རྔ་བ་རྒྱལ་ཁམས་པ།
ཕྱོགས་མེད་ཐོས་པས་བཀའ་བསྟན་ཡོངས་རྫོགས་སྦྱངས།།
གཟུར་གནས་བསམ་པས་ཐུབ་བསྟན་འགལ་མེད་གཟིགས།།
བསག་སྦྱང་སྒོམ་པས་ཐབས་ཤེས་ཕ་རོལ་ཕྱིན།།
གངས་ཅན་མཛེས་པའི་རྒྱན་གཅིག་བློ་བཟང་གྲགས།།
ཆོས་རྗེ་དམ་པ་དོན་གྲུབ་རིན་ཆེན་གྱིས།།
བདེ་མཆོག་ཀྱེ་རྡོར་ལ་སོགས་གསང་སྔགས་ཀྱི།།
དབང་དང་མན་ངག་ཟབ་མོའི་སྨིན་གྲོལ་ལམ།།
ལེགས་བསྟན་མཚན་ཡང་དོན་ཡོད་རྡོར་རྗེར་འབོད།།
དགུང་ལོ་བཅུ་བདུན་བཞེས་པ་སྟོན་ཁའི་དུས།།
འབྲི་གུང་ནགས་ཁྲོད་ཆོས་རྒྱལ་སྤྱན་སྔའི་དྲུང་།།
ཐེག་ཆེན་སེམས་བསྐྱེད་ལྔ་ལྡན་ཕྱག་རྒྱ་ཆེ།།
གསན་ཅིང་དབུས་གཙང་ཆོས་ཐོག་རྟེན་འབྲེལ་འགྲིགས།།
ཚལ་སྨན་དཀོན་མཆོག་སྐྱབས་ལས་གསོ་རིག་སྦྱངས།།
བླ་མ་འཇམ་རིན་བཀྲ་ཤིས་སེངྒེ་དང་།།
ཡོན་ཏན་རྒྱ་མཚོ་སློབ་དཔོན་ཨུ་རྒྱན་པ།།
སྙེ་ཐང་བདེ་བ་ཅན་གྱི་མཁས་པའི་ཁྱུ།།
བསྟེན་ནས་རྒྱན་གཉིས་གཙོར་བྱས་བྱམས་ཆོས་ལྔར།།
ཐོས་བསམ་སྒོམ་པས་ཐུགས་སུ་ཆུད་པར་མཛད།།
ས་སྐྱ་བླ་མ་བསོད་ནམས་རྒྱལ་མཚན་ལས།།
འཇམ་དབྱངས་བསྙེན་པ་ཨ་ར་པ་ཙ་དང་།།
དྲིལ་ལུགས་བདེ་མཆོག་ལུས་དཀྱིལ་སྨིན་གྲོལ་དབང་།།
གུར་གྱི་མགོན་པོའི་རྗེས་གནང་ལེགས་པར་གསན།།
བུ་སྟོན་གདན་སར་ཞ་ལུའི་ཁྲི་འཛིན་པ།།
ལོ་ཆེན་མཁན་པོ་རིན་ཆེན་རྣམ་རྒྱལ་ལ།།
བདེ་མཆོག་མེེ་ཏྲི་བཅུ་གསུམ་བཀའ་དབང་ཞུས།།
ཇོ་ནིང་མཁས་པ་ས་བཟང་མ་ཏིའི་དྲུང་།།
བཀའ་ཆོས་ཅི་རིགས་གསན་ཅིང་ཇོ་མོ་ནང་།།
ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་མདུན།།
དུས་འཁོར་སྦྱོར་བ་དྲུག་གི་ཟབ་ཆོས་གསན།།
བོ་དོང་མཁན་ལས་བཀའ་གདམ་ལམ་རིམ་ལུང་།།
ཐོབ་ཅིང་སྣར་ཐང་ལོ་ཙྰ་དོན་བཟང་བརྒྱུད།།
མངོན་པ་མཛོད་ཀྱི་བཤད་པ་ཚར་གཅིག་གསན།།
རྩེ་ཆེན་དགོན་བདག་ཇོ་ནིང་ཉ་དབོན་དྲུང་།།
ཕར་ཕྱིན་གཟབ་བཤད་ཚར་གཅིག་གསན་པ་ལ།།
མཁས་པའི་གསུང་ལ་མཉེས་པའི་ངང་ཚུལ་བསྟན།།
ཉ་དབོན་གྱིས་བསྐུལ་ཁོང་གི་སློབ་མའི་མཆོག།
ས་སྐྱ་བླ་མ་རྗེ་བཙུན་རེད་འདའ་བར།།
མངོན་པ་གོང་འོག་དབུ་ཚད་འདུལ་བ་སོགས།།
རིམ་པར་གསན་པས་བླ་མའི་མཁྱེན་རབ་ཀྱིས།།
ཐུགས་ཡིད་དྲངས་ཏེ་དད་པ་ཆེན་པོ་འཁྲུངས།།
ས་སྐྱའི་ལོ་ཆེན་བྱང་ཆུབ་རྩེ་མོ་དང་།།
པོ་ཏྰ་ལར་མཇལ་ཆོས་འབྲེལ་འགའ་ཡང་གནང་།།
ས་སྐྱའི་བླ་མ་རྡོ་རྗེ་རིན་ཆེན་ལས།།
ས་ལུགས་བརྟག་གཉིས་རྒྱུད་ཀྱི་བཤད་པ་གསན།།
བཀའ་གདམ་བླ་མ་བཀའ་བཞི་བློ་གསལ་བ།།
གཙུག་གིས་བསྟེན་ནས་དམ་ཆོས་འདུལ་བ་མདོ།།
རྩ་འགྲེལ་ཆ་ལག་ཡོངས་རྫོགས་ལེགས་སྦྱངས་ཤིང་།།
དམ་ཆོས་འདུལ་བའི་དགག་དགོས་ལྷག་པར་རྟོགས།།
མལ་གྲོ་ལྷ་ལུང་བླ་མ་བསོད་གྲགས་ལ།།
ཆོས་ལུང་མང་རབ་གསན་ཅིང་སྣར་ཐང་དུ།།
བླ་མ་ལོ་ཆེན་དོན་བཟང་ཚད་མའི་འགྲེལ།།
གསན་ཅིང་བླ་མ་ལོ་ཆེན་ནམ་བཟང་ལས།།
སྙན་ངག་མེ་ལོང་གཞུང་གི་བཀའ་ཁྲིད་ཞུས།།
སྣར་ཐང་མཁན་པོ་ཀུན་དགའ་རིན་ཆེན་དང་།།
བདེ་ཅན་བླ་མ་འཇམ་རིན་པ་ལས་ཀྱང་།།
དབུ་མ་རིགས་ཚོགས་ཀུན་ཀྱི་བཀའ་ལུང་ཐོབ།།
འབྲི་གུང་ཐེལ་དུ་སྤྱན་སྔ་གྲགས་བྱང་དྲུང་།།
ལམ་འབྲས་མན་ངག་ནྰ་རོ་ཆོས་དྲུག་དང་།།
ཕག་མོ་གྲུབ་པ་འཇིག་རྟེན་གསུམ་མགོན་གྱི།།
བཀའ་འབུམ་ལ་སོགས་ཟབ་ཆོས་མང་དུ་གསན།།
ཚལ་བ་བླ་མ་ཡེ་ཤེས་རྒྱལ་མཚན་ཞབས།།
བསྟེན་ནས་དུས་འཁོར་འགྲེལ་ཆེན་དྲི་མེད་འོད།།
རྒྱུ་མཚན་རྩིས་དང་ལག་ལེན་མན་ངག་རྣམས།།
གཟབས་ཁྲིད་གནང་བ་ཞིབ་སྦྱངས་ཐུགས་ལ་ཐོགས།།
སྣུབས་ཆོས་མཁན་པོ་གྲགས་པ་བཤེས་གཉེན་ལས།།
བཀའ་ཆོས་ཅི་རིགས་ཞུས་ཤིང་དབུ་མ་པ།།
བརྩོན་འགྲུས་སེངྒེར་འཇམ་དབྱངས་ཆོས་སྐོར་གསན།།
བུ་སྟོན་བུ་ཆེན་བླ་མ་ཆོས་དཔལ་དྲུང་།།
དུས་འཁོར་འགྲེལ་ཆེན་རྡོར་རྗེ་ཕྲེང་བ་དང་།།
ཕྱག་རྡོར་འཁོར་ཆེན་ཕྱག་རྡོར་བསྟོད་འགྲེལ་དང་།།
ནཱ་རོ་འགྲེལ་ཆེན་བུ་ལུགས་གསང་འདུས་ཀྱི།།
གར་ཐིག་གཡང་གསུམ་དབང་ལུང་མན་ངག་བཅས།།
ཕྲེང་བ་སྐོར་གསུམ་ཡོངས་རྫོགས་དགོངས་པར་བཞེས།།
བུ་སྟོན་མཆོད་གཡོག་ཡོ་གའི་རྣལ་འབྱོར་བརྒྱུད།།
ལག་ལེན་གནད་ལ་མཁས་པ་མགོན་བཟང་དང་།།
ལྷན་བཞུགས་རྡོར་དབྱིངས་དཔལ་མཆོག་རྩེ་མོ་སོགས།།
ཡོ་གའི་དཀྱིས་ཆོག་བྲི་ཐིག་གར་དབྱངས་དང་།།
ཕྱག་རྒྱ་སོགས་ལ་ཤིན་ཏུ་མཁས་པར་བསླབ།།
སྔགས་འཆང་མཁས་གྲུབ་ཁྱུང་བོ་ལྷས་པའི་དྲུང་།།
རྒྱུད་སྡེ་གོང་འོག་གངས་ཅན་བོད་ཡུལ་ན།།
དར་བའི་དབང་རྒྱུན་ཆུ་བོ་མ་ལུས་པ།།
བུམ་པ་གང་བྱོའི་ཚུལ་གྱིས་ཐུགས་རྒྱུད་གཏམས།།
ཡོ་གའི་རྣལ་འབྱོར་རྒྱལ་མཚན་གྲགས་པ་ལས།།
བུ་ལུགས་ཡོ་གའི་གར་དབྱངས་ཕྱག་ལེན་ལ།།
དག་ཐེར་མཛད་ཅིང་ཁྱད་པར་བུ་སྟོན་གྱི།།
རྡོར་རྗེ་འབྱུང་བའི་རྣམ་བཤད་ཆེན་མོ་སོགས།།
རབ་འབྱམས་རྒྱུད་སྡེའི་ལུང་ཡང་དཔག་མེད་གསན།།
དེ་ནས་བསམ་ཡས་རྟོགས་ལྡན་མཚོ་དཀར་བར།།
སྦྱོར་དྲུག་གསན་ཞིང་རྟོགས་ལྡན་འབའ་ར་ལས།།
འོད་གསལ་ཕྱག་རྒྱ་ཆེན་མོའི་དོན་ཡང་མནོས།།
སྔ་འགྱུར་མཁན་ཆེན་ལས་ཀྱི་རྡོ་རྗེ་ལས།།
རྒྱལ་བའི་གསུང་རབ་ཀུན་ཀྱི་སྙིང་བོའི་དོན།།
སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཆོས།།
ལེགས་གསན་བཀའ་གདམ་ཕ་ཆོས་བུ་ལ་འཕྲོད།།
གངས་རིའི་ལྗོངས་འདིར་འཇམ་དབྱངས་རྣམ་གསུམ་ཞེས།།
སྙན་པའི་གྲགས་དཀར་གཡོ་བའི་ཡ་གྱལ་བ།།
རྗེ་བཙུན་བླ་མ་བློ་བཟང་གྲགས་པའི་སྡེའི།།
བསྟེན་པའི་བླ་རབས་ཕལ་ཆེར་དེ་འདྲ་སྟེ།།
དེ་དག་ཚང་མ་མི་ཡི་ཤ་ཚུགས་ཅན།།
མི་མིན་ལྷག་ལྷ་རྗེ་བཙུན་འཇམ་དབྱངས་དང་།།
ཡི་དམ་ཞི་ཁྲོ་རབ་འབྱམས་མངོན་སུམ་ཞལ།།
མཇལ་ནས་གསུང་གི་གནང་བ་ཐོབ་པ་ལས།།
བྱུང་བའི་མན་ངག་གནད་དང་དགོངས་ཉམས་སོགས།།
ངོ་མཚར་ཐོར་བུའི་ཚུལ་དུ་སྣ་མང་བཞུགས།།
ལེགས་པར་བསམས་ན་ཐོས་བསམ་སྒོམ་གསུམ་དང་།།
མཁས་བཙུན་བཟང་གསུམ་འཆད་རྩོད་རྩོམ་གསུམ་སོགས།།
མཛད་ཆ་གང་ཡང་འགྲན་གྱི་དོ་མེད་པ།།
འཇམ་མགོན་བླ་མ་བློ་བཟང་གྲགས་པ་ཙམ།།
ཐུགས་རྗེ་ཆེ་འོ་བླ་མ་ཙོང་ཁ་པ།།
བཀའ་དྲིན་ཆེ་འོ་ཐུབ་བསྟན་བཤད་སྒྲུབ་སྲོལ།།
ཤིན་ཏུ་ལེགས་སོ་གང་གི་མཛད་ཆེན་རྣམས།།
ཀུན་ལ་དགེ་འོ་ཁྱད་པར་དེང་གི་དུས།།
དྲུག་བརྒྱའི་དུས་དྲན་གྱིས་རྗེ་ཙོང་ཁ་པ་དང་དགེ་ལྡན་ལུགས་བཟང་ལ་རྗེས་དྲན་གཏོང་བའི་ལོ་འདིར། འཇམ་མགོན་བླ་མ་གང་གི་གསུང་འབུམ་ཆ་ཚང་ཞིག་དཔེ་ཀློག་བྱ་རྒྱུའི་འདུན་པ་བཟུང་སྟེ། དེབ་གཟུགས་ཀ་པ་རྣམ་ཐར་གྱི་སྐོར་ནས་དབུ་ཚུགས་ཏེ་ཀློག་སྐབས། བོད་ཡུལ་འདིར་རྗེ་ཙོང་ཁ་པ་དང་ཁོང་གི་ལུགས་བཟང་བྱུང་བའི་རྒྱུ་རྐྱེན་དང་། བོད་བརྒྱུད་གྲུབ་མཐའ་རིས་མེད་ཀྱིས་རྗེ་ཙོང་ཁ་པ་ཆེན་པོ་ཞེས་དད་གུས་གདེང་འཇོག་ཚད་མཐོ་ཡོད་པའི་གནས་ལུགས་ཀྱི་ཐོག་བསམ་བློ་འཁོར་ཞིང་། དེའང་བླ་མ་ཁོང་གིས་བསྟེན་མྱོང་བའི་གྲུབ་མཐའ་རིས་མེད་ཀྱི་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་མེད་ན་མི་འབྱུང་གི་འབྲེལ་བ་གཏིང་ཟབ་ཅིག་ཡོད་པ་ཚོར་ཏེ་རྗེ་རིན་པོ་ཆེའི་བླ་མ་རྣམ་པའི་མཚན་དང་། ཆོས་བརྒྱུད་གང་ཡིན་ཟ་དང་ཟུར་ནས་མངོན་ཐབས་ཀྱིས་ཚིགས་བཅད་དུ་བསྡེབས་ཁུལ་བྱས་པ་ཡིན། ནོར་འཁྲུལ་ཡོད་ན་དགོངས་འགལ་མེད་པར་ཞུ། ༢༠༡༩ལོའི་ཟླ༡༢ཚེས༢༢ཉིན།
རྗེ་བླ་མ་ཙོང་ཁ་པ་ལ་ན་མོ། །
་
ཙོང་ཁའི་ཡུལ་འཁྲུངས་བོད་རིགས་ཨ་མདོའི་བུ། །
ལོ་གསུམ་ལོན་ཚེ་ཀརྨ་གསུམ་རོལ་གྱིས། །
གཙུག་ཕུད་བཞེས་ནས་ཀུན་དགའ་སྙིང་པོར་གསོལ། །
དྲུག་བརྒྱའི་བར་དུ་ཀུན་ནས་དགའ་ལ་འདུད། །
་
དགུང་ལོ་བདུན་པར་ངེས་འབྱུང་རྣམ་དག་གིས། །
དགེ་སློང་ཆོས་རྗེ་དོན་གྲུབ་བླ་མའི་དྲུང་། །
དགེ་ཚུལ་སྡོམ་པ་བཞེས་པའི་རབ་འབྱུང་མཚན། །
བློ་བཟང་གྲགས་པ་ཞེས་གསོལ་ཀུན་ལ་གྲགས། །
་
བཅུ་དྲུག་ལོ་ལ་དབུས་སུ་སློབ་གཉེར་ཕེབས། །
ཉེར་གཉིས་སྐབས་སུ་བླ་མ་རེད་འདའ་མཇལ། །
བློ་གསལ་བགྲོད་པའི་ཐེམ་སྐས་ཐོག་མར་མཛད། །
སོ་གཅིག་སྐབས་ལ་ལེགས་བཤད་གསེར་ཕྲེང་མཛད། །
་
སོ་དྲུག་ལོ་ལ་འོལ་ཁར་བྱ་བྲལ་ཕེབས། །
སོ་དགུར་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཇལ། །
བཞི་བཅུར་རྒྱལ་ཚབ་དར་མ་རིན་ཆེན་བཅར། །
ཞེ་དྲུག་ལམ་མཆོག་ལམ་རིམ་ཆེ་ཆུང་མཛད། །
་
འཇམ་དབྱངས་ལྟུང་བཤགས་ལྷ་ཚོགས་སོ་ལྔས་གཟིགས། །
ཞེ་བདུན་བྱང་སའི་ཚུལ་ཁྲིམས་ལེའུ་དང་། །
གསང་སྔགས་དམ་ཚིག་རྩ་ལྟུང་བཅུ་བཞི་སོགས། །
བླ་མ་ལྔ་བཅུའི་རྣམ་བཤད་གསལ་བར་མཛད། །
་
ཞེ་དགུར་འོལ་ཁ་བྱམས་པ་ཆོས་གླིང་དུ། །
ཀླུ་བྱང་རྣམ་གཞག་སྔགས་རིམ་ཆེན་མོ་མཛད། །
ང་གཉིས་ལོ་ལ་མཁས་གྲུབ་རྗེ་དང་མཇལ། །
གྲུབ་མཐའ་དྲང་ངེས་ལེགས་བཤད་སྙིང་པོ་དང་། །
་
ཀླུ་སྒྲུབ་རྩ་ཤེས་ཊྰི་ཀ་ཆེན་མོ་མཛད། །
ང་གསུམ་ལོ་ལ་དགའ་ལྡན་དགོན་ཕྱག་བཏབ། །
ལྷ་ལྡན་སྨོན་ལམ་ཆེན་མོ་དབུ་འཛུགས་མཛད། །
བྱམས་གསོ་ར་ཚུགས་མཛད་ཆེན་གསུམ་པ་བསྒྲུབས། །
་
ང་བཞིར་ཡེ་རྡོ་་ཀུན་བཏུས་རྣམ་བཤད་དང་། །
བཤད་རྒྱུད་ལྷ་མོ་བཞི་ཡིས་ཞུས་པ་མཛད། །
ང་ལྡར་རིམ་ལྔ་གསལ་བའི་སྒྲོན་མ་དང་། །
རིམ་ལྔ་གདན་རྫོགས་གནད་ཀུན་གསལ་བར་བཀྲལད། །
་
ང་བརྒྱད་འགྲེལ་པ་བཞི་སྦྲགས་ཆེན་མོ་མཛད། །
ང་དགུར་ལམ་རིམ་འབྲིང་མཛད་མཛད་བཞི་པ། །
དགའ་ལྡན་སྒྲུབ་མཆོད་ཆེན་མོ་གསར་གཏོད་མཛད། །
རེ་གཉིས་འཇུག་ཊྰིག་དགོངས་པ་རབ་གསལ་མཛད། །
་
རེ་གསུམ་བདེ་མཆོག་རྩ་རྒྱུད་ཊཱི་ཀ་མཛད། །
རེ་གསུམ་གདུལ་བྱ་རྟག་འཇིན་ཆོས་སྐུལ་ཕྱིར། །
རེ་གསུམ་རེ་ཞིག་གདུལ་བྱ་རྫོགས་པ་དང་། །
རེ་གསུམ་ལོ་ལ་དགོངས་པ་གཞན་དུ་གཤེགས། །
་
གཅིག་ནས་རེ་གསུམ་བར་བར་གྱི། །
མཛད་ཆེན་མཛད་ཆུང་བསྒྲིགས་པ་འདིས། །
དགེ་བ་ཅུང་ཟད་བསགས་ཡོད་ན། །
བླ་མའི་༸སྐུ་ཚེ་བརྟན་ཕྱིར་བསྔོ། །
་
ཀརྡོས།
བྲིས་ལེགས། སྡེབ་ལེགས། དོན་ལེགས། བཀླགས་སོ།། ཐུགས་རྗེ་ཆེ་ཞུ།
བཀའ་དྲིན་ཆེ།
ཀརྨ་ོ་བཞི་པ་རོལ་པའི་རྡོ་རྗེ་ལས་དགཉ་བསྙེན་གྱི་སྡོམ་པ་ཞུས་པ་དེ་འཁོད་མི་འདུག
ཆོས་རྗེ་དམ་པ་དོན་གྲུབ་རིན་ཆེ་མཆོག་དང་། ཀརྨ་པ་བཞི་པ་རོལ་པའི་རྡོ་རྗེ་གཉིས་ནི། རྗེ་རིན་པོ་ཆེ་དེ་ཆུང་དུས་ནས་བླ་མའམ། སངས་རྒྱས་བྱང་སེམས་ཞིག་གི་སྤྲུལ་པར་དངོས་འཛིན་གནང་མཁན་ལྟ་བུར་གྱུར་འདུག་ཀྱང་།
རྗེ་རིན་པོ་ཆེ་ནི། མ་འོངས་པར་སངས་རྒྱས་ཆེ་གོ་མོ་ཞིག་ལ་འཚང་རྒྱ་བར་ཡོངས་གྲགས་སུ་མཚན་གསུངས་འདུག་ན་ཡང་། ཁོང་གི་སྐུ་སྐྱེ་སྔོན་མ་དེ་མ་ཐག་པ་དེ་སུ་ཡིན་མིན་མི་འཁོད་པ་འདི་ཡང་། རྗེ་ཡི་གསང་བའི་རྣམ་ཐར་ནང་ལ་མེད་པ་འདྲའོ།།