གསོ་རིག་རྒྱུན་ཤེས་འཕྲིན་སྟེགས་ནས་དྲངས། མཚེའུ།
ཞོགས་ཟས་མེད་པ་དང་ཕྱི་པོར་དགོང་ཟས་ཟ་བ་དེས་སྙིང་རྩ་འགག་སྟེ་ཤི་སྲིད། ཛ་དྲག་དེ་ཡང་རྒྱུན་དུ་སྙིང་རྩ་འགག་པའི་ནད་རིགས་ཀྱི་རྒྱུ་རྐྱེན་གཞན་ལས་གོང་སྨྲོས་གོམས་གཤིས་དེས་རྒྱུ་བྱས་ཚེ་ཉེན་ཚབས་ལྡབ་ལྔས་ཆེ་བ་ཡོད་ཅེས་ར་འཕྲོད་བྱུང་འདུག #No breakfast and late dinner may up heart attack risk: Study.
རྒྱ་གར། ལྡི་ལི་གསར་པ། སྤྱི་ལོ་༢༠༡༩ཟླ་༤ཚེས་༡༩ཉིན། དེ་རིང་ཉིན་རྒྱབ་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་(Hindustan Times)སོགས་ཀྱིས་འཕྲོད་བསྟེན་འབྲེལ་ཡོད་གལ་ཆེའི་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་རྒྱལ་སྤྱིའི་འཕྲོད་བསྟེན་དང་ནད་རིགས་བརྟག་ཞིབ་ཚོགས་པ་དུ་མས་སྙིང་འབྲེལ་ཡོད་ནད་རིགས་ཀྱི་རྒྱུ་རྩའི་ཐད་ཞིབ་འཇུག་བྱས་པ་བརྒྱུད་རྒྱུན་གཏན་གྱི་ཛ་དྲག་གནད་དོན་གསར་པ་ཞིག་ངེས་ཤེས་རྙེད་གསལ་ལྟར་ན། དེང་གི་ང་ཚོའི་བྲེལ་འཚུབ་འམ་ཡང་ན་ལེ་ལོ་ཆེ་བའི་འཚོ་བའི་ཁྲོད་ཀྱི་གོམས་གཤིས་ངན་པ་ཞིག་གིས། སྙིང་རྩ་འགག་པའི་ནད་རྒྱུན་གཏན་ལས་ལྡབ་ལྔས་མང་བ་སློང་བར་བྱེད་ཀྱི་ཡོད་པ་ར་འཕྲོད་བྱུང་ཡོད་འདུག
དེ་ཡང་རྒྱུན་དུ་སྙིང་རྩ་འགག་པའི་ནད་རིགས་ཀྱི་རྒྱུ་རྐྱེན་གཞན་ལས་གོང་སྨྲོས་གོམས་གཤིས་དེས་རྒྱུ་བྱས་ཚེ་ཉེན་ཚབས་ལྡབ་ལྔས་ཆེ་བ་ཡོད་ཅེས་ར་འཕྲོད་བྱུང་འདུག དཔེར་ན། སྙིང་རྩ་འགག་པའི་ནད་ཡོད་པའི་ནད་པ་ཞིག་སྨན་ཁང་ནས་མྱུར་སྐྱོབ་དྲག་སྐྱེད་བྱུང་སྟེ་ཕྱིར་ཐོན་རྗེས། གོང་སྨྲོས་ལྟར་ཉིན་ལྟར་ཞོགས་ཟས་མེད་པ་དང་། དགོང་ཟས་ཕྱི་པོར་རོལ་བ་དེས་ཉིན་གྲངས་༣༠ནང་འདས་གྲོངས་སུ་འགྱུར་ཉེན་ཡོད་ཅིང་། བྲང་ཁོག་ན་བ། བསྐྱར་དུ་མགྱོགས་མྱུར་ངང་སྙིང་རྩ་འགག་པའི་ཉེན་ཁ་ལྡབ་ལྔས་ཆེ་བ་ཡོང་གི་འདུག་ཅེས་འབྲེལ་ཡོད་ལས་བྱེད་པས་གསལ་བརྗོད་བྱས་འདུག
སྙིང་ནད་འབྱུང་སྐབས་ནད་རྟགས་ན་ཟུག་གཏོང་ཡུལ་གྱི་གནས་ཁག འོན་ཀྱང་། གནས་དེ་དག་ན་བ་སོགས་འབྱུང་ཚེ་སྙིང་ནད་ཡིན་པའི་ངེས་པ་མེད་མོད་གཟབ་དགོས།#The study found that people with the two eating habits had a four to five times higher likelihood of death, another heart attack, or angina (chest pain) within 30 days after hospital discharge for heart attack.
གནས་ཚུལ་དེའི་ཐད་ཡོ་རོབ་སྙིང་ནད་སྔོན་འགོག་ཟིན་བྲིས་དྲ་གནས་(European Journal of Preventive Cardiology)ཐོག་ཞིབ་དཔྱོད་བྱས་དོན།“སྙིང་རྩ་འགག་པའི་ནད་རིགས་(STEMI)ཞེས་པའི་ནད་པའི་ནང་། ཞོགས་ཟས་མི་ཟ་མཁན་ནད་པ་བརྒྱ་ཆ་༥༨%ཟིན་གྱི་འདུག་པ་དང་། དགོང་ཟས་ཕྱི་པོར་ཟ་མཁན་ནད་པ་བརྒྱ་ཆ་༥༡%། ཞོགས་ཟས་མེད་པ་དང་དགོང་ཟས་ཕྱི་པོར་ཟ་མཁན་བརྒྱ་ཆ་༤༡%བཅས་ཟིན་གྱི་འདུག ནད་པ་དེ་ཚོའི་ནང་ནས་ལོ་ལྟར་ནད་པ་༡༠རེའི་ཁྲོད་ནས་ནད་པ་༡རེ་འདས་གྲོངས་སུ་འགྱུར་བཞིན་ཡོད། དོན་དངོས་ཐོག་འགྲོ་སོང་གང་ཡང་མེད་པར་ཟས་སྤྱོད་བསྟེན་སྟངས་ཙམ་གྱིས་ཚབས་ཆེ་བའི་ནད་རིགས་དེ་ཉིད་སྔོན་འགོག་ཐུབ་ཀྱི་ཡོད་པ་ཤེས་དགོས།”ཞེས་བརྗོད་འདུག
བྷེ་རེ་ཛིལ་སོའུ་པའོ་ལོ་གཙུག་ལག་སློབ་ཆེན་(Sao Paolo State University)གསོ་རིག་ཚན་ཁག་གི་ཞིབ་འཇུག་སློབ་དཔོན་མར་ཁོ་སི་(Marcos Minicucci)ཡིས་གསལ་བརྗོད་བྱས་དོན།“དགོང་ཟས་དང་མ་ཉལ་བར་ཉུང་མཐར་ཆུ་ཚོད་གཉིས་བར་སྟོང་དགོས་ཀྱི་ཡོད། ཞོགས་ཟས་ནི་ང་ཚོའི་ཉིན་གཅིག་གི་ཟས་གལ་ཆེ་ཤོས་དེ་ཡིན་པས་ཉིན་གཅིག་གི་ཟས་བཅུད་ཀྱི་བརྒྱ་ཆ་༡༥%ནས་༡༥%བར་ཟིན་དགོས་ཀྱི་ཡོད།”ཅེས་ལམ་སྟོན་བྱས་འདུག ཁོང་གིས་མུ་མཐུད་འགྲེལ་བརྗོད་བྱས་དོན།“ང་ཚོའི་ཞིབ་འཇུག་གྲུབ་དོན་ནང་གསལ་རྟོགས་བྱུང་བ་ནི། གོམས་གཤིས་ངན་པ་དེ་གཉིས་ཡོད་པའི་མི་ཕལ་མོ་ཆེར་གོམས་གཤིས་ངན་པ་གཞན་ཐ་མག་འཐེན་པ་དང་། གཟུགས་པོའི་འགུལ་སྐྱོད་དཀོན་པ། ལུས་སྦྱོང་སོགས་ཧ་ཅང་དཀོན་པོ་རེད། ཟས་སྤྱོད་གོམས་གཤིས་དེས་གལ་སྲིད་ཁྱེད་རང་ལ་སྙིང་ནད་མི་འབྱུང་ཡང་། གཟུགས་པོར་རིམ་པས་འཕྲོད་བསྟེན་གྱི་དཀའ་ངལ་གཞན་ཡོང་ངེས་ཡིན་པར་དོགས་པ་མེད།”ཅེས་བརྗོད་འདུག
དེ་མཚུངས་འདི་ག་བོད་ཀྱི་དེ་ཕོ་གསར་ཁང་ནས་རྩད་ཞིབ་བྱས་པ་ལྟར་ན། དགོང་ཟས་ཕྱི་པོ་ཟ་བ་ཁོ་ནས་ཁྱེད་ལ་གཤམ་གྱི་ནད་རིགས་དེ་དག་འབྱུང་གི་ཡོད་པ་རེད་འདུག དེའི་ཕྱིར་ང་ཚོས་ངེས་པར་དུ་འཕྲོད་བསྟེན་རྒྱུན་ཤེས་ལྟ་ཀློག་བྱ་རྒྱུ་དང་སྤྱི་ཚོགས་ནང་བརྒྱུད་སྤེལ་བྱ་རྒྱུ་གལ་འགངས་ཆེ་བར་མངོན།
༡ གཟུགས་པོའི་ལྗིད་ཚད་རིམ་པས་འཕར་བ།
༢ སེམས་ངལ་གྱི་ནད་འབྱུང་བ།
༣ ཁྲག་ཤེད་འཕར་བ།
༤ གཅིན་སྙིའི་ནད་འབྱུང་བ།
༥ ཟས་མ་འཇུ་བ་དང་བྲང་ཁོག་ན་བའི་ནད་འབྱུང་བ།
ནན་ཏན་ངང་གཟབ་དགོས་ས་ཞིག་ནི་མངར་ཁུ་ཀོག་སོགས་ལ་མངར་རྫས་ཧ་ཅང་ཆེ་བས་གཟུགས་པོ་ལྗིད་ཚད་འཕར་བའི་རྒྱུ་གཙོ་བོ་ཞིག་ཆགས་ཀྱི་ཡོད་ཅིང་། དམིགས་བསལ་སྙིང་ནད་ཡོད་རིགས་ཀྱིས་ངེས་པར་དུ་གཟབ་དགོས།#”Basically, the higher the intake of added sugar, the higher the risk for heart disease,” says Dr. Hu.
གོང་གི་ནད་རིགས་ལྔ་པོ་ཅི་ཞིག་འཕོག་ཀྱང་ཛ་དྲག་ཅི་ཙམ་ཡིན་སྐོར་ང་ཚོས་ཕལ་མོ་ཆེས་ཤེས་གསལ་རེད། དེའི་ཕྱིར་འཕྲོད་བསྟེན་གསར་འགྱུར་དེར་འཇིགས་སུ་རུང་བའི་འགོ་བྱང་འདྲ་མིན་བྲིས་ཏེ་དེ་རིང་རྒྱལ་སྤྱིའི་གསར་ཁང་ཕལ་མོ་ཆེས་ཚ་ཚ་འུར་འུར་ངང་བརྒྱུད་བསྒྲགས་བྱེད་བཞིན་འདུག དཔེར་ན། (ཤི་འདོད་ན་ཞོགས་ཟས་མེད་པ་དང་དགོང་ཟས་ཕྱི་པོར་རོལ་དགོས།) (གཟབ་གཟབ་བྱོས། ཞོགས་ཟས་དང་དགོང་ཟས་ཀྱི་ཁྱེད་རང་གསོད་སྲིད།) (ཞོགས་ཟས་མི་ཟ་བ་དང་། དགོང་ཟས་ཕྱི་པོ་དེས་ཁྱེད་རང་གསོད་ངེས།)སོགས་ཀྱི་རྩོམ་བྱང་འོག་འཕྲོད་བསྟེན་ནད་རིགས་སྔོན་འགོག་ཆེད་གསར་འགྱུར་ཁྱབ་སྤེལ་བྱེད་བཞིན་འདུག་པའི་གནས་ཚུལ་གསལ།།
ནུབ་ཕྱོགས་པའི་ཤོད་སྲོལ་ཞིག་ལ། ཞོགས་ཟས་དེ། རྒྱལ་པོ་ལྟར་ཟོ། ཉིན་ཟས་དེ། ལས་མི་ཀུ་ལི་ལྟར་ཟོ། དགོངས་ཟས་དེ། སྤྲང་པོ་ལྟར་ཟོ། ཟེར་སྲོལ་འདུག་པས། བོད་རིགས་ཀུན་གྱིས་ཀྱང་ནན་གཟབ་མཛོད་ཅིག་གུ།