གཡག་རྫི།
དང་པོ།
མི་ཆུང་ཆུང་ཞིག་གིས་སྐད་ཆ་ཚོན་པོ་རེ་བཤད་དུས་བཤད་མཁན་ངོ་མ་ཚ་ན་ཡང་ཉན་མཁན་ངོ་ཚ་བས་གཅིག་བྱས་ན་སྐད་ཆ་འདི་འདྲ་ཞིག་ངས་བཤད་ན་འཚམས་པོ་མེད་ན་ཐང་མོད་གང་ལྟར་ཉན་མཁན་མེད་ཀྱང་བཤད་ན་འདོད་པའི་སྐད་ཆ་ཡིན་པས་དགོངས་པ་མ་འཚོམ་རོགས། ངས་འདི་ལྟར་བོད་ཀྱི་སེར་མོ་བའི་སྤྱི་ཚོགས་ལ་ཟུར་དང་ལེབ་གང་ནས་བལྟས་ཀྱང་ལོ་རེ་ནས་ལོ་རེ་བཞིན་གྲངས་ཀ་ཇེ་ཉུང་དང་སྤུས་ཀ་ཇེ་ཞན་དུ་འགྱུར་གྱིན་པའི་སྣང་བ་ཞིག་ངང་གིས་ཤར་ཡོང་གི་འདུག །ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་དང་། དཔལ་འབྱོར་མཁོ་སྒྲུབ་ཀྱི་འགྲན་རྩོད། མི་རིགས་མཉམ་འདུས་དང་། རིག་གཞུང་བརྗེ་སྒྱུར་སོགས་ཀྱི་ཚ་རླབས་འཕྱུར་བཞིན་པའི་དེ་རིང་གི་སྤྱི་ཚོགས་ཆེན་པོ་འདིའི་ཡོ་ལངས་ཁྲོད་ཉམས་ཉེས་སུ་འགྲོ་བཞིན་པ་ནི་བོད་ཀྱི་སེར་མོ་བའི་སྡེ་དང་བོད་བརྒྱུད་ནང་བསྟན་ཡིན་པའི་ཚོར་བ་དུས་དང་དུས་སུ་འགོག་མེད་དུ་འཆར་ཡོང་གི་འདུག །གལ་ཏེ་སུ་ཞིག་གིས་བོད་བརྒྱུད་ནང་བསྟན་ནམ་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དེ་གང་དུ་ཡོད་ཅེས་འདྲི་ན་དེ་ནི་གཙོ་བོ་བོད་ཀྱི་བླ་སྤྲུལ་མཁན་གསུམ་གྱི་གཙོས་པའི་བོད་ཀྱི་སེར་མོ་བའི་སྡེའི་ནང་དུ་ཡོད་ཅེས་ལན་གདབ་དགོས་པར་འདོད། དེས་ན་བོད་ཀྱི་སེར་མོ་བའི་སྤུས་ཀ་དང་བོད་བརྒྱུད་ནང་བསྟན་གྱི་བར་ན་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་ཟབ་མོ་ཞིག་ཡོད་ངེས།
གཉིས་པ།
དེ་རིང་གི་དུས་སུ་འཛམ་གླིང་ཤར་ནུབ་གཉིས་པོ་བར་ཐག་ཉེར་སོང་སྟེ། གོ་ལ་ཧྲིལ་བོ་གྲོང་གསེབས་ཤིག་ཏུ་གྱུར་ནས་མི་རིགས། རིག་གཞུང་། སྐད་ཡིག །ཡུལ་སྲོལ་གོམས་གཤིས་སོགས་ཕན་ཚུན་གཅིག་གིས་གཅིག་ལ་ཤུགས་རྐྱེན་ཐེབས་བཞིན་པའི་ཁ་བར་ན་བོད་ཀྱི་སེར་མོ་བའི་སྡེ་སུ་ཞིག་གིས་ཇི་ལྟར་བྱས་ནས་ཕམ་ཉེས་གཏོང་བཞིན་ཡོད། གཅིག་ནི་དགོན་པ་བསྐྱར་གསོ་དང་། རྟེན་བཞེངས་སོགས་སུ་བསྙད་པའི་ཕྱི་ཕྱོགས་ནས་དཔལ་འབྱོར་མཁོ་སྒྲུབ་ཀྱི་ལམ་ལུགས་དེ་དང་། གཉིས་པ་ནི་དཔལ་འབྱོར་དེའི་རྒྱབ་ན་ལངས་པའི་སློབ་མ་དང་། སྦྱིན་བདག་སོགས་སུ་ཁ་གཡར་བའི་མོ་དམག་དེ་ཡིན་པར་འདོད། དེ་རིང་གི་དུས་སུ་ཚན་རིག་ལག་རྩལ་ཡར་རྒྱས་དང་བརྡ་འཕྲིན་ནུས་སྟོབས་གོང་འཕེལ་ལ་སོང་བར་བརྟེན་སྔོན་ཆད་དང་མི་འདྲ་བར་སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་བར་ལ་འབྲེལ་ལམ་གྱི་སྒོ་ཇེ་མང་དང་། འཛམ་གླིང་ཡུལ་གྲུ་གང་སར་འགྲིམ་འགྲུལ་སྟབས་ཇེ་བདེ་ལ་སོང་བ་དང་མཉམ་དུ། བོད་ཀྱི་དགོན་སྡེ་ཁག་ནས་ཕེབས་པའི་སེར་མོ་བ་མང་པོ་ཞིག་གིས་བླ་མ། སྤྲུལ་སྐུ། མཁན་པོ། དགེ་བཤེས། སློབ་དཔོན་སོགས་ཀྱི་མཚན་གནས་དང་། ཕྱག་ཁྱེར་བསྣམས་ཏེ་རྒྱ་ནག་སོགས་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་དང་ཕྱི་རྒྱལ་ཡུལ་གྲུ་སོགས་སུ་ཕེབས་དང་ཕེབས་བཞིན་ཡོད་པ་རེད། ཕྱོགས་གཅིག་ནས་དགོན་སྡེ་ཉམས་གསོ་དང་། ལྷ་སྐུ་རྟེན་བཞེངས། སློབ་གྲྭ་གསར་རྒྱག་སོགས་སུ་བསྙད་དེ་དཔལ་འབྱོར་མཁོ་སྒྲུབ་ཆེད་ལ་ལ་ཚོགས་སྡེའི་ངོ་བོའི་ཐོག་ནས་དང་། འགའ་རེ་སྒེར་བའི་རྣམ་པའི་ཐོག་ནས་ཚོགས་འཚོག་པ་དང་། ཆོས་བཤད་པ། དབང་སྐུར་བ། རྩིས་བྱེད་པ། མོ་འདེབས་པ། ཐ་ན་གཏོར་མ་བཟོས་ཏེ་བཙོང་བ་སོགས་ཐབས་ཤེས་ཡོད་དགུ་རྩལ་དུ་བཏོན་ཏེ་དཔལ་འབྱོར་ཆེ་རག་ཆུང་རག་གི་ཐབས་ལ་འབད་ཀྱི་ཡོད་པར་བཤད། ད་དུང་ཆོས་ཚོགས་གསར་འཛུགས་དང་། ཆོས་ལུགས་རྒྱ་བསྐྱེད། མཆོད་ཡོན་འབྲེལ་བ་སོགས་སྤྱི་སྒེར་མང་པོ་ཞིག་གི་ཁེ་ཕན་འཚོལ་བཞིན་པའི་བོད་ཀྱི་སེར་མོ་བའི་སྡེ་མང་དག་ཅིག་ཕྱི་ཕྱོགས་ཀྱི་ཡུལ་གྲུ་ཁག་ན་འཁྱམས་ཉུལ་བྱེད་བཞིན་ཡོད་པར་གདའ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་མཁན་དག་ནི་ཁྲོད་ན་སྒེར་གྱི་ཁེ་ཕན་ཙམ་དོན་དུ་གཉེར་མཁན་མ་ཡིན་པར་དགོན་སྡེ་དང་སློབ་གྲྭ་སོགས་ཀྱི་ཁ་གསོ་མཁན་དང་སྤྱི་ཚོགས་ལ་གཟིགས་རྟོག་གནང་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་རེད།
གསུམ་པ།
ཕྱོགས་གཅིག་ནས་བཤད་ན་གནས་ཡུལ་གང་དུ་ཡོད་ཀྱང་རྒྱལ་ཁབ་དེའི་བཅའ་ཁྲིམས་དང་མི་འགལ་ཞིང་། འགྲོ་བ་མིའི་རིགས་ཀྱི་ཡ་རབས་བཟང་སྤྱོད་དང་མཐུན་པའི་ཐོག་ནས་སོ་སོའི་ཁེ་ཕན་འཚོལ་བ་སོགས་ཅི་ཞིག་བྱས་ཀྱང་དེ་ནི་སོ་སོའི་འཇོན་ནུས་དང་། རང་རང་གི་ཁེ་དབང་གཙང་མ་ཞིག་ཡིན་པས་སུ་ཞིག་གིས་ཅི་ཡང་བཤད་མི་འོས་ན་ཡང་། གཅིག་ནས་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་ཏེ་བོད་ཀྱི་སངས་རྒྱས་ཀྱི་ཆོས་ལུགས་ནི་མེས་པོ་གོང་མ་དག་གིས་དཀའ་ཚགས་འོ་བརྒྱལ་ལ་མ་འཛེམས་པར་བོད་ཀྱིི་སྐད་ཡིག་གི་ཐོག་ལ་བསྒྱུར་ཏེ། དེ་རིང་གི་བར་དུ་ཉར་ཚགས་གནང་སྟེ་ཡོང་བ་རེད་ལ། དེ་རིང་གི་དུས་སུ་ཡང་བོད་ལ་ལེགས་བྱང་ཞིག་ཡོད་པ་ནི་རིག་གནས་འདི་ཁོ་ན་ཡིན་པའི་འདུ་ཤེས་སུ་ལའང་རྙེད་དགོས་པ་དང་། གཉིས་ནས་འདིའི་དོན་གྱི་བདག་པོ་སྟེ་བོད་ཀྱི་རབ་བྱུང་བའི་སྡེའི་ཆགས་འཇིག་དང་རིག་གཞུང་འདི་ཉིད་གནས་དང་མི་གནས་ཀྱི་བར་ན་འབྲེལ་བ་དམ་པོ་ཞིག་ཡོད་པར་སྙམ་ན་འདིའི་ཕྱི་ནང་བར་གསུམ་གང་དུའང་གནོད་པའི་རིགས་ཕྲ་མོ་ཙམ་རེ་བྱུང་ཡང་དེ་ལ་ཕངས་སེམས་དང་འགྱོད་པ་མི་བྱེད་པའི་སེམས་ལྡན་སུ་ཡོད་ཨང་། གསུམ་ནས་མི་རིགས་ཉུང་ཉུང་འདིའི་ནང་གི་གྲངས་ཀ་ཆེས་ཉུང་བའི་བོད་ཀྱི་སེར་མོའི་སྡེའི་ཆ་ཤས་དང་ཟུར་སྣེ་རེ་ཉམས་ཆག་ཏུ་སོང་ན་ཡང་དེ་ནི་མི་རིགས་འདི་དང་རིག་གཞུང་འདིར་གསབ་ཏུ་མེད་པའིི་གྱོང་གུད་ཅིག་ཅི་ལ་མིན་ནམ་སྙམ་ན་རང་དགར་འཇོག་རུང་བ་ཞིག་མིན་པར་འདོད།
བཞི་པ།
བོད་བརྒྱུད་ནང་བསྟན་དང་བོད་ཀྱི་སེར་མོ་བའི་སྡེ་ནི་རྒྱ་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་དང་། ཡེ་ཤུའི་ཆོས་སྤེལ་བ། ཀྲུང་གོའི་སྲིད་གཞུང་སོགས་ཆོས་ལུགས་པ་དང་ཆབ་སྲིད་པ་མང་པོ་ཞིག་གི་མིག་ལ་མི་འགྲོ་ཞིང་སེམས་ལ་བབས་ཀྱིན་མེད་པ་དང་། བོད་ཀྱི་སེར་མོ་སྡེ་ནི་བོད་བརྒྱུད་ནང་བསྟན་གྱི་སྲོག་རྩ་ཡིན་པ་ཁོ་པ་དག་གིས་སྔ་མོ་ནས་ཤེས་ཡོད་པས། བོད་བརྒྱུད་ནང་བསྟན་རྩ་མེད་བཟོ་དགོས་ན་བོད་ཀྱི་སེར་མོ་བའི་སྡེ་ཕམ་ཉེས་གཏང་དགོས་པའི་འཆར་གཞི་འདིང་མཁན་མི་ཉུང་བ་ཞིག་ཡོད་སྐད་འདུག །
དེ་ཡང་ཕལ་ཆེར་བདེན་ལས་ཆེ་སྟེ། གཅིག །དཔལ་འབྱོར་འབེལ་བོ་ཡོད་མདོག་དང་། དད་པ་ཆེན་པོ་ཡོད་ཁུལ་སྟོན་པའི་རྒྱ་རིགས་སོགས་ཀྱི་བུད་མེད་མང་པོ་ཞིག་བོད་ཀྱི་བླ་མ་དང་གྲྭ་བ་མང་པོའི་སྦྱིན་བདག་དང་སློབ་མར་བསྙད་དེ་བོད་ཀྱི་སེར་མོ་བ་མང་པོ་རྗེས་འདེད་གཏོང་བ་མཐོང་དུ་ཡོད་པ་དང་། གཉིས། དཔེར་ན་དགུན་དུས་ལྟ་བུར་རྡོ་རྗེ་གདན་སོགས་སུ་སྨོན་ལམ་དང་གསུང་ཆོས་ཀྱི་དུས་སུ་ནམ་རྒྱུན་དང་མི་འདྲ་བར་རྒྱ་མོ་མང་དག་ཅིག་སྲིད་གཞུང་གི་བཀག་འགོག་གང་ཡང་མེད་པར་ཐད་ཀར་བོད་ཀྱི་བླ་མ་གྲྭ་བ་གང་དུ་འཛོམས་ཡོད་སར་ཡོང་ཆོག་པའི་ལག་འཁྱེར་ཐོབ་ཅིང་ཡོང་ཐུབ་པ་དང་། གསུམ། དེ་དག་གིས་དུས་དང་དུས་སུ་གླགས་བལྟ་ཞིང་གླགས་ཅུང་ཙམ་རེ་རྙེད་སྐབས་ད་གཟོད་ཁོང་ཚོས་བོད་ཀྱི་བླ་མ་དང་གྲྭ་བས་འདི་དང་འདི་ལྟ་བུ་བྱས་སོང་ཞེས་ཡིག་ངག་གཉིས་ཐོག་ནས་ཁྱབ་བསྒྲགས་སྤེལ་བ་དང་མཉམ་དུ་གཞུང་འབྲེལ་དང་ཚོགས་སྡེ་ཁག་མང་པོས་བདེན་རྫུན་གང་ཡང་མི་དཔྱོད་པར་གསར་ལམ་ཆེ་མ་ཆུང་གསུམ་ནས་བསྒྲགས་ཀྱང་བྱེད་པ་སོགས་ལ་བལྟས་ན་ཁོང་ཚོའི་རྒྱབ་ན་གབ་པའི་མི་མངོན་པའི་སྲིད་གཞུང་གང་ཞིག་དང་ཚོགས་སྡེ་སུ་ཞིག་གིས་ལྐོག་ཇུས་ཅི་ཞིག་འཐེན་བཞིན་ཡོད་པ་གཞི་ནས་ཤེས་ཐུབ་སྙམ། དེ་ལ་བརྟེན་ནས་རབ་བྱུང་བའི་སྡེ་སྤྱི་ལ་མཚན་ཤས་བཟོ་བ་དང་། ཆེ་མཐོང་ཉམས་པ། ཁྱིམ་པ་སུན་འབྱིན་གྱི་ལས་སུ་གྱུར་ནས་དགེ་འདུན་པའི་སྡེ་ལ་ཁ་གཏང་སྐུར་འདེབས་བྱེད་མཁན་མི་ཉུང་བ་ཞིག་ཡོད་པ་ཀུན་གྱིས་མཐོང་གསལ་རེད་ལ། གནད་དོན་ཅུང་ཙམ་རེ་ལྷགས་རྗེས་བོད་ཀྱི་སེར་མོ་བའི་སྡེ་ནས་ཤེས་ཡོན་དང་འཇོན་ཐང་གང་གི་ཆ་ནས་ཀྱང་མ་འོངས་པར་རེ་བ་བྱེད་ཆོག་པའི་བླ་སྤྲུལ་མཁན་གསུམ་གཙོས་སུ་ཡིན་ཡང་འབུར་འཇོམ་བྱས་དང་བྱེད་བཞིན་པ་ནི་སུས་ཀྱང་ཤེས་གསལ་ཡིན་པས་ཅི་འདྲའི་ཕངས་སེམས་ཆེ་བ་ཞིག་རེད།
ལྔ་པ།
སྤྱིར་བཏང་བཤད་ན་བླ་མ་དང་མཁན་པོ་སོགས་ཀྱི་མིང་ཅི་ཞིག་བཏགས་ཀྱང་ཉོན་མོངས་པ་གཏན་ནས་མ་སྤངས་ཤིང་། འདོད་ཡོན་ལ་ཞེན་ཆགས་གཅོད་མ་ཐུབ་ན་སྐྱེ་བོ་རང་དགའ་བ་རྣམས་དང་ཨ་ན་མ་ན་རེད། འདོད་པ་མ་སྤངས་པའི་སྐྱེས་པ་དག་ལ་མཚོན་ན་སླུ་བྲིད་གཏོང་བྱེད་ཀྱི་དངོས་པོ་ཆེས་ཡག་ཤོས་དེ་བུད་མེད་ཡིན་པ་དང་། དེང་གི་སྤྱི་ཚོགས་འདིར་ཚོགས་སྡེ་གང་དུའང་’’རྩམ་སྐྱ་འགམ་ཞོར་གླིང་བུ་འབུད་འདོད་’’ཅན་གྱི་མངོན་ལྐོག་མི་མཚུངས་པའི་ལས་ཀ་ལས་མཁན་གྱི་མི་མང་དག་ཅིག་ཡོད་པ་དང་། བོད་བརྒྱུད་ནང་བསྟན་གྱི་སེར་མོ་བ་ཞིག་ལ་མཚོན་ན་མོ་ཁ་བརྒྱབ་པ་ནི་སེར་མོ་བའི་སྡེ་ནས་ཕམ་ཉེས་གཏོང་བྱེད་ཨང་དང་པོ་དེ་ཡིན་པ་སོགས་ཀྱི་རྐྱེན་པས་གནད་དོན་འདི་དག་ཡོང་གི་ཡོད་པར་འདོད། དེས་ན་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་དེ་འཛིན་གྱི་སྐྱེས་བུ་ལ་ཤ་ཞེན་ཡོད་པའི་དགོན་པ་གྲྭ་ཚང་བླ་བྲང་ཆོས་ཚོགས་སོགས་ཚོགས་པ་དང་མི་སྒེར་སུ་ཡིན་ཡང་རང་ཉིད་ལ་འཁྲི་བའི་འགན་དེ་ཅི་ཞིག་ཡིན་པ་ངོས་ཟིན་པའི་ཐོག་ནས། ཁོངས་སོ་སོའི་སྒྲིག་འཛུགས་དོ་དམ་བྱེད་ཕྱོགས་ཇེ་ལེགས་སུ་བཏང་སྟེ། རང་ལམ་རང་འཚོལ་གྱིས་ཕྱི་གཙང་ནང་གཙང་གི་བོད་ཀྱི་རབ་བྱུང་བའི་སྡེ་ཞིག་ཅིས་ཀྱང་གསོ་སྐྱོང་བའི་རེ་བ་ཞུ། ཕྱི་ལོ་༢༠༡༩ཟླ་༡༢ཚེས་༢༧ལ་ཕུལ།
གཡག་རྫིས་བྲིས་པའི་བོད་མག་གི་འཇིགས་པ་འདི། བརྗོད་བྱའི་སྐོར་ལ་ངའི་གང་ཡང་ཞུ་མི་ཐུབ་ཀྱང་། རྗོད་བྱེད་བོད་ཡིག་དང་། བོད་སྐད་ཀློག་་བདེ། གོ་བདེ། སེམས་ལ་འཇགས་བདེ་བ་ཞིག་བྲིས་འདུག མུ་མཐུད་ནས་བྲིས་ན་ནང་ཆོས་འཕེལ་རྒྱས་ལ་ཕན་ཐོགས་མིན་ངས་མི་ཤེས་ཀྱང་། བོད་སྐད་བོད་ཡིག་ཡར་རྒྱས་འགྲོ་བ་ལ་ཕན་མི་ཐོགས་པ་མི་སྲིད་པ་ཞིག་རེད་འདུག་པས། མུ་མཐུད་ནས་ཕྲིས་ཤིག་གུ། །།
སྒོ་སྒྲུབ་དང་ཚན་རིག་གི་སྐོར་ལ།
https://www.facebook.com/VoiceofTibet/videos/600185097477495/UzpfSTEwMDAwMTkyNTU5MDAwODozMDYwNjExMjk0OTk0MTQ6NzU6MDoxNTgwNTQzOTk5OjYxOTk0NjY1NjM0Nzc4NDE5NTA/?__tn__=%2CdC-R-R&eid=ARDIXiIoS9ldI7R8Ojy9pYQzLH0fsonlRjS4Ku-qEBTzsZTs7skRRAyAhtkzVHqQa5kMzPqhIvJ6ezdv&hc_ref=ARRFdWcSBhiSeK_l6jEqZGIUcuoGThlI_ZFYw8JpPv-mLs9kL4neL8Wlt3uuXJLoJs8&fref=nf
བསམ་འཆར་ཡག་པོ་བྲིས་འདུག ཡིན་ནའང་ཉན་མཁན་དཀའ་མོ་རེད། སྤྱིར་ནི་དུས་སྙིགས་མ་རེད། གཉིས་ནས་བུད་མེད་ཚོ་བསླུ་བྲིད་མཁས་པ་རེད། གསུམ་ནས་རབ་བྱུང་བ་ཚོས་མི་བལྟ་དགུ་བལྟའི་གློག་བརྙན་ལྟ་རྒྱུའི་ཆ་རྐྱེན་ཚང། བཞི་ནས། ཕོ་མོའི་དབར་ལྐོག་འབྲེལ་བྱེད་རྒྱུའི་ཆ་རྐྱེན་ཕུན་སུམ་ཚོགས། ལྔ་ནས། རྩེ་མཁན་པོ་ནས་སྒྲིག་འོག་ཏུ་ཚུད་མེད། དྲུག་ནས། གྲྭ་ཚང་དགོན་སྡེ་ཆོས་རྒྱུད་ནང་ཕན་ཚུན་དགེ་འདུན་གྱི་གྲངས་ཚད་ལ་འགྲན་བསྡུར་ཆེ་བས་ཉ་ཉུང་ཚང་མ་དགོན་པར་བཙུད་རྐྱང་བྱས། བདུན་ནས། དམངས་གཙོ་དང་རང་དབང་ཡོད་རབས་བཤད་ནས་ཅི་བྱེད་ཀྱང་ཆོག་ཚུལ་གྱི་ལུགས་ངན་དར། ད་ཁག་པོ་ཆགས་ཡོད་རེད། དགོན་པ་རྣམས་ཀྱང་དབེན་གནས་སུ་མི་འདེབས་པར་རྒྱ་གྲོང་དུ་བཏབ་པས་ཆང་རག་བུད་མེད་སོགས་གང་ལ་སྤྱོད་ཀྱང་སྒོ་ཁར་ཡོད་དུས། ངེས་འབྱུང་མེད་པའི་ཕོ་རྒོད་དེ་ཚོ་ཤིན་ཏུ་ནས་འདུལ་དཀའ་བ་རྟ་རྒོད་བཞིན་ནོ།