ཁྲོ་གཏུམ།
བྲེ་སེར་འབྲོང་གི་རྭ་བར་ནས་རྩེད་མོར་གཡེང་མྱོང་བའི་མེས་པོ་དེ་དག
གོ་ལའི་ཆེས་མཐོ་བའི་ས་རྒོད་འདུལ་ཞོར་ལམ་ལ་ཆས་ཤིང་འཚོ་བར་རོལ
དུས་རབས་དུ་མའི་སྔ་ཕྱིའི་བར་ནས་མེས་པོ་དེ་དག་གི་བླ་རུས་འཁུར་ནས་ས་མཐར་ཆས་སོང་བ་མང་བའི་ཁྲོད
རི་གྲོང་གི་ཁུ་སིམ་པའི་མཚན་ལྗོངས་སུ་བྲལ་ཏེ་རྒྱལ་ཁམས་ཀྱི་མཚོ་ཁར་ལྷུང
མཚན་ངོགས་སུ་སྐོམ་ཆུ་ཞིག་བསྐྱོར་བའི་རེ་སྒུག་གི་དབུགས་འབྱིན་རྔུབ་ལས
རང་ཉིད་ནི་ཆེས་མཐོ་སྒང་ནས་ལྷུང་བའི་མི་ཞིག་ཡིན་པ་ཚོར
སེམས་ཤིག་ཡིན་པ་ཚོར
རྒྱུད་པ་ཞིག་ཡིན་པ་ཚོར
གང་ལྟར
མཚོ་རླུང་གི་འོག་དྲི་འདིས་ངའི་བླ་སྲོག་གི་རྒྱུ་རྐ་རྣམས་གཅད་གཏུབ་བྱེད་ལ་ཉེ
རེ་སྒུག་གི་རྦ་རླབས་རེ་རེས་ང་རང་ཁུར་ལ་ཉེ
འདི་ནི་ངས་ཨུ་ཚུགས་ཀྱིས་ཡུལ་སྲོལ་ཞིག་སྲུང་བའི་ཨམ་གཙིགས་ཀྱི་ཞེ་ཁ་རྒོད་ལ་ཤོར་སའང་ཡིན་སྲིད
ཤ་ཉེ་བདེ་མོ
ཚ་བོ་བདེ་མོ
ཞི་ལི་བདེ་མོ
བདེ་མོ་མང་པོ་ཞིག་བརྡ་འཕྲིན་གྱི་བར་ནས་བཙུར་རེ་ཡོང་དུས
ཆེས་རིང་བའི་ས་མཐའི་མཚོ་ཁུག་འདི་ནས་ངས་ང་རང་བདེ་འཇག་གིས་འཚོ་བའི་ལན་གདབས་ཡོད
༢༠༡༢༠/༠༡/༠༧