རྩོམ་པ་པོ། ལེའོ་ཐྲོལ་སི་ཐྲོ་ཡེ།(Leo Tolstoy) ཐེ་བོ་སངས་རྒྱས་ཀྱིས་བསྒྱུར།
ཐེངས་ཤིག་རྒྱལ་པོ་ག་གེ་མོའི་སེམས་ལ།“གལ་སྲིད་ངས་རྟག་པར་བྱེད་སྒོ་མཐའ་དག་གི་འགོ་རྩོམ་པའི་དུས་ཚོད་ཏག་ཏག་ཤེས་རྒྱུ་ན། གལ་སྲིད་ངས་སུའི་ཁ་ལ་ཉན་དགོས་ས་དང་སུ་ལ་གཡོལ་དགོས་ས་ཤེས་རྒྱུ་ན། དེ་དག་ལས་ཀྱང་གལ་གནད་ཅིག་ལ། གལ་སྲིད་ངས་ནམ་རྒྱུན་གལ་ཆེ་ཤོས་ཀྱི་བྱ་གཞག་གང་བསྒྲུབ་དགོས་པ་ཤེས་རྒྱུ་ན་”སྙམ། ཁོས་ལས་དོན་གང་ཞིག་ལག་བསྟར་བྱས་རུང་མཐའ་མ་འཁྱོངས་པ་ཡེ་ནས་མེད། དྲན་ཚུལ་དེས་ཁོ་བསམ་གཞིགས་ནང་ལྷུང་དུ་བཅུག་པས། སུ་འདྲ་ཞིག་གིས་ཁོ་ལ་བྱ་འགུལ་རེ་རེའི་དུས་ཚོད་ཏག་ཏག་སྟོན་ཐུབ་པའམ། ཆེས་དགོས་ངེས་ཀྱི་གང་ཟག་སུ་དག་ཡིན་པ། གལ་ཆེ་ཤོས་ཀྱི་ལས་དོན་གང་སྒྲུབ་དགོས་པ་ཇི་ལྟར་ཁོ་ལ་ཤེས་སུ་འཇུག་ཐུབ་པ་བཅས་བྱུང་ན། བྱ་དགའ་ཆེན་པོ་ཞིག་སྟེར་ངེས་ཡིན་ཞེས་ཁོ་རང་གི་རྒྱལ་ཕྲན་ཁྱོན་ཡོངས་ལ་ཁྱབ་བསྒྲགས་བྱས་པར་བརྟེན། ཤེས་ཡོན་ཅན་རྣམས་རྒྱལ་པོའི་མདུན་དུ་ཡོང་། ཡིན་ན་ཡང་ཁོའི་དྲི་བ་དག་ལ་ཁོང་ཚོས་ལན་བཏབ་པ་ཚང་མ་མ་འདྲ། དྲི་བ་དང་པོའི་ལན་ལ། ཁ་ཅིག་གིས། “བྱ་བ་རེ་རེའི་དུས་ཚོད་མ་འཆུག་པར་ཤེས་པ་ལ་ཡིན་གཅིག་མིན་གཉིས་ལོ་དང་། ཟླ་བ། ཉི་མ་རྣམས་ཀྱི་དུས་ཚོད་རེའུ་མིག་ཅིག་སྔོན་ནས་འབྲི་དགོས་པར་མ་ཟད། སྒྲིག་གཞི་དམ་པོའི་ངང་རེའུ་མིག་དེ་ལ་ཅིས་ཀྱང་བསྟུན་དགོས། དེ་ལྟར་བྱས་ན། ལས་ཀ་གང་ཡིན་ཡང་དེ་ཉིད་ཀྱི་དུས་ཚོད་ལྟར་འགྲུབ་ཐུབ་”ཅེས་བཤད། ལ་ལས་ཟེར་ན། “བྱ་འགུལ་ཅི་རིགས་ཀྱི་སྔོན་ཚུད་ནས་དུས་ཚོད་ཏག་ཏག་ཐག་གཅོད་ཐུབ་པ་མི་སྲིད་ཀྱང་། སོ་སོས་ལེ་ལོའི་ངང་དོན་མེད་ཀྱིས་དུས་ཚོད་བསྐྱལ་མི་རུང་། ནམ་ཡིན་ཡང་ཕྱོགས་ཡོངས་ཀྱི་གནས་བབས་གང་གི་ཐོག་འགྲོ་བཞིན་པར་མཐའ་གཅིག་ཏུ་དོ་སྣང་བྱས་ཏེ། ཆེས་དགོས་གལ་ཅན་གང་ཡིན་པ་དེ་བསྒྲུབ་དགོས་”ཟེར། འགའ་ཞིག་གིས་ན་རེ།“རྒྱལ་པོས་གནས་སྟངས་གང་འདྲའི་ཐོག་ཐུགས་སྣང་ཆེན་པོི་ཇི་ལྟར་བྱས་ནའང་། མི་གཅིག་གིས་དོན་དག་ཡོད་དོ་ཅོག་གི་དུས་ཚོད་མ་ནོར་བར་ཐག་ཆོད་མི་སྲིད་སྟབས། ཁྱོད་ལ་བློ་གྲོས་ཅན་གྱི་མདུན་ན་འདོན་ལྷན་ཚོགས་ཤིག་མེད་དུ་མི་རུང་། ཁོང་ཚོས་ཁྱོད་ལ་བྱེད་སྒོ་རེ་རེའི་དུས་ཚོད་འོས་འཚམས་སྒྲིག་པར་ཕྱག་རོགས་གནང་ཐུབ་”ཟེར། ད་དུང་རེ་ཟུང་གིས། “ལས་དོན་ལ་ལ་ཚོགས་འདུ་འཚོགས་པར་སྒུག་ཅིང་འཇོག་ཁོམ་མེད་ལ། དེ་རིགས་ལག་ལེན་བྱའམ་མི་བྱ་ཐག་གཅོད་ཐེངས་གཅིག་ལས་གོ་སྐབས་མེད། འོན་ཀྱང་ཁག་ཐེག་གིས་བཤད་ཐུབ་པ་ཞིག་ལ། དོན་རྐྱེན་གང་ཞིག་འབྱུང་རྒྱུ་ཡིན་པ་སྔ་ས་ནས་ངེས་པར་རྟོགས་ཐུབ་དགོས། དེ་ནི་སྒྱུ་མ་མཁན་རྣམས་ཁོ་ནས་རྟོགས་པས། ལས་དོན་ཡོད་ཚད་ཀྱི་དུས་བབས་ཏག་ཏག་ཤེས་པ་ལ་སྒྱུ་མ་མཁན་ཚོར་ངེས་པར་འདྲི་དགོས་”ཟེར། དྲི་བ་གཉིས་པའི་ལན་སྤྱིའི་ཆ་ནས་འདྲ་མིན་སྣ་ཚོགས་བྱུང་། ཁ་ཅིག་གིས། “རྒྱལ་པོ་ལ་ཆེས་དགོས་ངེས་ནི་འཛིན་སྐྱོང་ལྷན་ཚོགས་ཀྱི་འཐུས་མི་རྣམས་རེད་”ཅེས་དང་། ཁ་ཤས་ཀྱིས། “ཆོས་དཔོན་རྣམ་པ་རེད་”ཟེར། རེ་འགའ་ཡིས། “མཁས་དབང་ཚོ་རེད་”ཟེར། སྐབས་དེར་ཁག་ཅིག་གིས། “ཆེས་དགོས་གལ་ཅན་ནི་དམག་མི་རྣམས་རེད”ཟེར། དྲི་བ་གསུམ་པ་ཆེས་གལ་འགངས་ཆེ་བའི་བྱ་གཞག་སྐོར་ལ། ལ་ལས། “འཛམ་གླིང་འདིའི་ནང་གལ་བོ་ཆེ་ནི་ཚན་རིག་རེད་”ཅེས་དང་། འགའ་ཞིག་གིས། “དམག་དོན་ལ་སྦྱང་བརྡར་ཐོན་རྒྱུ་དེ་རེད་”ཟེར། རེ་ཟུང་གིས། “ཆོས་ལུགས་ཀྱི་ཕྱག་མཆོད་རེད་”ཟེར། དྲིས་ལན་ཡོངས་རྫོགས་མི་མཐུན་པར་གྱུར། དེ་རྣམས་རྒྱལ་པོའི་བློར་མ་བབས་པས་སུ་ལའང་བྱ་དགའ་མ་སྤྲད། དེ་ལྟ་ནའང་། རྒྱལ་པོས་འགྱུར་བ་མེད་པར་གནད་ལ་ཁེལ་བའི་དྲིས་ལན་དག་རྙེད་པར་ཡིད་སྨོན་བྱས། ཁོས་བློ་གྲོས་ཆེ་བར་གྲགས་པའི་དྲང་སྲོང་ཞིག་ལ་འདྲི་རྒྱུ་སེམས་ཐག་བཅད། དྲང་སྲོང་དེ་ནགས་ཚལ་ཁྲོད་སྡོད་ཅིང་གྲོང་ལ་ཡེ་ནས་ཡོང་གི་མེད། ཁོའི་དྲུང་དུ་མི་སེར་དཀྱུས་མ་མ་གཏོགས་འགྲོ་མཁན་མེད། དེའི་སྟབས་ཀྱིས་རྒྱལ་པོས་ཆས་གོས་ཕལ་བ་ཞིག་གྱོན་པ་དང་། དྲང་སྲོང་གི་སྤྱིལ་བུའི་སར་མ་སླེབས་གོང་ཁོའི་ཆིབས་རྟ་ལས་བབས་ཤིང་། སྐུ་སྲུང་བ་རྣམས་རྒྱབ་ཏུ་བཞག་ནས་ཁོ་རང་གཅིག་པུར་ཕྱིན། རྒྱལ་པོ་ཉེ་བར་སླེབས་དུས་དྲང་སྲོང་གིས་སྤྱིལ་བུའི་མདུན་ཕྱོགས་སུ་ས་རྐོ་བཞིན་མཆིས། ཁོས་རྒྱལ་པོ་མཐོང་ཙ་ན་འཚམས་འདྲི་ཞུས་པ་དང་མུ་མཐུད་དུ་ས་སློག་གིན་བསྡད། དྲང་སྲོང་དེ་གཟུགས་སྟོབས་ཆུང་ལ་ཤ་རིད་པ་ཞིག་གོ ། སྐར་མ་རེ་རེར་ཁོའི་ལྕགས་ཁེམ་ས་ནང་དུ་བསྣུན་ཅིང་ས་ཉུང་ཙམ་ཕྱིར་འདོན་པར་བྱེད། ཁོའི་དབུགས་ཧལ་བར་གྱུར་པས། རྒྱལ་པོ་ཁོའི་ཉེ་བར་གཏུགས་ཏེ།“ཤེས་རབ་ཅན་གྱི་དྲང་སྲོང་ལགས། ང་ཁྱོད་ལ་དྲི་བ་གསུམ་འདྲི་ཕྱིར་ཡོང་བ་ཡིན། ལུགས་མཐུན་གྱི་བྱ་བ་ཞིག་དུས་ཚོད་ཏག་ཏག་ཐོག་སྒྲུབ་ཚུལ་ངས་ཇི་ལྟར་སྦྱང་དགོས་པ་དང་། ངས་གཞན་ལས་ལྷག་པའི་མཐོང་ཆེན་བྱེད་སའམ་ང་ལ་ཆེས་དགོས་གལ་ཆེ་བའི་སྐྱེ་བོ་སུ་དག་རེད། ངས་ཐོག་དང་པོར་དོ་སྣང་བྱེད་དགོས་ངེས་ཀྱི་བྱ་གཞག་གལ་ཆེ་ཤོས་དེ་གང་ཡིན་ནམ་”ཞེས་དྲིས། དྲང་སྲོང་གིས་རྒྱལ་པོ་ལ་ཉན་ནས་བསྡད། ཡིན་ནའང་ལན་གང་ཡང་མ་བྱིན། དྲང་སྲོང་གིས་ལག་པར་མཆིལ་མ་ཞིག་བཏབ་ཅིང་མུ་མཐུད་དུ་ས་རྐོ་བཞིན་བསྡད། རྒྱལ་པོས། “ཁྱོད་ཐང་ཆད་འདུག ལྕགས་ཁེམ་ངའི་ལག་པར་ཏོག་ཙམ་ཞོག་དང་ངས་ས་བརྐོ་རོགས་བྱེད་”ཟེར། དྲང་སྲོང་གིས།“ཐུགས་རྗེ་ཆེ།”ཟེར་ཞོར་ལྕགས་ཁེམ་རྒྱལ་པོའི་ལག་པར་བཞག་ནས་ཁོ་རང་སར་བསྡད། སྐབས་དེར་རྒྱལ་པོས་ས་ལྕགས་ཁེམ་གཉིས་བྲུས་པ་དང་མཚམས་བཞག་ཅིང་ཁོའི་དྲི་བ་རྣམས་བསྐྱར་ཟློས་བྱས། དྲང་སྲོང་གིས་ད་དུང་ལན་གང་ཡང་མ་བཏབ་པར་ཡར་ལངས་ཏེ། ཁོའི་ལྕགས་ཁེམ་ལ་ལག་པ་སྲིང་བཞིན། “ད་ཁྱོད་ཡུད་ཙམ་རིང་ངལ་གསོས། ང་ལ་ཏོག་ཙམ་བརྐོ་རུ་ཆུག་དང་”ཟེར། འོན་ཀྱང་རྒྱལ་པོས་ལྕགས་ཁེམ་ཁོ་ལ་མ་སྤྲད་པར་རྒྱུན་མཐུད་ནས་ས་བརྐོས། དེ་ལྟར་ཆུ་ཚོད་གཅིག་དང་གཉིས་འདས་པ་ན། ཉི་མ་ཤིང་སྡོང་ཕག་ཏུ་ཡིབ་འགོ་བརྩམས། རྒྱལ་པོས་མཇུག་མཐར་ལྕགས་ཁེམ་ས་ནང་དུ་གཅིག་བསྣུན་ཏེ།“ཤེས་རབ་ཅན་ལགས། ང་འདིར་ཡོང་དོན་ངའི་དྲི་བའི་ལན་རག་ཆེད་ཡིན། གལ་ཏེ་ཁྱོད་ལ་ལན་གང་ཡང་འདེབས་རྒྱུ་མེད་ན་མེད་ཅེས་གསུངས་རོགས། ད་ང་རང་ཁྱིམ་དུ་ལོག་རན་སོང་”ཞེས་བཤད། དྲང་སྲོང་གིས།“འདིར་མི་ཞིག་བྲོས་ཡོང་གི་འདུག ངེད་གཉིས་ཁོ་སུ་རེད་བལྟ་བར་འགྲོ་”ཟེར། རྒྱལ་པོས་ཕྱིར་ལྟ་བྱས་པ་ན། སྨ་ར་ཅན་གྱི་མི་ཞིག་ནགས་ཚལ་དེའི་ཕྱི་རོལ་ཏུ་བྲོས་ཡོང་བ་མཐོང་། མི་དེས་ལག་པ་གཉིས་ཀས་ཁོ་རང་གི་ཕོ་བ་བསྡམ་ཡོད་ནའང་། ལག་པའི་འོག་ནས་ཁྲག་ཐིགས་དམར་ཙར་རེ་འཛར་གྱིན་བདོག དེའི་ཚེ་ཁོ་རྒྱལ་པོའི་གམ་ལ་སླེབས་མཚམས་འཁུན་སྒྲ་དམའ་མོ་ཞིག་དང་བཅས་དྲན་པ་ཐོར་བས་ས་ལ་འགྱེལ། རྒྱལ་པོ་དང་དྲང་སྲོང་གཉིས་ཀས་མི་དེའི་སྟོད་ཐུང་གི་སྒྲོག་གུ་བཀྲོལ་བ་ན། ཁོའི་ལྟོ་བར་རྨས་སྐྱོན་ཚབས་པོ་ཆེ་ཕོག་ཡོད་སྟབས། རྒྱལ་པོས་གང་ཐུབ་ཐུབ་ཀྱིས་རྨ་ཁ་བཀྲུས་པར་མ་ཚད། དྲང་སྲོང་དང་ཁོ་རང་གི་ལག་རས་གཉིས་ཀྱིས་རྨ་དཀྲིས་བརྒྱབ། ཡིན་ན་ཡང་ཁྲག་བཞུར་མཚམས་མ་ཆད་པས། རྒྱལ་པོས་ཁྲག་དྲོན་གྱིས་ཚོས་པའི་རྨ་རས་དེ་རེས་ཕུད་རེས་བཀྲུའི་སྒོ་ནས་རྨ་དཀྲིས་རྒྱག་ལྡབ་བྱས། མཐར་ཁྲག་བཞུར་མཚམས་ཆད་པ་དང་མི་དེ་དྲན་པ་སོས་ནས་བཏུང་ཆུ་ཞིག་བསླངས། རྒྱལ་པོས་ཁོ་ལ་ཆུ་དྭངས་མོ་ཕོར་བ་གང་སྤྲད། སྐབས་དེར་ཉི་མ་ནུབ་ཟིན་པས་གྲང་ཤུར་ཤུར་དུ་གྱུར། དེའི་ཕྱིར། དྲང་སྲོང་གིས་རམ་འདེགས་ཀྱིས་རྒྱལ་པོས་རྨས་མ་དེ་སྤྱིལ་བུའི་ནང་ཁུར་ཏེ་ཉལ་ཁྲིའི་ཐོག་བསྙལ། ཉལ་ཁྲིའི་སྟེང་ཉལ་བའི་མི་དེའི་མིག་ཟུང་བཙུམ་ཞིང་ཁུ་སིམ་མེར་ཆགས། རྒྱལ་པོ་ཉིན་དེར་རྐང་ཐང་དུ་ཡོང་བ་དང་ལས་ཀ་བྱས་པར་བརྟེན་ཐང་ཆད་ཐག་ཆོད་པས། ཁོ་སྒོ་ཐེམ་དུ་ཙོག་བུར་བསྡད་པ་ན་དབྱར་ཁའི་མཚན་མོ་ཐུང་ངུའི་རིང་གཉིད་མཐུག་པོ་ཞིག་ཁུག ཞོགས་ཀ་རྒྱལ་པོ་གཉིད་ལས་སད་སྐབས། དུས་ཡུན་རིང་ཙམ་སྔོན་ལ་རང་ཉིད་གང་དུ་ཡོད་པ་དྲན་སོས། དེ་བཞིན་ངོ་མི་ཤེས་པའི་སྨ་ར་ཅན་ཞིག་ཉལ་ཁྲིའི་ཐོག་ཉལ་ཡོད་པ་དང་། ཁོའི་བཀྲག་མདངས་ལྡན་པའི་མིག་ཟུང་གིས་རྒྱལ་པོར་ཅེ་རེར་ལྟ་བཞིན་པ་མངོན། སྨ་ར་ཅན་དེས་ནི་རྒྱལ་པོ་གཉིད་སད་དེ་ཁོ་རང་ལ་བལྟས་ཡོད་པ་མཐོང་བས་སྐད་ཤུགས་ཆུང་ངུས།“ང་ལ་བཟོད་སྒོམ་གནང་རོགས་”ཟེར། རྒྱལ་པོས།“ངས་ཁྱོད་ངོ་ཤེས་ཀྱི་མི་འདུག་པས། ཁྱོད་ལ་བཟོད་པ་སྒོམ་དགོས་དོན་གང་ཡང་ཡོད་རྒྱུ་མ་རེད་”ཅེས་བཤད་པ་ན། “ཁྱོད་ཀྱིས་ང་ངོ་མ་རུང་ངས་ཁྱོད་ངོ་ལོས་ཤེས། ང་ནི་ཁྱོད་ལས་དགྲ་ཤ་ལེན་པར་དམ་བཅའ་བཞག་མྱོང་བའི་ཁྱོད་ཀྱི་དགྲ་བོ་ཞིག་ཡིན། གང་ཡིན་ཞེ་ན། ཁྱོད་ཀྱིས་དེའི་སྤུན་མཆེད་དམར་གསོད་བཏང་བར་མ་ཟད་གཞིས་ཀ་བདག་བཟུང་བྱས་པས་ཡིན། ཁ་སང་ཁྱོད་གཅིག་པུ་དྲང་སྲོང་གི་མདུན་དུ་ཕྱིན་པ་ཤེས་པ་དང་། ཁྱོད་ཕྱིར་ལོག་པའི་ལམ་བར་ནས་ངས་ཁྱོད་ལྐོག་གསོད་བྱ་རྒྱུ་བློ་ཐག་བཅད་པ་ཡིན། འོན་ཏེ་ཉི་མ་དེ་རྒས་ཀྱང་ཁྱོད་ཕྱིར་མ་ཡོང་བས། ང་ཁྱོད་འཚོལ་ཆེད་སྒུག་ར་ནས་ཕྱིར་ཐོན་ཅིང་ཁྱོད་ཀྱི་སྐུ་སྲུང་བའི་ཐད་སླེབས་སྐབས་ཁོང་ཚོས་ང་ངོས་ཟིན་པ་དང་། ང་ལ་རྨས་སྐྱོན་བཏང་བས་ང་བྲོས་ནས་ཡོང་བ་ཡིན། ཁྱོད་ཀྱིས་ང་ལ་རྨ་དཀྲིས་བྱས་མེད་ངའི་ཁྲག་བཞུར་དྲགས་ནས་ཤི་རྒྱུ་ཉག་ཅིག་རེད། ངས་ཁྱོད་གསོད་ཐུབ་པའི་རེ་བ་བཅངས་མོད། ཁྱོད་ཀྱིས་ངའི་སྲོག་བསྐྱབས་བྱུང་། ད་ནི་གལ་སྲིད་ང་མ་ཤི་བར་ཁྱོད་ལ་འདོད་པ་ཡོད་ན། ང་ཁྱེད་རང་གི་ཆེས་བློས་ཐུབ་ཀྱི་བྲན་གཡོག་བྱས་ནས་ཞབས་ཕྱི་བསྒྲུབ་པའི་ཁར། ངའི་བུ་རྒྱུད་ཚོ་ལའང་དེ་བཞིན་བསྒྲུབ་ཏུ་འཇུག ང་ལ་བཟོད་སྒོམ་གནང་རོགས།” རྒྱལ་པོས་རང་ཉིད་ཀྱི་དགྲ་དང་ཞི་བའི་སྒོ་ནས་ལས་སླ་བོས་འགྲིག་མཐུན་བྱུང་བར་དགའ་སྤྲོ་ཚད་མེད་སྐྱེས། གྲོགས་པོ་ཞིག་རྙེད་པ་ལ་བཟོད་སྒོམ་གནང་བར་མ་ཚད། རང་ཉིད་ཀྱི་ལྷ་རྗེ་དང་ཞབས་ཕྱི་བ་རྣམས་མངགས་ནས་ལྟ་སྐྱོང་བྱེད་དུ་བཅུག་ཅིང་། ཁོའི་གཞིས་ཀའང་བསྐྱར་གསོ་བྱ་བར་ཁས་བླངས། རྒྱལ་པོས་རྨས་མ་དེ་བཞག་ནས་སྒོ་མཆོར་ཕྱི་རོལ་ཏུ་ཐོན་པ་དང་། གཡས་གཡོན་དུ་དྲང་སྲོང་དེ་ཨེ་མཐོང་བལྟས། ཁོ་ཕྱིར་མ་ལོག་གོང་ཁོའི་དྲིས་ལན་རྣམས་རག་པའི་རེ་བ་དང་བཅས་ཡང་བསྐྱར་དྲིས། སྐབས་དེར་དྲང་སྲོང་གིས་སྔ་ཉིན་ཁོ་གཉིས་ཀྱིས་ས་བརྐོས་ཤུལ་ན་པུས་མོ་སར་བཙུགས་ནས་ས་བོན་འདེབས་ཀྱིན་མཆིས། རྒྱལ་པོ་ཁོའི་རྩར་ཅུང་བཅར་ནས། “འདི་ནི་ངའི་དྲིས་ལན་གྱི་སླད་དུ་རེ་ཞུ་མཐའ་མ་དེ་ཡིན། ཤེས་རབ་ཅན་ལགས་”ཟེར། དྲང་སྲོང་གིས།“དྲི་བར་ཁྱོད་ཉིད་ཀྱིས་ལན་བཏབ་ཟིན་”ཞེས་བཤད་ཞོར་ཁོའི་ཤ་རིད་པའི་རྐང་བའི་ཐོག་སྒུར་ཙམ་གྱིས་རང་གི་ཁ་གཏད་དུ་ལངས་ཡོད་པའི་རྒྱལ་པོར་བལྟས། རྒྱལ་པོས། “ལན་ཇི་ལྟར་བཏབ་སོང་། སྐད་ཆ་དེའི་ནང་དོན་གང་རེད”ཅེས་དྲིས། དྲང་སྲོང་གིས། “ཁྱོད་ཀྱིས་མ་ཤེས་སམ། གལ་སྲིད་ཁ་སང་ཁྱོད་ཀྱིས་ངའི་ནུས་ཤུགས་ཟད་པར་སྙིང་རྗེས་མ་བལྟས་ན། ང་ལ་ས་འདི་ཙམ་བརྐོས་མེད་པའི་ཁར་ཁྱོད་ཕྱིར་ལོག་པ་ཡིན་ན་མི་དེས་ཁྱོད་ལ་འཐབ་རྒོལ་བྱས་ཡོད་པ་དང་། ཁྱོད་ངའི་གམ་དུ་མ་བསྡད་པ་ལ་བློ་འགྱོད་སྐྱེས་ཡོད་རྒྱུ་རེད། དེའི་ཕྱིར། དུས་ཚོད་གལ་ཆེ་ཤོས་ནི་ཁྱོད་ཀྱིས་ས་བསློགས་པའི་རིང་དེ་ཡིན་ཞིང་། ང་ནི་མི་གལ་ཆེ་ཤོས་དེ་རེད། ཁྱོད་ཀྱིས་ཁོ་བོར་དོན་བཟང་བསྒྲུབས་པ་ནི་ཁྱོད་རང་གི་ལས་དོན་གལ་ཆེ་ཤོས་དེ་རེད། དེའི་རྗེས་སུ་མི་དེ་ངེད་གཉིས་སར་བྲོས་ནས་ཡོང་། དེ་ཡི་དུས་ཚོད་གལ་ཆེ་ཤོས་ནི་ཁྱོད་ཀྱིས་ཁོ་ལ་ལྟ་སྐྱོང་བྱས་པའི་རིང་དེ་རེད། གལ་སྲིད་ཁྱོད་ཀྱིས་ཁོའི་རྨ་ཁར་རྨ་དཀྲིས་བརྒྱབ་མེད་ན་ད་ཆ་ཁོ་ཤི་ཟིན་པའི་ཁར་ཁྱོད་གཉིས་ཞི་འགྲིག་ཀྱང་ཡོང་སྟངས་མེད། དེས་ན་ཁོ་མི་གལ་ཆེ་ཤོས་དེ་ཡིན་ལ། ཁྱོད་ཀྱིས་ཁོ་ལ་གང་བྱས་པ་ནི་ཁྱེད་རང་གི་དོན་དག་གལ་ཆེ་ཤོས་དེ་རེད། དེ་ནས་བསམ་བློ་ཐོངས་དང་། དེ་ཡང་ད་ལྟ་བའི་དུས་ཚོད་ནི་འདི་ཉིད་ལས་མེད་པས་གལ་ཆེ་ཤོས་སུ་གྱུར་ཡོད། རྒྱུ་མཚན་ནི་སྐད་ཅིག་མ་འདི་ཁོ་ནའི་རིང་ང་ཚོར་ནུས་ཤུགས་ཅི་ཡང་ཡོད་པས་སོ། །ཆེས་མཁོ་བའི་མི་ནི་སུ་ཞིག་ཁྱོད་དང་ལྷན་དུ་ཡོད་མཁན་དེ་རེད། མི་སུ་འདྲ་ཞིག་དང་འབྲེལ་བ་ཆགས་པ་སྔོན་ནས་སུས་ཀྱང་རྟོགས་མི་ཐུབ། དེ་བཞིན་ཆེས་གལ་ཆེ་བའི་བྱ་གཞག་ནི་མི་དེ་ལ་ཕན་འདོགས་རྒྱུ་ཉིད་ཡིན། མི་དེ་དང་འཕྲད་པ་མི་ཚེ་འདིའི་ནང་ཁོ་ན་ཡིན་པའི་ཕྱིར་རོ། །