལ་ཡོད་ན། བོད་པ་གཞོན་པ་ཚོས་ཡིན་ན་ཡང་ཀློག་ཐུབ་ཀྱི་རེད།
མ་ཟད་ང་རང་ཚོ་བོད་པ་ཚོས་རྗེ་རིན་པོ་ཆེ་ལབ་དུས་ལམ་སང་ཐལ་མོ་སྦྱར་ནས་རྩ་ཆེན་པོ་བརྩི་བ་ཙམ་ལ་མ་བཞག་པར། ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་པ་དང་། ང་རང་ཚོ་ནང་བཞིན་མི་དཀྱུས་མ་ཞིག་གི་ཐོག་ནས་ཐོག་མར་སྐུ་ངལ་བསྐྱོན་པ་དང་། ཉམས་བཞེས་གནང་བ། ལྟ་བའི་ཐོག་ལ་དཔྱད་པ་གནང་བ་གསལ་པོ་འདྲ་ཞིག་ཆགས་ཐུབ་ན་བསམ་པ་དེ་ཡིན།
ང་རང་ཡང་དགེ་ལུགས་པ་དང་། སྔོན་ཆད་དགའ་ལྡན་གྲྭ་ལོག་རེད། དགའ་ལྡན་ལ་གྲྭ་པ་བྱས་མྱོང་བ་ཡིན་ཙང་རྗེ་རིན་པོ་ཆེ་ལ་སྙིང་ཐག་པ་ནས་དད་པ་ཡོད། དུས་རྒྱུན་དུ་དགའ་ལྡན་ལྷ་བརྒྱ་མ་དང་དམིགས་བརྩེ་མ་གསོག་མཁན་ཞིག་རེད། དེ་ཡིན་པའི་ཆ་ནས་རང་ལུགས་དེ་མ་བརླགས་པ་ཞིག་བྱེད་དགོས་ཀྱི་རེད། རང་ལུགས་དེ་མ་བརླགས་པའི་སྟེང་རྣམ་དཔྱོད་ཀྱི་ཐོག་ནས་དཔྱད་པ་བྱེད་དགོས་པ་དེ་ཚོ་རྒྱུན་སྐྱོང་བྱས། གང་ལྟར་མཐའ་གཉིས་སུ་མ་ལྷུང་བ། སྔོན་མའི་སྲོལ་རྒྱུན་གྱི་རྣམ་ཐར་གྱི་ཐོག་ནས་དད་པའི་རྗེས་ལ་རྒྱུག་ཐག་ཆོད། མ་གཞི་རྣམ་ཐར་དད་པའི་འཇུག་ངོགས་ཀྱི་མཚན་ཁོ་རང་ལ་ཡང་དད་པའི་འཇུག་ངོགས་རེད། ཡང་ནུབ་ཕྱོགས་པ་ཚོས་བྲིས་པ་ཡིན་ན་རྦད་དེ་མི་དཀྱུས་མ་རང་གི་འདུ་ཤེས་ཀྱིས་འབྲི་ཡོང་གི་ཡོད། དེ་གཉིས་ཀ་མ་ཡིན་པའི་བར་གནས་དབུ་མའི་ལམ་གྱི་ཐོག་ནས་དེང་རབས་ཀྱི་ལྟ་སྟངས་དེ་ཡང་ཆ་ཚང་བ་དང་། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ལ་ཆོས་དད་ཡོད་མཁན་ཞིག་གིས་བལྟས་ན། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་དང་། གཤེགས་པའི་ལམ་དེ་གང་འདྲ་བྱས་ནས་བཙལ་བ་སོགས་ཀྱང་ཚང་བར་བྱས་ནས་བྲིས་པ་ཡིན།
དྲི་བ། རྗེ་རིན་པོ་ཆེའི་མཛད་རྣམ་གྱི་ས་བཅད་དེ་དག་སྒྲིག་སྟངས་དེ་དད་པའི་འཇུག་ངོགས་སོགས་དང་མ་འདྲ་བར་བྱས་ནས། དཔེར་ན། དད་པའི་འཇུག་ངོགས་ལྟ་བུ་ཡིན་ན། གོང་དུ་གསུངས་པ་ནང་བཞིན་མཁས་གྲུབ་རྗེས་སོ་སོའི་བླ་མའི་རྣམ་ཐར་འབྲི་རྒྱུ་དེ་སློབ་མའི་འགན་འདྲ་ཞིག་ཡིན་ཙང་། དེ་འདྲའི་གནས་སྟངས་ཀྱི་ཐོག་ནས་བྲིས་པ་ཞིག་རེད། དགེ་བཤེས་ལགས་ཀྱིས་རྗེ་རིན་པོ་ཆེའི་མཛད་རྣམ་བྲིས་པ་དེའི་ས་བཅད་སྒྲིག་སྟངས་དེ་ཚོ་བོད་པའི་དེབ་དེ་འདྲ་ཀློག་མ་མྱོང་མཁན་གྱི་མི་ཞིག་གིས་བཀླགས་པ་ཡིན་ན། མི་སྒེར་པ་ཞིག་གི་ལོ་རྒྱུས་ལྟར་ཐོག་མར་འཁྲུངས་པ་དང་། སློབ་གཉེར་གནང་བ། དགོངས་པ་གཞན་དོན་དུ་གཤེགས་པའི་བར་གྱི་ས་བཅད་སྒྲིག་སྟངས་དེ་མ་འདྲ་བ་ཞིག་བསྒྲིགས་གནང་འདུག དེས་ཁྱད་ཆོས་གཙོ་བོ་གང་ཞིག་འབུར་འདོན་གནང་གི་ཡོད་དམ།
དྲིས་ལན། རྣམ་ཐར་དངོས་གཞི་འགོ་མ་བཙུགས་གོང་ནས་སྔོན་གླེང་ཞིག་ཡོད། སྔོན་གླེང་དེ་རྣམ་ཐར་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཡིན། རྗེ་རིན་པོ་ཆེར་ཆ་བཞག་པ་ཡིན་ན། རྗེ་རིན་པོ་ཆེ་ཕེབས་པའི་སྐབས་དེའི་སྔོན་ནས་བཅོམ་ལྡན་རིག་རལ་དང་དེའི་སློབ་མ་ཚོས་བཀའ་འགྱུར་དང་བསྟན་འགྱུར་ཕྱོགས་བསྒྲིགས་གནང་ཚར་བ་རེད། མཐའ་མའི་གཏན་འབེབས་དེ་བུ་སྟོན་རིན་པོ་ཆེས་གནང་། དེའི་གོང་ལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་རྙིང་མ་དང་། བཀའ་གདམས། ས་སྐྱ། བཀའ་བརྒྱུད་སོགས་ཀྱང་གཏན་འབེབས་གྲུབ་པ་རེད།
ཐོག་མར་ཆ་བཞག་ན། བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་སྟེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་བོད་ལ་བསྟན་པ་དར་སྟངས་དང་། ལྷག་པར་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་རྒྱ་གར་ལེགས་སྦྱར་སྐད་ནས་གསུང་རབ་མང་པོ་ཞིག་བོད་སྐད་ཐོག་བསྒྱུར་ཆེད་སྒྲ་བསྒྱུར་སྡེ་ཚན་བཙུགས་པ་དང་། ངག་བློ་ལྡན་ཤེས་རབ་ཕེབས་ནས་བོད་ལ་མཚན་ཉིད་རིག་པའི་ལམ་ལུགས་སྤེལ་བ་དང་། གཞུང་ཆེན་མང་པོ་ཞིག་ཁོང་གིས་བསྒྱུར། གཞུང་རེ་རེ་ལ་བསྡུས་དོན་རེ་བརྩམས། ཚད་མའི་གཞུང་འགའ་ལ་འགྲེལ་པ་བརྩམས། ལྷག་པར་དུ་ཕར་ཕྱིན་དང་ཚད་མའི་ཐོག་ལ་མཛད་རྗེས་ཞེ་དྲག་བཞག་ཡོད། ཁོ་རང་རྒྱ་གར་ལ་ལོ་མང་པོར་བཞུགས། དེ་དུས་ཁ་ཆེ་ Kashmiri ལ་ནང་པའི་བསྟན་པ་ཤུགས་ཆེན་དར་བའི་སྐབས་རེད།
གང་ལྟར་བོད་ཀྱི་ལོ་རྒྱུས་དང་། བོད་བརྒྱུད་ནང་བསྟན་དེ་དག་རྗེ་རིན་པོ་ཆེ་ཕེབས་པའི་སྐབས་གནས་སྟངས་ག་འདྲ་ཞིག་གི་ཐོག་ལ་ཡོད་མ་ཡོད། ལྷག་པར་དུ་ཆབ་སྲིད་ཀྱི་གནས་སྟངས་ཕྱི་ལོ་ ༡༣༥༤ ལོར་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་ཕག་གྲུའི་སྲིད་དབང་འགོ་བཙུགས་པ་དང་། དེའི་གོང་ལ་ས་སྐྱ་རེད། ས་སྐྱ་ནས་ཚུར་དབང་ཆ་ཕག་གྲུས་བཞེས་པ་དང་། བོད་ལ་ཕག་གྲུའི་དབང་བསྒྱུར་དབུ་བཙུགས། རྗེ་རིན་པོ་ཆེ་སྐུ་བལྟམས་དུས་ཕྱི་ལོ་ ༡༣༥༧ ལོ་ཡིན་པ་དང་། དེ་དུས་ནས་བོད་དབུས་ལ་ཕག་གྲུའི་གཞུང་བཙུགས་ཚར་པ་གོང་དུ་བཤད་པ་ལྟར་རེད། དེ་ཚོ་ལ་གནད་འགག་ཡོད།
འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་གསན་བསམ་སློབ་གཉེར་གནང་སྐབས། སློབ་གཉེར་བསྐྱོན་ས་ཤུགས་ཆེ་བ་བཀའ་གདམས་པའི་ཆོས་སྡེ་དེ་ཚོ་རེད། དེ་དང་མཉམ་དུ་གྲྭ་སྐོར་བསྐྱོན་ས་དེ་ས་སྐྱ་དང་། བླ་མར་ཆ་བཞག་པ་ཡིན་ན། མཚན་ཉིད་ཀྱི་བླ་མ་ཤུགས་ཆེ་ཤོས་དེ་ས་སྐྱའི་བླ་མ་རེད་མདའ་བ་ཆེན་པོ་རེད། དེ་དང་དེ་ལ་སོགས་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་དེ་ཚོ་སྔོན་གླེང་ནང་ལ་བཀོད་ནས།
དངོས་གཞི་རྣམ་ཐར་བྲིས་པའི་སྐབས་ལ་དེང་དུས་ཀྱི་རྣམ་ཐར་འབྲི་སྟངས་ལྟར་ཐོག་མར་འཁྲུངས་པ་དང་། འཁྲུངས་རྗེས་སློབ་གཉེར་བསྐྱོན་སྟངས། ཨ་མདོ་ནས་བོད་དབུས་ལ་ཕེབས་སྟངས། བོད་དབུས་ལ་ཕེབས་པའི་སྐབས་ཞབས་ཐང་ལ་ཕེབས་ཀྱི་ཡོོད་དུས། འབྲི་གུང་པའི་འབུལ་(དཔོན་ལྡན་མ་རིན་ཆེན་དཔལ་གྱིས་གདན་འདྲེན་གྲོགས་དན་དང་བཅས་)བོད་དབུས་སུ་ཕེབས། ཟླ་བ་བདུན་བརྒྱད་ལམ་བར་ནས་འགོར་ཡོད། དེ་ཚོའི་གྲས་དེ་དེང་དུས་ཀྱི་འབྲི་སྟངས་ཀྱི་སྒོ་ནས་དུས་དང་། ལྷག་པར་དུ་དམིགས་བསལ་བརྗོད་བྱ་བྱེ་བྲག་པ་ཞིག་ཡོད་ན་དེ་ལ་ལོགས་སུ་སྡེ་ཚན་བཟོས། དཔེར་ན། འོལ་ཁ་ལ་སྒྲུབ་པ་བསྐྱོན་པ་དང་། ལྷག་པར་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཞལ་གཟིགས་གནང་བ་དང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་ལབ་དུས། རྗེ་རིན་པོ་ཆེས་ཕྱིས་རྩོམ་མང་པོ་ཞིག་གི་ནང་ལ་འཇམ་དབྱངས་བླ་མ་གསུང་གི་ཡོད། རྗེ་བཙུན་འཇམ་པའི་དབྱངས་ལ་བླ་མ་རང་གི་འདུ་ཤེས་གནང་ཡོད་དུས། དེ་ཚོའི་གྲས་དེ་དེང་རབས་ཀྱི་ཀློག་པ་པོ་ཚོས་མི་མ་ཡིན་མཁན་གྱི་བླ་མ་ཞིག་ག་འདྲ་བྱས་ནས་ཡོང་གི་རེད་སྙམ་ནས་དོགས་པ་སྐྱེ་ཡི་རེད། དེ་ཚོའི་གྲས་ལ་དམིགས་བསལ་ལེའུ་ལོགས་སུ་ཕྱེས་ཡོད།
ཐོག་མར་བསམ་བློ་བཏང་དང་། དེ་ནས་སྒྲོམ་བྲིས་པ་དང་། མཛད་པའི་ནང་ལོགས་ལ་དམིགས་བསལ་གྱིས་དོ་སྣང་བྱེད་དགོས་ས་དེ་ཚོར་ཡང་ལེའུ་ལོགས་སུ་ཕྱེས། དེ་ཡང་དུས་ཀྱི་རིམ་པ་དང་མཐུན་པར་གོ་རིམ་བསྒྲིགས་པ་ཞིག་ཡིན།
དྲི་བ། མཛད་རྣམ་དེ་ཀློག་ཡོང་དུས་སྤྱིར་བཏང་གོང་དུ་གསུངས་པ་བཞིན་ལེའུ་ཚན་སོ་སོའི་ནང་བསླབ་པ་སློབ་གཉེར་གནང་སྟངས་དང་། སྒྲུབ་པ་ཉམས་ལེན་གནང་སྟངས་བྲིས་འདུག ལེའུ་དེ་དག་གི་ནང་ལ་དགེ་བཤེས་ལགས་ཀྱིས་འབུར་ཐོན་གནང་བ་གཅིག་དེ་ལྷ་སའི་སྨོན་ལམ་ཆེན་མོ་ཐོག་མར་ག་འདྲ་བྱས་ནས་སྲོལ་བཏོད་པ་དང་། སྐབས་དེར་རྗེ་རིན་པོ་ཆེས་ཐུགས་རེ་ག་འདྲ་ཞིག་བཅངས་ཡོད་མེད། དེ་བཞིན་དགའ་ལྡན་ཕྱག་བཏབ་པའི་གནས་སྟངས་ག་འདྲ་ཡིན་མིན་སོགས་ཞིབ་ཚགས་ཞེ་དྲག་བྲིས་འདུག སྤྱིར་བཏང་བླ་མའི་རྣམ་ཐར་དེ་ཚོར་དེ་འདྲ་རང་མེད་པར་བསྟོད་པ་ཞེ་དྲག་བྱས་པ་དེ་འདྲ་རེད། དགེ་བཤེས་ལགས་ཀྱིས་དེ་ཚོའི་སྐོར་མ་འདྲ་བ་ཞིག་བྲིས་པ་དེ་དགོངས་པ་ག་འདྲ་བཞེས་པ་ཡིན་ནམ།
དྲིས་ལན། ངས་རྣམ་ཐར་འབྲི་བའི་སྐབས་ལ་དེང་རབས་ཀྱི་འབྲི་སྟངས་ལྟར་ཞིབ་འཇུག་ཤུགས་ཆེ་བྱས་པ་ཡིན། དེང་རབས་ཀྱི་མིས་ལོ་རྒྱུས་འབྲི་བའི་སྐབས་མི་སྣ་ཁོ་རང་གི་ལོ་རྒྱུས་རྐྱང་རྐྱང་ཙམ་མ་ཡིན་པར། དེ་དང་འབྲེལ་ཡོད་ཀྱི་མི་སྣ་ཆེ་ཁག་གཞན་པའི་ལོ་རྒྱུས་དང་། ཕར་ཚུར་ཕྱག་རིས་གནང་བཞག་པ་དེ་ཚོར་ཡང་བལྟས། དཔེར་ཆ་བཞག་ན། རྗེ་རིན་པོ་ཆེ་དང་སྐུ་དུས་མཉམ་པ་ཀརྨ་པ་དེ་བཞིན་གཤེགས་པ་དང་། ཀརྨ་པ་རོལ་པའི་རྡོ་རྗེ། ཀརྨ་པ་རོལ་པའི་རྡོ་རྗེའི་མདུན་ནས་དབུ་སྐྲ་གཙུག་ཕུད་བཞེས་པའི་ཐོག་དགེ་བསྙེན་སྡོམ་པ་ཡང་བཞེས་པ་རེད། དེ་ཚེ་དེའི་དུས་ཀྱི་ཕག་གྲུའི་བླ་མ་ཆེ་ཁག་གྲགས་པ་བྱང་ཆུབ། ཁོང་རྗེ་རིན་པོ་ཆེ་དང་ཐུགས་འདྲིས་ཆེན་པོ་རེད། རྗེ་རིན་པོ་ཆེ་དང་དགུང་ལོ་གཅིག་གིས་མ་གཏོགས་བགྲེས་པ་མ་རེད་དེ། སྐུ་གཟུགས་ཡག་པོ་མེད་སྟབས་སྔ་དུས་ནས་གཤེགས་པ་རེད། ཕག་གྲུ་བྱང་ཆུབ་རྒྱལ་མཚན་དང་། ཁོང་གིས་རྩེ་ཐང་དགོན་པར་ཕག་གྲུས་མཚན་ཉིད་ཀྱི་སྡེ་ཚན་བཙུགས་པ། དེ་ལྟར་བཙུགས་པའི་དགོས་པ་རྒྱུ་མཚན། དེབ་ཐེར་སྔོན་པོ་སྒྲིག་མཁན་འགོས་ལོ་ཙཱ་བ་གཞོན་ནུ་དཔལ། ཁོ་རང་བཀའ་བརྒྱུད་རེད་དེ། རྗེ་རིན་པོ་ཆེའི་སློབ་མ་རེད། ཁོ་རང་གི་རྣམ་ཐར་དེ་ཀརྨ་པ་ཞཱ་དམར་པ་ཆོས་ཀྱི་གྲགས་པས་བྲིས་གནང་ཡོད། རྗེ་བཙུན་རེད་མདའ་ཆེན་མོ་དེ་རྗེ་རིན་པོ་ཆེའི་བླ་མ་ཡོད་ན་མེད་ན་དེ་རེད། རྗེ་བཙུན་རེད་མདའ་བ་ས་སྐྱ་པ་རེད། རྗེ་བཙུན་རེད་མདའ་བ་ཆེན་མོའི་རྣམ་ཐར་དེ་བོད་ནས་བྲིས་མ་ཞིག་རག་སོང་། རྣམ་ཐར་དེ་ཁོ་རང་གི་ཞབས་ཕྱི་ཞིག་གིས་བྲིས་འདུག དེ་འདྲ་ཡིན་དུས་རེད་མདའ་བ་དང་མཇལ་མྱོང་མཁན་ཞིག་གིས་བྲིས་པ་ཆགས་བསྡད་ཡོད། རྣམ་ཐར་དེའི་ནང་ལ་རྗེ་རིན་པོ་ཆེ་དང་འབྲེལ་བའི་གནས་ཚུལ་མང་པོ་འདུག
གང་ལྟར་ངས་རྗེ་རིན་པོ་ཆེ་དང་འབྲེལ་བའི་ཡིག་ཆ་དང་མི་སྣ་ཚང་མ་དང་། རྗེ་རིན་པོ་ཆེ་རང་གི་གསུང་འབུམ་པོ་ཏི་བཅུ་དགུ། སྐུ་འབུམ་པར་མ་བྱས་ན། བཀྲ་ཤིས་ལྷུན་པོའི་པར་མ་བྱས་ན་པོ་ཏི་བཅོ་བརྒྱད་རེད། ངས་སྐུ་འབུམ་པར་མ་གཙོ་བོ་བྱེད་ཀྱི་ཡོད། དེ་དག་པོ་འདུག དེ་དག་ཚང་མ་བཀླགས། ལྷག་པར་དུ་རྗེ་རིན་པོ་ཆེའི་གསུང་ཐོར་བུའི་ནང་ལ་ཕྱག་རིས་གནང་བཞག་པ་ཞེ་དྲག་མང་པོ་ཡོད། ཕྱག་རིས་གནང་བཞག་པ་དེ་དག་ནས་ཕྱག་རིས་གནང་སའི་མི་རྩད་གཅོད་དང་། དེ་དག་གི་ལོ་རྒྱུས་རག་ན་ལོ་རྒྱུས་བཙལ། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་དེབ་ཐེར་དམར་པོ་གསར་མ་འཕྲུལ་གྱི་ལྡེ་མིག་ནང་ཕག་གྲུའི་ལོ་རྒྱུས་རྒྱས་ཤོས་ཤིག་ཡོད། དེ་ཚོ་དང་། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་། ལྷོ་རོང་ཆོས་འབྱུང་སོགས་ཡིག་ཆ་རྙིང་པ་དེ་དག་ཚང་མ་བཀླགས། དེ་ཚོ་ལ་བསྟེན་ནས་རྗེ་རིན་པོ་ཆེའི་ལོ་རྒྱུས་འབུར་ཐོན་འདྲ་ཞིག་ཤར་ཡོང་གི་འདུག
ཁྱེད་ཀྱིས་གསུངས་པ་བཞིན་ལྷ་སའི་སྨོན་ལམ་ཆེན་མོ་བཙུགས་པའི་དགོས་པ་དེ། ལྷ་སའི་སྨོན་ལམ་ཆེན་མོ་མ་བཙུགས་གོང་ནས་རྗེ་རིན་པོ་ཆེས་སྨོན་ལམ་གྱི་སྟ་གོན་ཐེངས་གཉིས་ལ་གནང་ཡོད། གཅིག་དེ་རྭ་སྒྲེང་དང་། གཅིག་དེ་རྫིང་ཕྱིའི་བྱམས་པ་ལྷ་ཁང་གི་མདུན་ལ་གནང་བ་རེད། སྨོན་ལམ་ཆེན་མོ་ཚོགས་པའི་སྐབས་ལ་རྗེ་རིན་པོ་ཆེའི་དགོངས་པ་དེ། སྐབས་དེ་དུས་བོད་ལ་བོད་བརྒྱུད་ནང་བསྟན་གྱི་ཆོས་སྡེ་ཆེ་ཁག་ཚོས་སོ་སོའི་བླ་མ་ཞེ་དྲག་བརྩི་ཡི་ཡོད་ཙང་། སོ་སོའི་བརྒྱུད་པའི་བླ་མ་དག་རྩལ་འདོན་ཞེ་དྲག་བྱས་སྟབས། སྐབས་མང་པོ་ལ་བཅོམ་ལྡན་འདས་དེ་དེའི་བར་ནས་ལུས་འགྲོ་ལུས་འགྲོ་བྱེད་ཀྱི་ཡོད། བཅོམ་ལྡན་འདས་དང་རྒྱན་དྲུག་མཆོག་གཉིས། རྗེ་རིན་པོ་ཆེས་ཐུགས་ཤུགས་བསྐྱོན་ས་ཡོད་ན་མེད་ན་གཅིག་དེ་བོད་བརྒྱུད་ནང་བསྟན་ལ་སྤྱི་ཁྱབ་ཀྱི་ཚུལ་དུ་གལ་ཆེན་པོ་ཡིན་པའི་རྒྱ་གར་མཁས་པ་ཚོ་ལ་ཆེ་མཐོང་དང་། རྒྱ་གར་མཁས་པའི་གཞུང་རྩལ་འདོན་གནང་རྒྱུ། ལྷག་པར་དུ་སྟོན་པ་བཅོམ་ལྡན་འདས་ཉིད་ལ་དམིགས་བསལ་གྱིས་དད་པ་དང་སྨོན་ལམ་བྱེད་སའི་དམིགས་ཡུལ་རྩལ་འདོན་གནང་རྒྱུ་དེ་རེད།
ལྷ་སར་ཆ་བཞག་པ་ཡིན་ན། སྨོན་ལམ་ཚོགས་སྐབས་ལྷ་སའི་ཇོ་བོ་ལ་དབུ་རྒྱན་འབུལ་རྒྱུ་དང་། བསྟོད་པ་སྐབས་གསུམ་པ་བརྩམས་པ། བཅོམ་ལྡན་འདས་ལ་དམིགས་བསལ་གྱིས་བསྟོད་པ་ཁ་ཤས་ཤིག་བརྩམས་གནང་ཡོད། སྨོན་ལམ་ཆེན་མོ་ཚོགས་པའི་སྐབས་ལ་ཞལ་འདོན་དེ་ཡང་ཆོས་བརྒྱུད་ཚང་མས་ཁས་ལེན་ཐུབ་པའི་བཀའ་འགྱུར་དང་བསྟན་འགྱུར་ནང་ལོག་ནས་ཚུར་བསྒྲིགས་ནས་ཆོས་འདོན་བཟོས་པ་དང་། བསྔོ་བ་དེ་གསར་རྩོམ་གནང་། དེ་ཚོའི་གྲས་དཔེ་དགོངས་པ་རྒྱ་ཆེན་པོ་བཞེས་འདུག
ས་སྐྱ་པ་ཚོ་ཡིན་ན་དེ་བཀའ་བརྒྱུད་ཀྱི་དཔེ་ཆ་རེད་བསམ་མི་དགོས་པ། བཀའ་བརྒྱུད་པ་ཚོ་ཡིན་ན་དེ་ས་སྐྱ་པའི་དཔེ་ཆ་རེད་བསམ་མི་དགོས་པ། བཀའ་གདམས་པ་ཚོ་ཡིན་ན་འདི་བཀའ་བརྒྱུད་དང་ས་སྐྱ་པའི་དཔེ་ཆ་རེད་བསམ་མི་དགོས་པ། རྙིང་མ་ཚོ་ཡིན་ན་དེ་དགེ་ལུགས་པའི་དཔེ་ཆ་རེད་བསམ་མི་དགོས་པ་སྤྱི་ལ་ཁྱབ་པ་ཞིག་ལ་དགོངས་པ་བཞེས་འདུག
དགའ་ལྡན་ཕྱག་བཏབ་པ་དེ། ཐོག་མར་རྗེ་རིན་པོ་ཆེས་དགོན་པ་ཆེན་པོ་ཞིག་ཕྱག་འདེབས་པའི་ཐུགས་བཞེད་རྩ་བ་ནས་གནང་མི་འདུག སྒྲུབ་པ་བསྐྱོན་པ་དང་། གནས་དབེན་པ་བསྟེན་པ་དང་། སྐུ་ཚེའི་དུས་ཡུན་རིང་ཤོས་དབེན་པ་རྐྱང་རྐྱང་ལ་བཞུགས་བཞིན་ཡོད། རྗེ་རིན་པོ་ཆེས་བཀའ་རྩོམ་གནང་བའི་མཇུག་བྱང་དེ་འདྲ་དང་། ལྷག་པར་དུ་གཞན་ལ་ཕྱག་རིས་གནང་བཞག་པ་དེ་འདྲར་མཇལ་བ་ཡིན་ན། གནས་དབེན་པ་ཡང་ན་རྫིང་ཕྱི་དང་། ཡང་ན་འོལ་ཁ་དང་། ཡང་ན་འོལ་ཁ་ཆོས་ལུང་། རྭ་སྒྲེང་། ཡང་ན་བྲག་སེངྒེ་ཞོལ་སོགས་གང་ལྟར་དབེན་གནས་རྐྱང་རྐྱང་ནས་ལྗགས་རྩོམ་གནང་བཞག་པ་ཆགས་བསྡད་ཡོད།
རྗེ་རིན་པོ་ཆེ་དུས་ཚོད་མང་ཆེ་བ་ཞིག་དབེན་པའི་གནས་ལ་བཞུགས་འདུག དབེན་གནས་ལ་སྤྲོ་བོ་ཡོད་ས་རེད། ཡིན་ན་ཡང་རྗེས་མར་རིམ་པས་ཕར་ཚུར་ཕེབས་སྐབས་སློབ་མ་མང་པོ་ཞེ་དྲག་འདུས་ཡོང་དུས། སྐབས་འགའ་ཤས་ལ་བརྒྱ་ཕྲག་ཁ་ཤས་ཤིག་མཉམ་དུ་ཕེབས་ཀྱི་ཡོད་ས་རེད། ཐེག་དམན་གྱི་གཞུང་དེ་ཚོའི་ནང་ལ་ཡོད་པའི་བཅོམ་ལྡན་འདས་ཀྱི་རྣམ་ཐར་དེ་ཚོར་མཇལ་བ་ཡིན་ན། བཅོམ་ལྡན་འདས་ཀྱི་མཛད་པ་དེ་ག་རང་རེད་འདུག དབྱར་གནས་དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་དང་། མཉན་ཡོད་དང་། དེ་མིན་ས་གནས་ཁ་ཤས་ལ་ཟླ་བ་འགར་བཞུགས་པ་མ་གཏོགས། གཞན་མདོ་དེ་ཚོར་མཇལ་བ་ཡིན་ན། གནས་ངེས་མེད་ཐོག་ནས་ཕར་ཚུར་ཕེབས་འགྲོ་གི་ཡོད། དེ་འདྲར་ཕེབས་པའི་སྐབས་ཉེ་གནས་དགེ་སློང་དེ་ཚོ་ཚང་མ་མཉམ་དུ་ཕེབས་སྡོད་ཀྱི་རེད། བོད་ལ་རྗེ་རིན་པོ་ཆེའི་སྐུ་ཚེའི་མཛད་པ་དེ་བཅོམ་ལྡན་འདས་དང་འདྲ་བོ་འདྲ་བོ་བྱུང་འདུག
གོང་དུ་བཤད་པ་ལྟར་ཕར་ཚུར་གནས་ངེས་མེད་ཀྱིས་ཕེབས། རིམ་པས་སློབ་མ་མང་པོ་འདུས་ཡོང་དུས། སྐབས་འགའ་ཤས་ལ་གསུང་ཆོས་གནང་དུས་གྲྭ་པ་བདུན་བརྒྱ་བརྒྱད་བརྒྱ་སྟོང་ཕྲག་དེ་འདྲ་འཛོམས་སྟབས། གསུང་ཆོས་གནང་སར་འཚོ་བའི་ཐོག་ནས་ཀྱང་དཀའ་ངལ་འཕྲད་པ་ན། རྒྱལ་ཚབ་རྗེ་དང་སློབ་མ་བགྲེས་པ་འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ཀྱིས་རྗེ་རིན་པོ་ཆེ་ལ་དེ་འདྲ་བྱས་ན་རྩ་བ་ནས་ཡག་པོ་མི་འདུག ང་ཚོས་ཚགས་ཚུད་པོ་བཟོ་ཐུབ་ཀྱི་མི་འདུག མི་མང་པོ་ཞེ་དྲག་ཅིག་ས་ཆ་གཅིག་ལ་འཛོམས། ག་དུས་ཡིན་ན་ཡང་གནས་མེད་ཀྱིས་ཕེབས་ན། ང་རང་ཚོ་རང་ལ་རྟེན་གཞི་ཞིག་དགོས་ཀྱི་འདུག་ཞུས་སྟབས། དགའ་ལྡན་ཕྱག་འདེབས་པའི་ཐུགས་གཏན་ཁེལ་བ་དང་། ལྷ་སའི་སྨོན་ལམ་གྲོལ་རྗེས་དགའ་ལྡན་གྱི་ས་ཆ་ལ་ཕེབས་ནས་དགའ་ལྡན་ཕྱག་བཏབ་པ་ཞིག་རེད།
དྲི་བ། སྐབས་དེ་དུས་སྤྱི་ཚོགས་ཀྱི་གནས་སྟངས་དེ་ཚོ་བླ་མ་སྐྱེས་ཆེན་དམ་པ་དེ་ཚོའི་རྣམ་ཐར་ནང་ནས་མཇལ་རྒྱུ་ཁག་པོ་རེད། དགེ་བཤེས་ལགས་ཀྱི་ཕྱག་དེབ་ནང་ལ་སྤྱིར་བཏང་རྗེ་རིན་པོ་ཆེས་གསན་བསམ་དང་། སློབ་གཉེར་གནང་བ། དེ་བཞིན་སྒྲུབ་པ་ཉམས་ལེན་གནང་བ་དེ་དག་ཡོད་ཡོད་པ་གང་ཞིག་ལ། སྐབས་དེ་དང་དེའི་སྤྱི་ཚོགས་ཀྱི་གནས་བབ་དེ་ཚོ་ཡང་ཞར་དང་ཞོར་ལ་བྲིས་གནང་འདུག དེ་ཡང་དེ་སྔར་བོད་ཀྱི་ལོ་རྒྱུས་འབྲི་སྟངས་ནས་ཁ་ཕྱོགས་གསར་པ་ཞིག་ལ་ཕེབས་པའི་བཟོ་འདྲ་བོ་ཞིག་གནང་འདུག
དྲིས་ལན། ལགས་རེད། བོད་ལ་ཆ་བཞག་ན། ཕྱོགས་གཅིག་ནས་བོད་དེ་ཆོས་དད་ཆེན་པོ་ཞེ་དྲག་ཅིག་གི་ལུང་པར་ཆགས། གཉིས་ཐད་ནས་ལོ་རྒྱུས་དང་རྣམ་ཐར་འབྲི་མཁན་ཚང་མ་གྲྭ་པ་དང་། སྔགས་ཀྱི་ཉམས་བཞེས་པ་དེ་ཚོ་ཆགས། གང་ལྟར་ཆོས་པ་རེད། དེ་འདྲ་ཡིན་དུས་ལོ་རྒྱུས་འབྲི་བའི་སྐབས་ཆོས་དང་འབྲེལ་བ་རྐྱང་རྐྱང་ཞིག་རྩལ་འདོན་གནང་། ཆོས་དང་དམིགས་བསལ་གྱིས་འབྲེལ་བ་མེད་པའི་ལོ་རྒྱུས་དེ་ཚོར་དེ་ཙམ་རང་ཐུགས་སྣང་མ་གནང་བ་འདྲ་བོ་བྱུང་འདུག ངས་གཙོ་བོ་དེང་རབས་ཀྱི་ལོ་རྒྱུས་འབྲི་སྟངས་བྱས་ནས་བྲིས་པ་ཡིན་ཙང་། དེ་ཚེ་དེའི་དུས་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་དེ་ཚོ་མཉམ་དུ་བྱུང་བ་ཡིན་ན། དཔེར་ན་ཆ་བཞག་ན། སྨོན་ལམ་ཆེན་མོའི་སྐོར་དམིགས་བསལ་གྱིས་བྲིས་པའི་རྒྱུ་མཚན་དེ། ཉིན་བཅོ་ལྔའི་སྨོན་ལམ་ཆེན་མོ་དེའི་སྤྱིན་བདག་སུས་བྱས་མ་བྱས་སྐབས་དེ་དུས་ལོགས་སུ་དཀར་ཆག་བྲིས་གནང་འདུག རྣམ་ཐར་དད་པའི་འཇུག་ངོགས་ནང་ལ་དཀར་ཆག་ལོགས་སུ་ཡོད་པ་གསུངས་འདུག་པ་གསུངས་པ་ནང་བཞིན། དཀར་ཆག་དེ་བོད་ནས་ཕྱིས་སུ་པར་ཐོན་འདུག
དེ་དུས་སྨོན་ལམ་ལ་སྤྱིན་བདག་གནང་མཁན་ཚོར་རྗེ་རིན་པོ་ཆེས་ཕྱག་རིས་གནང་བཞག་པ་དེ་ཚོར་ཞིབ་འཇུག་བྱེད་པའི་སྐབས། ཕྱག་རིས་གནང་ས་མང་པོ་ཞིག་དེ་ཚེ་དེའི་དུས་ཀྱི་དཔོན་པོ་ཆེ་ཁག་དང་། སྤྱིན་བདག་ཆེ་ཁག སྤྱི་ཚོགས་ནང་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་མི་སྣ་ཆེ་ཁག་རྐྱང་རྐྱང་རེད་འདུག
ངའི་རེ་བ་དེ་ངས་བྲིས་པའི་དཔེ་དེབ་འདིས་དཔེ་མཚོན་ཆགས་པའི་ཐོག་ནས། རིམ་པས་དཔེར་ན་འཇམ་མགོན་ས་པཎ་ལ་ཆ་བཞག་ན། ས་པཎ་རྣམ་ཐར་དེང་རབས་ནང་བཞིན་གྱིས་བྲིས་པ་ཡིན་ན་ས་པཎ་སྐོར་ལ་འབྲི་རྒྱུ་མང་པོ་ཡོད། གང་ཡིན་ཞེ་ན། ས་པཎ་རྒྱ་ནག་ལ་ཕེབས་པ་རེད། རྒྱ་ནག་རྒྱལ་པོའི་དབུ་བླ་གནང་། དེ་དུས་ཀྱི་རྒྱ་ནག་རྒྱལ་པོ་སོག་པོ་རེད། བོད་ལ་སོག་པོའི་དམག་ཡོང་རྒྱུའི་ཉེན་ཁ་ཡོད་སྐབས། ས་པཎ་གྱིས་བོད་ཀྱི་བླ་མ་སྤྱི་ཐོག་ལ་ཕྱག་རིས་ཤིག་གནང་བ་རེད། དེའི་ནང་དམག་མ་རྒྱོབ། མགོ་བཏགས་ཞུས་ན་བསྟན་པ་ལ་གནོད་ཀྱི་མ་རེད། དེ་ལྟར་ཁས་ལེན་བྱས་སོང་གསུངས་འདུག
ས་པཎ་རྒྱ་ནག་ལ་ཕེབས་སྐབས་ཕྱག་རོགས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡོད། འགྲོ་མགོན་ཆོས་རྒྱལ་འཕགས་པ་ས་པཎ་གྱི་ཚ་བོ་རེད། རྗེས་སུ་ཁོང་བོད་ཀྱི་རྒྱལ་པོར་ཆགས་པ་རེད། ད་ལྟའི་སྐབས་ང་ཚོས་ས་པཎ་རྣམ་ཐར་ལ་མཇལ་སྐབས་ཆོས་ཕྱོགས་ཀྱི་ཐོག་ནས་རྩལ་འདོན་བྱས་པ་མ་གཏོགས། ས་པཎ་གྱིས་ཆབ་སྲིད་ཀྱི་ལས་དོན་ཐོག་ལ་དམིགས་བསལ་ཤུགས་རྐྱེན་ག་ཚོད་ཐེབས་མ་ཐེབས་དང་། དགོངས་པ་བཞེས་སྟངས་དེ་ཚོའི་གྲས་དེ་མེད། ས་པཎ་དང་འབྲེལ་ཡོད་གོ་ཏན་གྱི་རྒྱུད་པ་ཀུབ་ལེ་ཁཱང་དེ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་དམིགས་བསལ་གྱིས་འབྲེལ་བ་ཆགས། འགྲོ་མགོན་ཆོས་རྒྱལ་འཕགས་པ་ཀུབ་ལེ་ཁཱང་གི་བླ་མར་ཆགས་པ་རེད། དངོས་བྱས་ན་དེ་ཚོའི་གྲས་དེ་རྣམ་ཐར་དེ་ཚོའི་ནང་ལ་འབུར་ཐོན་དགོས་ཀྱི་ཡོད་ནའང་དེ་འདྲ་མེད། ངའི་རེ་བ་ལ་དེ་འདྲ་ཞིག་སྔོན་ལ་བྲིས་བཞག་ན། རྗེ་རིན་པོ་ཆེར་ང་རང་རྒྱུས་ཡག་པོ་ཡོད། ཕྱོགས་གཅིག་ནས་དགེ་ལུགས་པ་རེད། དགའ་ལྡན་གྲྭ་ལོག་རེད། འོས་པ་ཡོད།
ས་པཎ་གྱི་རྣམ་ཐར་དེ་མ་འོངས་པར་འབྲི་མཁན་མ་བྱུང་ན། དུས་ཚོད་བྱུང་ན་ང་རང་གིས་འབྲི་འདོད་ཡོད། དེ་འདྲ་བྱུང་བ་ཡིན་ན། བོད་ཀྱི་མཁས་གྲུབ་ཆེ་ཁག་དེ་དག་འཛམ་གླིང་གི་སྤྱིའི་སྡིངས་ཆའི་སྒང་ལ་ Historical ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་གྱི་ཁོངས་ལ་ཚུད་ཐུབ་ཀྱི་རེད།
གཞན་དང་པོ་ནས་དཔེར་ན། རྗེ་རིན་པོ་ཆེའི་ཕྱིའི་རྣམ་ཐར་མང་པོ་ཞིག་ལ་ཐོག་མར་འཁྲུངས་པའི་སྐབས་ནས་ལུང་བསྟན་དེ་དག་ཚང་མ་བཀོད། དང་པོ་དང་པོ་ནས་སངས་རྒྱས་ཀྱི་སྤྲུལ་པ་དང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་གྱིས་བརླབས་པ་ལྟ་བུར་བཟོས་བཞག་དུས། དེང་རབས་ཀྱི་མི་ཀློག་མཁན་ཚོ་དད་པའི་ཐོག་ནས་འགྲོ་ཡི་མེད་དུས། ཤོག་ལྷེ་གཉིས་ཙམ་ཞིག་བཀླགས་ནས་ཁ་བརྒྱབ་ཀྱི་རེད།
བོད་དེ་མི་འབོར་གྱི་ཆ་ནས་མི་ཉུང་ཉུང་རེད་དེ། རིག་གཞུང་དང་ཤེས་ཡོན་གྱི་ཆ་ནས་ཆུ་ཚད་མཐོན་པོ་རེད། དེང་རབས་ཀྱི་ཤེས་ཡོན་ཐོག་ལ་ང་ཚོ་རྗེས་ལུས་ཐེབས་པ་རེད་མ་གཏོགས། དེ་སྔའི་སྲོལ་རྒྱུན་གྱི་ཤེས་ཡོན་སྐབས། དཔེར་ན། རྗེ་རིན་པོ་ཆེ་ཕེབས་དུས་དུས་རབས་བཅུ་བཞི་པ་རེད། དུས་རབས་བཅུ་བཞི་པར་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་དེ་འདྲའི་ཤེས་ཚད་མཐོ་བོ་གང་ཡང་མེད། ཡེ་ཤུའི་དད་པའི་ཤུགས་གནོན་འོག་ལ་བསྡད་ཡོད། ཁོ་རང་ཚོས་བཤད་སྲོལ་ལ་མུན་ནག་གི་བསྐལ་བ་ Dark Age ཟེར་གྱི་ཡོད།
སྐབས་དེ་དུས་ནས་བོད་ལ་ནཱལནྡཱའི་མཁས་པའི་བཞེད་གཞུང་དེ་དག་རྩལ་འདོན་གནང་ནས། ལྟ་གྲུབ་ཀྱི་ཆ་ནས་ཚད་མཐོ་བོར་སླེབས་ཡོད། དཔེར་ན། མཚན་ཉིད་རིག་པའི་ཐོག་ནས་བལྟས་པ་ཡིན་ན། ཕྱཱ་པ་ཆོས་ཀྱི་སེངྒེས་གཏན་འབེབས་གནང་བའི་བསྡུས་གྲྭའི་རྩོད་པའི་འགྲོ་སྟངས་དེ་ཚོ་ཕྱི་རྒྱལ་པ་ཚོས་ཤེས་ཡོང་དུས་ཞེ་དྲག་ཧ་ལས་ཀྱི་ཡོད། དེ་དག་ངོས་འཛིན་ཐུབ་པ་ལ་བླ་མ་དང་མཁས་པ་ཆེ་ཁག་དེ་དག་གི་ལོ་རྒྱུས་དེ། མི་དཀྱུས་མ་ཞིག་གི་ལོ་རྒྱུས་ཀྱི་ཐོག་ནས་འབྲི་ཐུབ་ན་བསམ་པ་དེ་ཡིན།
དྲི་བ། དགེ་བཤེས་ལགས་ཀྱི་ཕྱག་དེབ་དེའི་ངོ་སྤྲོད་ཀྱི་མཇུག་དེར་ (དེ་ངས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་ཡིན། ཏག་ཏག་ཅིག་ཡོང་ཡོད་མེད་མི་ཤེས།) དེང་རབས་མཁས་པ་ལོ་རྒྱུས་སྨྲ་བ་ཚོས་རྗེ་ཙོང་ཁ་པའི་མཛད་རྗེས་ལ་ཚད་འཛིན་དང་། ངོས་འཛིན་ཇི་ལྟར་བྱེད་ཅེས་པའི་དྲི་བ་དེའི་ལན་དེ་ལས་སླ་བོ་ཞིག་ཐེབས་ཁག་པོ་རེད། ཅེས་གསུངས་འདུག དགེ་བཤེས་ལགས་ཀྱི་ཕྱག་དེབ་དེའི་མཇུག་བསྒྲིལ་བ་ཡིན་ན། རྗེ་རིན་པོ་ཆེ་ཞེས་པ་ག་འདྲ་ཞིག་རེད། ནམ་རྒྱུན་བཤད་སྲོལ་དང་སྨོན་ལམ་དེ་འདྲའི་ནང་གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།ཞེས་གངས་ཅན་མཁས་པ་ཡོངས་ཀྱི་གཙུག་རྒྱན་ལྟ་བུ་ཞིག་ལ་ངོས་འཛིན་གནང་གི་ཡོད། དེའི་སྐོར་ནས་ངོ་སྤྲོད་ག་འདྲ་ཞིག་གནང་ཡོད་དམ།
དྲིས་ལན། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།ཞེས་ཞུ་བཞིན་ཡོད་ལ། མཚན་དེ་དོན་དང་ལྡན་པ་ཆགས་བསྡད་ཡོད། རྗེ་རིན་པོ་ཆེ་སྐུ་འཁྲུངས་ས་ཨ་མདོ་རེད། བརྩོན་འགྲུས་ཅན་གྱི་ཨ་མདོ་པ། ཞེས་བཤད་སྲོལ་ཡོད་རེད། ཁོང་དཔེ་བརྩོན་འགྲུས་ཆེན་པོ་དང་ཐུགས་རིག་རྣོ་བོ་ཞེ་དྲག་རེད། ཕག་གྲུའི་རྒྱལ་པོ་གྲགས་པ་རྒྱལ་མཚན་གྱི་སྐུ་མཆེད་སྤྱན་སྔ་བསོད་ནམས་རྒྱལ་མཚན་རྗེ་རིན་པོ་ཆེའི་སློབ་མ་གལ་ཆེ་བ་ཞིག་རེད། ཁོང་གིས་རྗེ་རིན་པོ་ཆེའི་སྐུ་འདུན་ནས་གསུང་ཆོས་མང་པོ་ཞུས་སྟབས། རྗེ་རིན་པོ་ཆེའི་ཐུགས་གཤིས་ག་འདྲ་ཡོད་མ་ཡོད་དང་། སྐུ་གཟུགས་ཀྱི་དབྱིབས་ག་འདྲ་ཡོད་མ་ཡོད་གསལ་པོ་བྲིས་འདུག དེབ་སྔོན་པོ་རྩོམ་པ་པོ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ། ཁོང་བཀའ་བརྒྱུད་པ་རེད། ཁོང་རྣམ་གཉིས་ཀྱིས་རྗེ་རིན་པོ་ཆེའི་སྐོར་གསུངས་བཞག་པ་དང་། མཁས་གྲུབ་རིན་པོ་ཆེས་མཛད་པའི་རྣམ་ཐར་དད་པའི་འཇུག་ངོགས་ནང་ལ་གསུངས་པ་དེ་ཚོ་ཚུར་གུང་བསྒྲིགས་པ་ཡིན་ན། རྗེ་རིན་པོ་ཆེས་གཞུང་དང་ལྟ་གྲུབ་ཐོག་ལ་དཔྱད་པ་བྱེད་སྐབས་རྣམ་དཔྱོད་དང་རང་སྟོབས་ཀྱིས་གོ་བ་ལེན་པར་དམིགས་བསལ་རྩལ་འདོན་གནང་གི་ཡོད་པ་གསལ་འདུག འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་སོ་སོས་རྣམ་དཔྱོད་བེད་སྤྱོད་ཀྱིས་གཞུང་གི་གོ་སྟོབས་ཚིག་གི་སྒང་ལ་མ་བཞག་པར་མྱོང་བ་ལ་སྦྱར་ནས་བཙལ་སྟངས་དེ་རྗེ་རིན་པོ་ཆེའི་མདུན་ནས་རག་བྱུང་གསུངས་འདུག
ལྷག་པར་དུ་རྗེ་རིན་པོ་ཆེའི་དགོངས་པ་བཞེས་སྟངས་གཅིག་དེ། སྐབས་དོན་ག་འདྲ་ཞིག་ལ་དཔྱད་པ་བྱས་པ་ཡིན་ནའང་། སྐབས་དོན་དེ་དང་འབྲེལ་བ་ཡོད་པའི་སྤྱི་ཡོངས་ཀྱི་རྒྱབ་ལྗོངས་ཀྱི་ཐོག་ལ་མཐོང་ལྟ་ཆེན་པོ་དགོས་པ་དེ་གལ་ཆེན་པོ་ཡིན་པ་གཟིགས་ཀྱི་ཡོད་པ་དེ་རེད། དབྱིན་སྐད་ཐོག་ Big picture ལབ་ཀྱི་ཡོད། དཔེར་ན་ཆ་བཞག་ན། རྗེའི་ལམ་རིམ་ཆེན་མོ་དང་། སྔགས་རིམ་ཆེན་མོ་གཉིས་ལྟ་བུ་རེད། དེ་ཡང་ཐེག་པ་ཆེན་པོའི་མདོ་སྡེ་ཡོངས་རྫོགས་ཀྱི་བསྡོམས་དེ་ལམ་རིམ་ཆེན་མོ་དང་། གསང་སྔགས་ཡོངས་རྫོགས་ཀྱི་བསྡོམས་དེ་སྔགས་རིམ་ཆེན་མོ་ཆགས་བསྡད་ཡོད། གང་ལྟར་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་སྦྱངས་པ་ཡིན་ན། མདོ་སྔགས་ཡོངས་རྫོགས་ལ་རི་མཐོ་ས་ནས་བལྟས་པ་ཡིན་ན་མཐོང་རྒྱ་ཆེན་པོ་ཞེ་དྲག་ཡོད་པ་ནང་བཞིན། མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་ཀྱི་གནད་མཐོང་ཐུབ་ཀྱི་ཡོད། དེ་ནི་རྗེ་རིན་པོ་ཆེའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་རེད།
ལྷག་པར་དུ་རྗེ་རིན་པོ་ཆེས་ཟབ་མོ་དབུ་མའི་ལྟ་བའི་ཐོག་ལ་དམིགས་བསལ་སྐུ་ལས་བསྐྱོན་ནས་གཞུང་སྦྱངས་པའི་གོ་བ་དེ་སྔ་ས་ས་ནས་རྙེད་ཡོད་ན་ཡང་། ཉམས་མྱོང་གི་ཐོག་ནས་ལྟ་བ་ཐུགས་ལ་འཁྲུངས་པར་རྩལ་འདོན་ཤུགས་ཆེན་པོ་གནང་ཡོད། དེའི་སྐོར་མཛད་རྣམ་ནང་ལེའུ་ལོགས་སུ་ཡོད། ལྟ་བའི་ཐོག་ལ་དགོངས་པ་བཞེས་སྟངས་དང་། ཉམས་མྱོང་དེ་ཚོ་གནས་དབེན་པར་བཞུགས་པའི་སྐབས་རྗེ་བཙུན་རེད་མདའ་བ་ཆེན་པོ་དང་ཕར་ཚུར་ཕྱག་རིས་གནང་རེས་བྱས་པ་དེ་ཚོ་རྗེ་བཙུན་རེད་མདའ་བའི་རྣམ་ཐར་ནང་འདུག རྗེ་བཙུན་རེད་མདའ་བའི་གསུང་འབུམ་དུས་ཕྱིས་སུ་བོད་ནས་གསར་དུ་རྙེད་པའི་ནང་དུའང་འདུག
དེ་དག་ཚུར་ཕྱོགས་བསྒྲིགས་བྱས་པའི་སྐབས་རྗེ་རིན་པོ་ཆེ་དེ་བོད་བརྒྱུད་ནང་བསྟན་གྱི་བཀའ་བསྟན་སྤྱི་དང་། ལྷག་པར་དུ་བསྟན་འགྱུར་ནས་བྱུང་བའི་རྒྱ་གར་མཁས་པའི་གསུང་དེ་དག་མ་རྩ་ལ་བཞག དེ་ལ་སོ་སོས་རྣམ་དཔྱོད་བེད་སྤྱོད་བྱས་ཐོག རིག་པ་རྩལ་འདོན་གྱིས་གཏན་འབེབས་གནང་སྟངས་སོགས་ནི་རྗེ་རིན་པོ་ཆེའི་ཐུན་མོང་མ་ཡིན་པ་རེད་འདུག
ལྷག་པར་དུ་དེ་ཚོ་མྱོང་བ་ལ་ཚུར་སྦྱར་བ་དང་། མྱོང་བ་ལ་སྦྱར་ཆེད་འོལ་ཁ་ལ་སྒྲུབ་པ་ཉམས་ལེན་ཤུགས་ཆེན་པོ་བསྐྱོན་པ་རེད། དེ་བཞིན་དགའ་ལྡན་ལ་སྒྲུབ་པ་མཛད་པ་དང་། མཚམས་མཚམས་ལ་གནས་སྐབས་རི་ནས་མི་འབབ་པའི་དམ་བཅའ་བྱས་ཚུལ་བཀའ་ཡིག་དེ་ཚོའི་ནང་ལ་ཡོད་པ་ནང་བཞིན་རེད། སྒྲུབ་པ་ཞེ་དྲག་ཅིག་བསྐྱོན་ཡོད།
གང་ལྟར་ཕྱོགས་བསྡོམས་ཤིག་བརྒྱབ་ན། རྗེ་རིན་པོ་ཆེ་མཁས་བཙུན་བཟང་གསུམ་འཛོམས་པ་དང་། མཁས་གྲུབ་གཉིས་ལྡན་ཡིན་པ་སོགས་ང་ཚོའི་བཤད་སྲོལ་དང་མཐུན་པར་ཚད་ལྡན་ཆགས་བསྡད་ཡོད། ལྷག་པར་དུ་བོད་ནང་ལ་དབུ་མ་དང་ཚད་མ་གཉིས་ཟུང་འབྲེལ་གྱི་ཐོག་ནས་མཐར་ཐུག་གི་ལྟ་བ་དེ་མགོན་པོ་ཀླུ་སྒྲུབ་ཀྱིས་གཏན་ལ་ཕབ་པའི་ཟབ་མོ་དབུ་མའི་ལྟ་བ་གཞིར་བཞག་ཐོག གང་གཏན་ལ་ཕབ་པའི་ཐབས་ལམ་ལ་ཕྱོགས་གླང་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རིག་པའི་ལམ་ལུགས་དེ་དག་ཚུར་སྦྱར། དེ་ཡང་ལུང་ཙམ་ལ་སྐྱབས་མ་བཅོལ་བར་སོ་སོའི་མྱོང་བ་ལ་སྦྱར། རིགས་པས་གཏན་ལ་ཕབ། མཐར་ཐུག་གི་གནས་ལུགས་དེ་དག་རིགས་པ་རང་ལ་གཏུགས་ནས་ཕེབས་ཡོད། དེ་དག་རྗེ་རིན་པོ་ཆེས་དམིགས་བསལ་རྩལ་འདོན་གནང་བ་ཞིག་རེད། དེ་ཡང་དབུ་ཚད་ཟུང་འབྲེལ་དང་། མདོ་སྔགས་ཟུང་འབྲེལ་གྱི་ཐོག་ནས་ཕྱིན་ཡོད།
དེ་ཡང་མདོ་སྔགས་ཟུང་འབྲེལ་ལབ་དུས། མདོ་ཕྱོགས་དང་སྔགས་ཕྱོགས་ཀྱི་སྐད་ཆ་མི་དགོས་པའི་ཐོག་ནས། མདོ་རྩ་བ་ལ་བཞག་ནས་སྔགས་ཀྱི་ཉམས་བཞེས་གནང་རྒྱུ་དང་། ལྷག་པར་དུ་སྔགས་ཕྱོགས་ཏིང་ངེ་འཛིན་གྱི་ཐོག་ནས་ཟབ་ཁྱད་ཐོན་གྱི་ཡོད་གསུང་གི་ཡོད་དུས། སྔགས་ཀྱི་ཟབ་ཁྱད་ཐོན་སྟངས་དེ་དག་ཉམས་མྱོང་ལ་སྦྱར་ནས། རྫོགས་རིམ་རིམ་ལྔ་གསལ་སྒྲོན་སོགས་ཀྱི་ནང་ལ་རྗེ་རིན་པོ་ཆེ་རང་གིས་ཁོང་གི་ཉམས་མྱོང་དང་བསྟུན་ཏེ་བཀའ་མང་པོ་གནང་ཡོད། གང་ལྟར་རྗེ་རིན་པོ་ཆེ་ནི་དམིགས་བསལ་ཐུན་མོང་མ་ཡིན་པ་ཞིག་རེད།
བོད་བརྒྱུད་ནང་བསྟན་དེ་རྒྱ་གར་ནས་བྱུང་བའི་སངས་རྒྱས་ཀྱི་བསྟན་པ་ཆགས་ཀྱི་ཡོད། ང་ཚོའི་བཤད་སྲོལ་ལ་རྒྱ་གར་Nalanda དང་། Vikramshila དེ་དག་གི་བསྟན་པའི་རྒྱུད་འཛིན་དེ་བོད་པ་ཚོ་ཡིན་ལབ་ཀྱི་ཡོད། རྒྱ་གར་ནང་ལ་ནང་པའི་བསྟན་པ་མེད་པར་ཆགས་པ་དང་། Vikramshila དང་། Nalanda དེ་དག་ཀྱང་བཅོམ་པ་རེད། དུས་རབས་བཅུ་གསུམ་བཅུ་བཞི་ཡས་མས་ཤིག་ནས་རྒྱ་གར་ནང་ལ་ནང་པའི་ལེའུ་རྦད་དེ་རྫོགས་པ་རེད།
དེང་སང་༸སྐྱབས་མགོན་རིན་པོ་ཆེས་ Nalanda Buddhism ནཱལནྡཱའི་ཆོས་ལུགས་གསུང་གི་ཡོད། དེ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད། ༸སྐྱབས་མགོན་རིན་པོས་བཀའ་གནང་བ་ནང་བཞིན་དོན་ལ་གནས་བསྡད་ཡོད། བོད་ལ་ངོམ་རྒྱུ་ཡོད་ན་མེད་ན་དེ་རྒྱ་གར་ནས་ཚུར་བླངས་པའི་བཀའ་བསྟན་གཉིས་ནང་ལ་ཡོད་པའི་ཆོས་དེ་དག་རྩ་བ་ལ་བཞག་ནས། བོད་པ་ཚོས་བོད་བརྒྱུད་ནང་བསྟན་བདག་པོ་བརྒྱབ་ཡོད། བཀའ་བསྟན་དེ་དག་གི་ནང་དོན་གྱི་ཟབ་ཁྱད་དག་གསལ་འདོན་གནང་སྟངས་དེ་རྗེ་རིན་པོ་ཆེ་ཐུན་མོང་མ་ཡིན་པ་ཞིག་རེད།
ལྷག་པར་དུ་རྗེ་རིན་པོ་ཆེ་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་ཡིན་ཙང་། རྩོམ་གྱི་ཐོག་ནས་ཡིན་ནའང་སྙན་ངག་ཚད་མཐོ་བོ་ཞེ་དྲག་རེད། ངས་གསར་རྩོམ་བྱས་པའི་རྗེ་རིན་པོ་ཆེའི་མཛད་རྣམ་ཀྱི་དེབ་དེའི་ནང་ལ་ཞར་དང་ཞོར་ལ་རྗེ་རིན་པོ་ཆེའི་བཀའ་རྩོམ་མང་པོ་བསྒྱུར་ཡོད། དཔེར་ན་ཆ་བཞག་ན། རྒྱལ་བ་བྱམས་པའི་བསྟོད་པ་ལས། མཉེས་གཤིན་བྱམས་པས་རྟག་ཏུ་བརླན་ཡང་ནག་པོའི་རྩ་ལག་སྲེག །ཤིན་ཏུ་བཅད་དཀའི་འཆིང་བ་བཅད་ཀྱང་སྙིང་རྗེས་དམ་དུ་བཅིངས། །ཞི་བའི་བཏང་སྙོམས་རྒྱུན་དུ་ལྡན་ཡང་བདག་པས་གཞན་ལ་གཅེས། ། ཞེས་འགལ་བ་གཉིས་ཚུར་སྦྱར་ནས། ཐུགས་རྒྱུད་དེ་བྱམས་སྙིང་རྗེས་བརླན་པ་བྱས་ནས་བསྡད་ཡོད་ན་ཡང་། ནག་པོའི་རྩ་ལག་དཔུང་དང་བཅས་པ་མེ་ཡིས་སྲེག ཐུགས་ཞི་བའི་བཏང་སྙོམས་དང་ལྡན་ཡང་བདག་པས་གཞན་ལ་གཅེས་ཞེས་སོ་སོ་ལས་གཞན་ལ་བརྩེ་བ་བྱེད་ཀྱི་འདུག་ཅེས་ནང་འགལ་བསྒྲིགས་ནས་བརྩམས་ཡོད།
ལྷག་པར་དུ་སྨོན་ལམ་ཐོག་མཐའ་མ་དེ་ཚོར་མཇལ་བ་ཡིན་ན། ཡིད་འགུལ་ཐེབས་ཐུབ་པ་དང་། དེ་བཞིན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད་དང་། ཕག་གྲུའི་རྒྱལ་པོ་གྲགས་པ་བྱང་ཆུབ་གཤེགས་ (ཕྱི་ལོ་ ༡༣༨༥ ལོར་) རྗེས་ཁོང་གི་རྟོགས་བརྗོད་དེ་རྗེ་རིན་པོ་ཆེར་མཛད་སྐུལ་ཞུས་པ་བཞིན་གྲགས་པ་བྱང་ཆུབ་ཀྱི་རྗོགས་བརྗོད་མཛད་ཡོད། དེ་དང་དེ་ལ་སོགས་པར་མཇལ་བ་ཡིན་ན། དངོས་གནས་སྙན་ངག་ཚད་མཐོ་བོ་རེད།
དེ་ལས་ཀྱང་གཞུང་རྩོམ་པར་ཆ་བཞག་ན། གསེར་ཕྲེང་དེ་གཞུང་སྔ་རྩོམ་གྱི་གྲས་རེད། གསེར་ཕྲེང་རྩོམ་སྐབས་དགུང་ལོ་སུམ་ཅུ་ཟིན་མ་ཟིན་ཙམ་རེད་དེ། གསེར་ཕྲེང་གི་གཞུང་ལ་མཇལ་བ་ཡིན་ན། དངོས་གནས་དྲང་གནས་བོད་ཀྱི་སྐད་ཡིག་གི་ཐོག་ནས་དེང་རབས་ཕྱི་རྒྱལ་གྱི་འབུམ་རམས་པ་དེ་ཚོས་དཔྱད་པ་བྱས་ནས་རྩོམ་སྒྲིག་བྱས་པའི་རྣམ་པ་ཆ་ཚང་བསྡད་ཡོད། དེ་ཡང་རྩ་བའི་ཡིག་ཆ་ལ་དཔྱད་པ་བྱེད་སྟངས་དང་། ཡིག་ཆ་ཕན་ཚུན་གུང་སྒྲིག་སྟངས། དེ་དག་དང་འབྲེལ་བ་ཡོད་པའི་གཞུང་གཞན་དག་ལ་དཔྱད་པ་བྱེད་སྟངས། དེ་ནས་ཕྱོགས་བསྡོམས་བསྐྱོན་སྟངས་དེ་ཚོ་ཚད་མཐོ་བོ་རེད། གསེར་ཕྲེང་པོ་ཏི་གཉིས་ལོན་པ་ཡོད་རེད་ལ། གསེར་ཕྲེང་རྩོམ་རྗེས་རྗེ་རིན་པོ་ཆེའི་མཁས་པའི་མཚན་སྙན་དེ་བོད་དབུས་གཙང་གཉིས་ཀར་ཁྱབ་གདལ་ཞེ་དྲག་ཕྱིན་པ་རེད།
གསེར་ཕྲེང་མ་བརྩམས་གོང་ཚལ་གུང་ཐང་ལ་བུ་སྟོན་རིན་པོ་ཆེས་ཞུ་དག་གནང་པའི་བཀའ་བསྟན་གཉིས་ཡོད་ཙང་། དེ་དག་ཀློག་པའི་ཆེད་དུ་ལོ་བཞིར་དཔེ་མཚམས་ལ་བཞག་པ་དང་། དེའི་རིང་ལ་གསེར་ཕྲེང་རྩོམ་པའི་དབུ་བཙུགས་པ་རེད།
དྲི་བ། མཐའ་མ་དེ་ད་ལོར་རྗེ་རིན་པོ་ཆེ་དགོངས་པ་རྫོགས་ནས་མི་ལོ་ཧྲིལ་པོ་དྲུག་བརྒྱ་འཁོར་བའི་དུས་མཚམས་དེ་འདྲ་ཞིག་ལ། དགེ་བཤེས་ལགས་ཀྱིས་རྗེ་རིན་པོ་ཆེའི་མཛད་རྣམ་དེ་རྩོམ་སྒྲིག་གྲུབ། འདོན་སྤེལ་གནང་རྒྱུའི་གནས་སྟངས་ཆགས་པ་དེ། རང་ཉིད་སྒེར་པ་ཞིག་གི་ངོས་ནས་དེར་ངོས་འཛིན་གང་འདྲ་གནང་གི་ཡོད་དམ།
དྲིས་ལན། ངའི་མི་ཚེའི་ནང་ལ་དོན་དག་ཆེན་པོ་ཞིག་གྲུབ་སོང་བསམ་པའི་དགའ་བ་ཤུགས་ཆེན་པོ་ཡོད། ཕྱོགས་གཅིག་ནས་སྐལ་བ་བཟང་པོ་ཡིན། ཆུང་དུས་གདན་ས་ཁག་ནས་དཔེ་ཆར་བལྟས་པ་རེད། དེ་ནས་ནུབ་ཕྱོགས་སུ་མཐོ་སློབ་ལ་ཕྱིན། ནུབ་ཕྱོགས་ཀྱི་ལྟ་གྲུབ་དང་རིག་པའི་གནས་ལ་དཔྱད་པ་བྱེད་རྒྱུའི་གོ་སྐབས་བྱུང་བ་ཡིན་ཙང་། ད་ལོར་དེ་གཉིས་ཟུང་འབྲེལ་གྱི་ཐོག་ནས་རྗེ་རིན་པོ་ཆེའི་རྣམ་ཐར་དེ་བྲིས་ཐུབ་ནས། མི་དཀྱུས་མ་ཚོར་རྗེ་རིན་པོ་ཆེ་ལབ་དུས་བློ་ལ་རྡོག་རྡོག་ཅིག་ཆགས་རྒྱུ་ཡོད་པའི་གོ་སྐབས་ཤིག་ཕུལ་ཐུབ་པ་རེད།
ང་རང་གི་ངོས་ནས་ཆ་བཞག་ན། རྗེ་རིན་པོ་ཆེ་ལ་སྒྲུབ་པའི་མཆོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ངའི་རེ་བ་ལ་བོད་པ་གཞོན་པ་མང་པོ་ཞིག་གིས་དབྱིན་ཡིག་ཡག་པོ་ཀློག་ཐུབ་ཀྱི་ཡོད་སྟབས། རྗེ་རིན་པོ་ཆེའི་རྣམ་ཐར་དེ་ཐོན་པའི་སྐབས། གང་ཐུབ་ཐུབ་ཀྱིས་རེ་རེ་བདག་པོ་བརྒྱབ་ཐུབ་ན་ཡག་པོ་ཡོད། དེའི་ཐོག་ནས་བོད་བརྒྱུད་ནང་བསྟན་ Tibetan Buddhism ཟེར་དུས་བློ་ལ་གང་འདྲ་ཞིག་ཡིན་མིན་འཆར་ཐུབ་ཀྱི་རེད། ལྷག་པར་དུ་བོད་བརྒྱུད་ནང་བསྟན་དང་། བོད་ཀྱི་རིག་གཞུང་ཕྱུག་པོ་ཡིན་པ་ཁ་ནས་ལབ་པ་ནང་བཞིན། རིག་གཞུང་ཕྱུག་པོ་ག་འདྲ་ཡིན་མ་ཡིན་རོབ་ཙམ་ཞིག་དེབ་ཅིག་གི་ཐོག་ནས་སོ་སོའི་བློ་ལ་འཆར་ཐུབ་པ་ཡོད་ཙང་། དེའི་ཐོག་ལ་ཐུགས་སྣང་གནང་རོགས་གནང་ཞུ་རྒྱུ་ཡིན།།
བཅར་འདྲི་ཞུ་མཁན་གྱིས།
ལགས་སོ།། དགེ་བཤེས་ལགས་ཀྱིས་རྗེ་རིན་པོ་ཆེའི་མཛད་རྣམ་དང་འབྲེལ་བའི་སྐོར་ནས་ཀུན་གླེང་ལ་བཅར་འདྲིའི་གོ་སྐབས་གནང་བར་སླར་ཡང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
དགེ་བཤེས་ཐུབ་བསྟན་སྤྱིན་པས།
ཐུགས་རྗེ་གནང་། རྣམ་རྒྱལ་ལགས། ང་ལ་གོ་སྐབས་གནང་བར། ལྷག་པར་དུ་མཛད་རྣམ་དེ་དེང་རབས་ཀྱི་འབྲི་སྟངས་ཀྱི་ཐོག་ནས་གསར་པ་ཡིན་ཙང་། ད་ལན་དེའི་ཐོག་ལ་དམིགས་བསལ་གྱིས་དོ་སྣང་གནང་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།
དཀའ་ལས་བརྒྱབ་ནས་ཡིག་ངོར་ཕབ་འདུག བཀའ་དྲིན་ཆེ། ཀུན་གླིང་ལ་བལྟས་ཡིན། འདི་ནས་ར་ཚར་གཅིག་བཀླགས་ཡིན
སྔོན་བྱུང་སྟོན་པའི་རྣམ་ཐར།
རྗེས་འཇུག་གདུལ་བྱའི་ཉམས་ལེན།
སྔོན་བྱུང་རྗེ་ཡི་རྣམ་ཐར།
རྗེས་འཇུག་གྲྭ་ལོག་རྣམ་ཐར། །
་
ཐུབ་བསྟན་སྦྱིན་པས་བྲིས་དོན།
མགོ་སེར་ཀླ་ཀློར་འཇིགས་དང་།
རྨོངས་དད་དག་སྣང་འཇིགས་ནས།
བྲིས་པ་འདི་ནང་གསལ་འདུག