ཆབ་མདོ་ངག་ཕུན།
དེ་རིང་སེམས་སུ་གང་ཞིག་ཤར་བ་རྣམས།།
ཡི་གེར་ཕབ་སྟེ་ཀུན་ལ་བསྒྲགས་ཡོད་ན།།
ལན་གཅིག་ཀློག་དང་ཕན་ལས་གནོད་པ་མེད།།
ཕན་པ་མེད་པའི་སྤྱི་ཚོགས་ཡར་མར་དཀྲུགས།།
དེས་རྐྱེན་རང་རེའི་སྤྱི་དོན་འཐུས་ཤོར་ལས།།
ཕན་པ་སྣེ་གཅིག་ཡོད་པ་མ་མཆིས་སོ།།
ད་ནི་དགོས་མེད་ནང་ཁུལ་འཐེན་འཁྱེར་དག།
མཐོང་བ་ཙམ་གྱིས་རྙིང་རླུང་སྟོད་ལ་འཚང་།།
ད་ནས་བཟུང་སྟེ་ཕན་མེད་འདི་དག་ལ།།
རྣ་བ་གཏན་ནས་མི་བསྟད་ཐག་ཆོད་ཡིན།།
ལ་ལུང་བརྒལ་ནས་བཙན་བྱོལ་་ཡོང་དགོན་ནི།།
བཟའ་རྒྱུ་འཐུང་རྒྱུ་མེད་ནས་ཡོང་བ་མིན།།
ལུས་ལ་གྱོན་རྒྱ་མེད་ནས་དེ་བས་མིན།།
གཅེས་པའི་ཕ་ཡུལ་བཙན་གྱིས་འཕྲོག་པའི་དབང་།།
ལ་ལུང་བརྒལ་ནས་བཙན་བྱོལ་ཡོང་དགོས་བྱུང་།།
དེ་དག་བསམ་ནས་སྤྱི་དོན་བསྒྲུབ་པ་ལས།།
ང་དང་ཁྱོད་ཅེས་རྩོད་པའི་དུས་ཚོད་མིན།།
ལྷག་བསམ་ཡོད་ཅེས་ག་ཚད་བཤད་ན་ཡང་།།
རང་དོན་ཐུག་དུས་གཞན་དོན་བློས་ཀྱིས་བཏང་།།
ཁ་ཞེ་མི་མཚུངས་འཇིག་རྟེན་སྒྱུ་གར་འདིར།།
ག་ནས་བལྟས་ཀྱང་སྙིང་པོ་ཡོད་མ་མཐོང།།
གཞོན་དུས་སྤྱི་པའི་ཞབས་འདེབས་བསྒྲུབས་པའི་དབང་།།
མི་རྣམས་ཡིད་སྨོན་བསྔགས་པའི་མེ་ཏོག་འཐོར།།
འོན་ཀྱང་ལོ་མང་བསཌ་པའི་དགེ་ཚོགས་རྣམས།།
ཉོན་རྨོངས་དབང་གིས་སྐད་ཅིག་རླུང་ལ་བསྐུར།།
བུ་ཕྲུག་གླེན་པས་ཨ་ཕའི་ཀླད་བཅོམ་ལྟར།།
གྱུར་བར་མཐོང་དུས་ཕམ་སེམས་དབང་མེད་སྐྱེས།།
ད་ནི་ཡིད་གཟབ་གནང་དང་གངས་ཅན་པ།།
མི་ཡུལ་ས་ཆ་ལག་མཐིལ་ཙམ་མེད་ཀྱང་།།
སྣང་བ་མཐོན་པོའི་རང་ས་ཡིན་སྣང་ཤར།།
ཕ་ཡུལ་ཕ་ས་འཕྲོག་མཁན་སྣང་མེད་ལུས།།
ནང་ཁུལ་ཚིག་གིས་མདའ་མོ་འཕེན་རེས་བྱེད།།
གཏམ་ལ་མདའ་མོ་མེད་ཀྱང་ཚིག་མདའ་དེས།།
ནང་ཁུལ་མི་སེམས་དུམ་བུ་དབང་མེད་བཏང་།།
སྤྱི་ཚོགས་ལྷིང་འཇཌ་མེད་པར་ཁྲག་ལྟར་དཀྲུཌ།།
དེ་དག་མཐོང་དུས་སེམས་ནང་ན་ཟུག་སྟེར།།
དམར་པོའི་གཞུང་གིས་མི་ལོ་དུ་མའི་རིང་།།
གངས་ཅན་པ་རྣམས་སྡུག་གི་མཐའ་ལ་བརྫངས།།
རིན་བྲལ་མནའ་བོའི་དགོན་རྙིང་དུ་མ་ཞིག།།
གཏོར་བཤིགས་བཏང་སྟེ་ཀླ་ཀློའི་གྲོང་དུ་བསྒྱུར།།
དཔའ་བོ་དཔའ་མོ་དུ་མ་དམར་བསད་བཏང་།།
ལྷ་ཡུལ་ལྟ་བུ་གངས་ལྗོངས་གནས་མཆོག་ལ།།
ཡར་རྒྱས་ཁ་དབྱངས་སྒྲོག་ནས་གཏོར་བཤིཌ་བཏང་།།
གཏེར་ཁ་སྔོག་ནས་རིན་ཆེན་གསེར་དངུལ་འཁྱེར།།
ཁོར་ཡུག་གཏོར་བཤིགས་བསམ་ཡུལ་འདས་པ་བཏང།།
དེ་འདྲའི་སྡུག་རྩུབ་མནར་གཅོད་བཏང་མཁན་ལ།།
མི་སྨྲ་ཁ་རོགས་བསྡད་པ་འདི་ཉིད་མཚར་།།
ནང་ཁུལ་དགག་བཞག་བྱེད་པར་གློག་ལྟར་མྱུར།།
སྐྱེ་བོ་དེ་དག་མཐོང་དུས་ཁོག་གད་ཤོར།།
ནང་ཁུལ་ཕན་ཐོགས་མེད་པའི་རྙོག་གླེང་ལ།།
མགོ་བོ་མ་འཁོར་རྡོག་རྩ་ཆིག་བསྒྲིལ་ཐོགས།།
ནུས་ཤུགས་གང་ཡོད་སྤྱི་དོན་གནང་དགོས་སོ།།
བློ་སྤྲིན་ལས་འོང་བསམ་ཚུལ་དམར་རྗེན་འདི།།
ཀུན་ལ་ཕན་ན་བསམ་སྟེ་འདི་ཉིད་བརྩམས།།
དེ་མིན་དམིགས་ཡུལ་གཞན་པ་གང་ཡང་མེད།།
ཀུན་གྱིས་དེ་དོན་ཡོངས་སུ་རྟོགས་པར་ཤོག།
ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་ 2019/12/27 རེས་གཟའ་པ་སངས་བྱ་བ་ཀུན་ལ་བཟང་ཞེས་པའི་ཉིན་མོར་ཕུལ།
དེ་དེ་ཞིག་ནོ་་་་་་ཁྱོད་ཕོ་ལྷ་གསོ་ཡ་་་་