ཆབ་མདོ་ངག་ཕུན་གྱིས།
ཆོས་ལྡན་ཞིང་དུ་འཁྲུངས་པའི།།
གངས་ལྗོངས་བོད་མིའི་མགོན་སྐྱབས།།
སངས་རྒྱས་བསྟན་པའི་སྲོག་ཤིང་།།
འཕགས་མཆོག་ཕྱག་ན་པད་མོ།།
ཐུགས་བརྩེས་བཀའ་དྲིན་ཉིད་ལས།།
གངས་ལྗོངས་བོད་འབངས་ཡོངས་ལ།།
བྱམས་བརྩེའི་དྲོད་སྐྱིད་ཉི་མ།།
ནུབ་མེད་བདེ་བར་སྦྱིན་བྱུང་།།
ལེ་བར་བརྒྱ་ཕྲག་རིམ་བརྒལ་ནས།།
བཙན་བྱོལ་ཕེབས་དགོས་བྱུང་ན་ཡང་།།
ཐུགས་སྟོབས་ཞུམ་པ་མེད་པ་ཡིས།།
བོད་མིའི་སྒྲིག་འཛུགས་གསར་དུ་བཙུགས།།
དེང་རབས་མཐུན་པའི་མང་གཙོའི་ལམ།།
གསར་བཏོད་མཛད་ཅིང་ན་གཞོན་ལ།།
དུས་རབས་མཐུན་པའི་ཤེས་ཡོན་སོགས།།
མཐུན་རྐྱེན་ཡོངས་སུ་བསྐྲུན་པར་མཛད།།
ན་གཞོན་བུང་བའི་ཁྱུ་ཆོགས་ལ།།
ཤེས་རིག་པད་ཚལ་ལྗོན་པ་ལ།།
ངོམས་མེད་ལོངས་སུ་བསྐྱོད་ཆེད་དུ།།
མཐུན་རྐྱེན་ཡོངས་སུ་བསྐྲུན་གནང་མཛད།།
གངས་ལྗོངས་ཆབ་དཔལ་རིག་གསུམ་ལ།།
༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལས།།
བཀའ་དྲིན་ཆེ་བ་སུ་ཞིག་ཡོད།།
བཀའ་དྲིན་སྙིང་ནས་ཡང་ཡང་ཞུ།།
ཡངས་པའི་འཇིག་རྟེན་ཁམས་སུ།།
དེང་རབས་ཚན་རྩལ་ཤེས་རིག།།
དབྱར་མཚོ་ལྟ་བུ་རྒྱས་ནས།།
དཔལ་འབྱོར་གོང་དུ་འཕེལ་ཡོད།།
ཚན་རྩལ་འཕེལ་རྒྱས་ཕྱིན་ན་ཡང་།།
ནང་སེམས་ཞི་ཞིང་འདུལ་བ་མེད།།
འགྲན་རྩོད་མེ་ལྕེ་རབ་ཏུ་འབར།།
དཀའ་ངལ་རྫོགས་མེད་རིམ་གྱིས་འཕྲད།།
མགོན་ཁྱེད་ངལ་བ་ལྷོད་མེད་ཀྱིས།།
འཛམ་གླིང་ཤར་ནུབ་གང་སར་ཕེབས།།
རིན་བྲལ་བཀའ་སློབ་ལམ་སྟོན་མཛད།།
སེམས་ལ་ཞི་བའི་ངལ་གསོ་ཐོབ།།
མི་ཡུལ་ས་མཐར་ཕེབས་ན་ཡང་།།
ཞུམ་མེད་བདེན་པའི་དར་ཆེན་འཕྱར།།
འཚེ་མེད་ཞི་བདེའི་ལམ་ཆེན་བཏོད།།
ཀུན་གྱིས་ཞི་བདེའི་ཕོ་ཉ་འབོད།།
བཅོ་ལྔའི་དུང་ཟླ་ཤར་བ་བཞིན།།
ཁྱེད་ཀྱི་མཛད་པ་འཛམ་གླིང་ཁྱབ།།
ནོ་སྦེ་ཞི་བདེའི་གཟེངས་རྟགས་དེ།།
མགོན་པོ་མཆོག་ལ་འབུམ་བཞེས་མཛད།།
ནོར་སྦེ་ཞི་བདེའི་གཟེངས་རྟགས་དེ།།
༸གོང་ས་མཆོག་ལ་འབུལ་མཛད་ནས།།
མི་ལོ་སུམ་ཅུ་ཡོངས་འཁོར་བས།།
རྟེན་འབྲེལ་དགའ་སྟོན་སྙིང་ནས་བསུ།།
བསྟོད་དབྱངས་མཆོད་པའི་སྒྲོན་མེ་འདི།།
རྩ་བའི་བླ་མར་སྙིང་ནས་འབུལ།།
མགོན་མཆོག་སྐུ་ཚེ་ཡུན་བརྟན་དང་།།
བོད་འབངས་བདེ་སྐྱིད་མྱུར་ཤར་ཤོག།།
ཅེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས་”བསྟོད་དབྱངས་མཆོད་པའི་སྒྲོན་མེ་”ཞེས་བྱ་བ་འདི་ཉིད་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོར་སྦེ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ཧྲིལ་པོ་སུམ་ཅུ་འཁོར་བར་བཀའ་དྲིན་རྗེས་དྲན་ཚུལ་དུ་བྲིས་པ་ཞིག་ཡིན།