ཨཱཙཱརྱ་ཨག་ལོ་ཡིས།
དགུན་གྱི་དཔའ་བོས་གྲང་ངར་གྱི་གོ་མཚོན་ཐོགས་ནས་མི་ཡུལ་གྱི་གྲོང་བཟང་དུ་འགྱེད། ཕྲ་ཞིང་རིང་བའི་དྲི་བཞོན་གྱི་ཀི་སྒྲ་དང་། གཏུམ་ཞིང་དྲག་ཤུགས་རྒོད་པའི་སྐྱི་བསེར་གྱི་ངར་སྒྲ ད་དུང་ཆེས་འཇིགས་རྔམ་ཆེ་བའི་ཁ་ཆར་བུ་ཡུག་གི་གཡུ་རལ་གསིག་བཞིན་ལྷགས། དེ་དུས། ནོར་འཛིན་སྒེག་མོ་གྲང་འདར་གྱིས་དཔའ་ཁུམ་སྟེ་སྐྱ་བབ་པའི་གོས་ཧྲུལ་གྱི་སྦུབས་སུ་འཚོ་བའི་ལྡོམ་བུ་ཞིག་ཏུ་བསྐྲད། ཐ་ན་བློ་སྟོབས་དགུང་ལ་གཡེར་བའི་རི་བོའི་དབུ་འཕང་ཡོད་ཚད་ལ་ཁ་བའི་འཁུར་གྱིས་མནན་པས་ངལ་ཚེགས་ཀྱི་རྔུལ་ཆུས་ཡོངས་སུ་བརླན། ཁ་སང་སྤྲོ་སྣང་གི་དགུང་ལ་མཆོངས་ཤིང་དབྱངས་རྟའི་འགྱུར་ཁུགས་རྒྱུད་མངས་ལ་འཐབ་པའི་ཁ་བབ་བཞི་དང་ཆུ་ཕྲན་དག མ་ཟད་གཡུ་ཡི་གཞོང་པ་འདྲ་བའི་མ་ཕམ་གཡུ་མཚོ། ད་ཆ་འཁྱག་རོམ་གྱི་བཙོན་དུ་བཅུག་པས་བློ་ཕམ་གྱི་ཆོ་ངེ་འདོན་ཞོར་མྱ་ངན་གྱི་བྱེ་ཐང་འགྲིམ་བཞིན་གདའ། ཉེ་འདབས་ཀྱི་ལྗོན་པ་དང་རྩི་ཤིང་ཚོགས་ཀྱང་ལང་ཚོའི་འདབ་མ་འཐོར་ནས་འཆི་རན་པའི་རྒད་པོའི་རྣམ་ཐར་སྐྱོང་གིན་ཁེར་རྐྱང་དུ་འགྲེང་། ཀྱེ་མ་་་་། དེ་ལས་ཀྱང་ཆེས་ཉམ་དག་པ་ནི། ཁོ་བོ་དང་ལས་དབང་གི་རྨུ་ཐག་གཅིག་ལ་མཐུད་པའི་སྐྱེ་འགྲོའི་ཚོགས། མང་མང་ཞིག་མི་ཡུལ་གྱི་མཆོད་སྟེགས་ལ་གྱེས་ཕྱག་འབུལ་ཞིང་། དུ་མ་ཞིག་ལ་རིམས་ནད་ཀྱི་ཐོག་སེར་ཕོགས་ནས་མིག་ཆུའི་ཤ་འོད་བར་མེད་དུ་རྡོལ་བཞིན་འདུག་ཨ་་། ངོ་མ། དགུན་གཞུང་གི་གྲང་ངར། ་ཁྱོད་ཀྱི་མཁའ་དབྱིངས་ན་བྱམས་བརྩེའི་ཉི་ཟླ་མི་འཆར་བ་ཅི་ཡིན་ནམ། །
༢༠༡༩།༡༢།༡༣ཉིན།