༄༅། །སྒྱུར་མཁན་གྱི་གསལ་བཤད། མང་ཆེ་བས་ལམ་ཙམ་མཁྱེན་གསལ་ལྟར་ <<བྱ་གཏོར་བོད་ཀྱི་ལས་དབང་།>> ཞེས་པའི་བོད་དོན་སྐོར་གྱི་རྒྱ་ཡིག་དེབ་འདི་ནི་རྒྱ་ནག་ནང་དང་། རྒྱ་ནག་ཕྱི་ལོག་གི་རྒྱ་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པའི་དེབ་ཅིག་རེད། དེབ་འདིའི་རྩོམ་པ་པོ་ནི་རྒྱ་ནག་ཏུ་ཡོད་པའི་སྐུ་ཞབས་ཝང་ལི་ཞུང་(Wang Lixiong)ཡིན་པ་དང་། ཁོང་གི་སྐུ་ཟླ་ནི་བོད་རིགས་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་རེད།
ཝང་ལི་ཞུང་གིས་ཉེ་ཆར་ཕྱི་ལོ་ ༢༠༡༩ ཟླ་བ་ ༡༢ ཚེས་ ༣༡ ཉིན་ཡུ་ཁྲུབ་(Youtube)དྲྭ་ལམ་ཐོག་ <<ཁྲོམ་རྭ་མེད་པའི་དེབ།>> ཅེས་པའི་བརྙན་ཐུང་ལེ་ཚན་ཞིག་གསར་བཟོ་གནང་སྟེ། ཁོང་གིས་མི་ལོ་བཅོ་ལྔའི་དུས་ཡུན་ནང་འབྲི་རྩོམ་གནང་བའི་ <<ཡང་སྲིད།>> ཅེས་པའི་དཔེ་དེབ་གསར་པ་འདི། ཡུ་ཁྲུབ་དྲྭ་ལམ་བརྒྱུད་ཀློག་ནས་ངོ་སྤྲོད་བྱེད་རྒྱུ་ཡིན་ཞེས་དངོས་སུ་གསལ་བསྒྲགས་གནང་འདུག
སྐུ་ཞབས་ཝང་ལི་ཞུང་གི་བརྙན་ཐུང་དེའི་ནང་། <<ཁྲོམ་རྭ་མེད་པའི་དེབ།>> ཞེས་པའི་ཡུ་ཁྲུབ་བརྙན་ཐུང་ལེ་ཚན་བཟོ་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་བའི་ནང་དོན་རྣམས་རྒྱ་སྐད་མ་མཁྱེན་པའི་དྲྭ་གྲོགས་ཚོས་མཁྱེན་རྟོགས་ཡོང་བའི་ཆེད་གུས་པས་གཟའ་སྤེན་པ་དང་ཉི་མའི་གུང་གསེང་དུས་ཚོད་བེད་སྤྱད་ནས་བོད་ཡིག་ཏུ་སྒྱུར་ཏེ་གཤམ་དུ་བཀོད་ཡོད་པས་ཐུགས་ཕན་གསོ་བའི་རེ་བ་ཡོད། བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་དྲུང་ཆེ་ཟུར་པ་ཀུན་དགའ་བཀྲ་ཤིས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཡིག་ཏུ་སྒྱུར།
<<ཁྲོམ་རྭ་མེད་པའི་དེབ།>>
ཚང་མར་བཀྲ་ཤིས་བདེ་ལེགས། ང་ཝང་ལི་ཞུང་ཡིན། རྒྱ་ནག་པེ་ཅིང་ནས་ཡུ་ཁྲུབ་དྲྭ་ལམ་བརྒྱུད་ཁྱེད་ཚོ་དང་མཇལ་བ་ཐེངས་དང་པོ་རེད། དེ་རིང་ནི་ཕྱི་ལོ་ ༢༠༡༩ ཟླ་བ་ ༡༢ ཚེས་ ༣༡ དང་ལོ་འདིའི་ནང་གི་ཉིན་མ་མཐའ་མ་དེ་རེད། གལ་སྲིད་དཀའ་ངལ་མ་བྱུང་ན་ཡིན་ན། བརྙན་ཐུང་འདི་སང་ཉིན་ ༢༠༢༠ ལོའི་ཉིན་དང་པོར་རྒྱང་བསྲིངས་ཐུབ་རྒྱུ་རེད། ལོ་གསར་པ་འདིའི་ནང་ཁྱེད་ཚོའི་བསམ་དོན་འགྲུབ་པ་དང་། རང་སོ་སོའི་ཕུགས་བསམ་མངོན་འགྱུར་ཡོང་བ། ང་ཚོ་མི་རེ་ངོ་རེ་དང་། ང་ཚོའི་རྒྱལ་ཁབ། དེ་བཞིན་སྤྱི་ཚོགས་ཁྱོན་ཡོངས་བཅས་སྔར་ལས་ཡག་ཏུ་འགྲོ་བའི་སྨོན་འདུན་ཞུ་རྒྱུ་ཡིན།
ཐོག་མར། ངས་ཡུ་ཁྲུབ་དྲྭ་ལམ་འདི་འདྲ་ཞིག་བཟོ་དགོས་པའི་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་བྱེད་འདོད་བྱུང་། ང་ནི་རྩོམ་པ་པོ་ཞིག་ཡིན་པ་དང་། རྩོམ་པ་པོའི་ལས་ཀ་ནི་རྩོམ་ཡིག་འབྲི་བ་དང་། དཔེ་དེབ་དཔར་སྐྲུན་གྱི་ལམ་ནས་འཛམ་གླིང་དང་བསམ་ཚུལ་སྤེལ་རེས་བྱེད་རྒྱུ་དེ་ཡིན་པ་ལས་བརྙན་ཐུང་བཟོ་རྒྱུ་འདི་མ་རེད། ཡིན་ན་ཡང་ངས་ལོ་བཅོ་ལྔའི་རིང་བྲིས་པའི་《ཡང་སྲིད།》ཅེས་པའི་བརྩམས་སྒྲུང་རིང་པོ་དེ་ཉེ་ཆར་བྲིས་ཚར་བ་དེ་ལྟར་ཡང་དཔར་སྐྲུན་བྱེད་རྒྱུར་འབྲེལ་བ་བྱེད་པའི་བརྒྱུད་རིམ་ནང་དཀའ་ངལ་འཕྲད་པའི་རྒྱུ་མཚན་གྱིས་དཔར་སྐྲུན་གྱི་ཐབས་ལམ་གསར་པ་ཞིག་མ་འཚོལ་ཐབས་མེད་ཡིན་པར་བསམ་གཞིགས་བྱེད་དགོས་བྱུང་།
སྲོལ་རྒྱུན་གྱི་དཔར་སྐྲུན་བྱེད་སྟངས་ཀྱིས་བདག་ལྟ་བུའི་རྩོམ་པ་པོར་མཚོན་ན་མུ་མཐུད་དེ་ཕན་ཐོགས་ཡོང་རྒྱུ་དཀའ། གཤམ་དུ་ངས་རྒྱབ་ལྗོངས་ཀྱི་གནས་ཚུལ་ངོ་སྤྲོད་ཞིབ་ཙམ་བྱེད་ཀྱི་ཡིན། རྒྱ་ནག་སྐམ་ས་ཆེན་པོར་དཔེ་དེབ་དཔར་སྐྲུན་ཞིབ་བཤེར་གང་འདྲ་བྱེད་ཀྱི་ཡོད་མེད་ཚང་མས་ཧ་ཅང་གསལ་པོ་མཁྱེན་གྱི་ཡོད་སྟབས་འགྲེལ་བརྗོད་ཞིབ་ཕྲ་བྱེད་དགོས་མ་མཐོང་། རྒྱ་ནག་ནང་དཔེ་དེབ་དཔར་སྐྲུན་བྱེད་རྒྱུར་བཀག་སྡོམ་ཡོད་པ་མ་ཟད། མི་ལ་ཡང་བཀག་སྡོམ་དོ་དམ་བྱེད་ཀྱི་ཡོད། དམིགས་རྟགས་རྒྱབ་ཟིན་པའི་མི་ཞིག་གིས་བྲིས་པའི་དེབ་ཅིག་ཡིན་ན། དེབ་ཀྱི་ནང་དོན་ག་རེ་ཡིན་མིན་ལ་མ་ལྟོས་པར་དཔར་སྐྲུན་བྱེད་ཆོག་གི་མེད། ང་རང་ཡང་དེ་ཁོངས་ཀྱི་གཅིག་ཡིན་པ་དང་། ངའི་གྲོོགས་པོ་ཁ་ཤས་ཀྱང་དེ་རིགས་ཀྱི་རྩོམ་པ་པོ་ཡིན་ཞིང་། ངས་དེ་ཚོར་དཔར་སྐྲུན་མི་ཆོག་པའི་དེབ་ཀྱི་རྩོམ་པ་པོ་ཞེས་བརྗོད་ཀྱི་ཡོད།
དཔར་སྐྲུན་མི་ཆོག་པའི་དེབ་ཟེར་དུས། ཕྱི་རྒྱལ་ནས་རང་དབང་ཐོག་དཔར་སྐྲུན་བྱས་པའི་ཆབ་སྲིད་ཀྱི་དང་འབྲེལ་བ་ཡོད་པའི་དེབ་དེ་ཚོར་ཟེར་གྱི་མེད། གང་ཡིན་ཟེར་ན། དེབ་དེ་ཚོ་ཕྱི་ལོག་ལ་དཔར་འགྲེམས་བྱེད་རྒྱུར་བཀག་སྡོམ་བྱེད་པའི་དབང་ཆ་ཡོད་པ་མ་རེད། ཡིན་ན་ཡང་དེབ་དེ་ཚོ་རྒྱ་ནག་སྐམ་ས་ཆེན་པོར་འཁྱེར་ཡོང་རྒྱུར་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད། ང་དང་ང་འདྲ་བའི་རྒྱ་ནག་སྐམ་ས་ཆེན་པོའི་རྩོམ་པ་པོས་བྲིས་པའི་བརྩམས་ཆོས་རྣམས་འབྲི་རྩོམ་ཚར་རྗེས་པར་སྐྲུབ་བྱེད་ཆོག་གི་མེད། ང་ཚོས་དེབ་བྲིས་པ་ནི་ཁྲོམ་རྭའི་ཆེད་དང་མིང་གྲགས་ཀྱི་ཆེད་དུ་མ་ཡིན་པར། གནས་ཚུལ་ངོ་མ་དང་། བདེན་དོན་ངོ་སྤྲོད་ཀྱི་ཆེད་དུ་རེད། དེ་འདྲའི་དམིགས་ཡུལ་བཟུང་མཁན་རྩོམ་པ་པོ་དེ་ཚོར་འདས་པའི་ལོ་ཉི་ཤུ་སུམ་ཅུའི་ནང་དཔེར་ན། བདག་ལྟ་བུས་བྲིས་པའི་དེབ་རྣམས་ལོ་ཉི་ཤུ་སུམ་ཅུའི་རིང་རྒྱ་ནག་ནང་པར་སྐྲུན་བྱེད་ཆོག་གི་མེད་ལ། བརྩམས་ཆོས་རྣམས་འཛིན་ཁང་དང་། བརྒྱུད་ལམ། མང་ཚོགས་དང་སྤྱི་ཚོགས་བཅས་གང་དུའང་བཀག་སྡོམ་བྱས་ཡོད། དེ་ལྟ་བུའི་ཧ་ལམ་འགུལ་བསྐྱོད་བྱེད་ས་གང་ཡང་མེད་པའི་གནས་སྟངས་འོག་གང་འདྲ་བྱས་ནས་འབྲི་རྩོམ་དང་། པར་སྐྲུན་བྱེད་དགོས་ཀྱི་རེད་དམ། རྒྱ་ནག་གི་ཕྱི་ལོག་དང་། ལྷག་པར་དུ་ཧོང་ཀོང་དང་། ཐེ་ཝན་དུ་དཔར་སྐྲུན་བྱེད་སའི་ཁོར་ཡུག་ཅིག་ཡོད་པ་དེ་ནི་དངོས་གནས་དཀོན་མཆོག་གིས་རྒྱ་ནག་དང་རྒྱ་ཡིག་ཤེས་མཁན་རྣམས་ལ་བཞག་པའི་རང་དབང་གི་སྒེའུ་ཁུང་གཉིས་པོ་དེས་ང་ཚོར་དབུགས་གཏོང་བཅུག་པ་དང་། སྐད་རྒྱག་བཅུག་གི་ཡོད། ཅེས་བརྗོད་ཆོག
འདས་པའི་ལོ་ཉི་ཤུ་སུམ་ཅུའི་ནང་ངའི་དེབ་ཚང་མ་རྒྱ་ནག་ཕྱི་ལོག་ལ་པར་སྐྲུན་བྱས་ཡོད། ཉེ་ལམ་ལོ་ཤས་ནང་མང་ཆེ་བ་ཐེ་ཝན་དུ་པར་སྐྲུན་བྱས་པ་རེད། ཕྱི་ལོག་ལ་དཔར་སྐྲུན་གྱི་ཁོར་ཡིག་ཅིག་ཡོད་པའི་རྒྱུ་མཚན་གང་ཡིན་ནམ་ཟེར་ན། དེ་ནི་རང་དབང་ཡོད་པ་ཕུད། ད་དུང་ཁྲོམ་རྭ་ཡོད་པས་ཡིན། ཕྱི་ལོག་ནས་དེབ་པར་སྐྲུན་བྱེད་པ་ནི་ལྟ་བར་མོས་མཐུན་ཡོད་པ་རྐྱང་པའི་ཐོག་ནས་པར་སྐྲུན་བྱས་པ་མ་ཡིན་པར། ཁྲོམ་རྭའི་རྒྱབ་རྟེན་ཡོད་པ་ལ་བརྟེན་ནས་པར་སྐྲུན་བྱེད་ཐུབ་ཀྱི་ཡོད།
རྒྱ་ནག་ནང་ལོག་ཏུ་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་ནས་དེབ་དཔར་སྐྲུན་བྱེད་རྒྱུར་འགོག་རྐྱེན་ཡོད་པ་དང་། རྒྱ་ནག་ཕྱི་ལོག་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ནས་འགོག་རྐྱེན་ཡོང་གི་ཡོད་སྟབས། ཁྲོམ་རྭ་མེད་ན་དེབ་དཔར་སྐྲུན་བྱེད་ཐུབ་ཀྱི་མེད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་འདས་པའི་ལོ་ ༣༠།༤༠ ནང་རྒྱ་ནག་དེ་ཕྱི་ཕྱོགས་ལ་སྒོ་ཕྱེ་བའི་རྒྱུ་མཚན་ལ་བརྟེན་ནས་རྒྱ་ནག་གི་རྒྱ་མི་ཧ་ཅང་མང་པོ་ཞིག་ཕྱི་ལ་འགྲོ་ཐུབ་པ་དང་། ཕྱི་ལོག་གི་རྒྱ་རིགས་མང་པོ་ཞིག་རྒྱ་ནག་ཏུ་ཡོང་ནས་ཡུལ་བསྐོར་སྤྲོ་འཆམ་སོགས་ཀྱི་མིང་ཐོག་ཕན་ཚུན་འབྲེལ་བ་ཡོང་གི་ཡོད་པའི་རྨང་གཞིའི་འོག་གོང་དུ་བཤད་པའི་ཁྲོམ་རྭ་དེ་གནས་ཐུབ་པ་བྱུང་ནས་རྒྱ་ནག་ཕྱི་ལ་འགྲོ་མཁན་དང་། རྒྱ་ནག་ནང་ལ་ཡོང་མཁན་རྒྱ་རིགས་རྣམས་དཔེ་དེབ་ཚོང་ཡུལ་གཙོ་བོར་གྱུར་ཡོད།
དཔེར་ན། ཕྱི་ལོ་ ༡༩༩༡ ལོར་པར་སྐྲུན་བྱས་པའི་ངའི་དེབ་ 黄祸 <Yellow Peril> ཞེས་པ་དེ་ཉོ་མཁན་མང་ཤོས་ཧོང་ཀོང་དུ་རེད། མེ་ལོང་གསར་ཁང་གི་སྐུ་ཞབས་ཧོ་ཕིང་གིས་གསུང་པ་ལྟར་ན། དེ་སྔ་ནག་ཚོང་རྒྱག་མཁན་གྲུ་གཟིང་ཞིག་ཆེད་མངགས་ཧོང་ཀོང་དུ་ཡོང་ནས་<Yellow Peril > གྲངས་ལྔ་བརྒྱ་ཉོས་ཏེ་ཁྲིམས་འགལ་ཐོག་རྒྱ་ནག་ལ་ཚོང་འགྲེམས་ཆེད་འཁྱེར་ཡོད་པ་རེད། ཡིན་ན་ཡང་ཕྱིས་སུ་རྒྱ་ནག་ནང་དེབ་དེ་རྐུ་བཤུས་བྱེད་མཁན་མང་པོ་བྱུང་སྟབས་ཧོང་ཀོང་ནས་ཉོས་ཏེ་རྒྱ་ནག་ཏུ་ནག་ཚོང་གི་ངོ་བོར་དབོར་དགོས་ཀྱི་མེད། <Yellow Peril >རྒྱ་ནག་ཏུ་རྐུ་བཤུས་བྱསཔའི་གྲངས་འབོར་དེ་ཁྲི་ཚོ་ཁ་ཤས་ཡིན་པར་ཚོད་དཔག་བྱེད་མཁན་ཡོད་པ་ལས་གྲངས་ཀ་ཏག་ཏག་ཅིག་བརྗོད་རྒྱུ་ཁག་པོ་རེད། ཡིན་ན་ཡང་ཧོང་ཀོང་དུ་དཔེ་དེབ་ཚོང་ཁང་ལ་དམ་བསྒྲགས་བྱས་པའི་གནས་ཚུལ་བྱུང་རྗེས། ཧོང་ཀོང་དུ་དཔེ་དེབ་ཚོང་འགྲེམས་ལ་དཀའ་ངལ་འཕྲད་ནས་ཚོར་བ་སྐྱེན་པའི་དཔེ་དེབ་དཔར་སྐྲུན་དང་ཚོང་འགྲེམས་བྱེད་རྒྱུ་ནི་རྩ་བའི་ཆ་ནས་མེད་པར་གྱུར་ཏེ་དཔེ་དེབ་ཚོང་འགྲེམས་བྱེད་སའི་ཁྲོམ་རྭའི་གནས་བབ་མྱུར་པོའི་ངང་ཞན་དུ་ཕྱིན་ནས་པར་སྐྲུན་གྱི་ཚོང་གཉེར་བྱེད་མཁན་རྣམས་རིམ་གྱིས་ཚོང་ཁང་སྒོ་བརྒྱབ་པ་དང་། གནས་སྤོ་བའམ་ཡང་ན་ཚོང་གཉེར་ཐབས་ལམ་སྒྱུར་བ་བཏང་བའི་གནས་སྟངས་འོག ཧོང་ཀོང་གི་དཔེ་དེབ་ཚོང་ཁང་ནང་རྩ་བའི་ཆ་ནས་ཚོར་བ་སྐྱེན་པའི་དེབ་རིགས་མཐོང་རྒྱུ་མེད་པ་དང་། དཔར་སྐྲུན་ཁང་གིས་ཚོར་བ་སྐྱེན་པའི་དཔེ་དེབ་པར་སྐྲུན་བྱེད་མི་ཕོད་པར་བརྟེན། ང་ཚོའི་ངོས་ནས་བཤད་ན་ཧོང་ཀོང་གི་དཔེ་དེབ་པར་སྐྲུན་དང་འགྲེམས་སྤེལ་གྱི་གནས་སྟངས་དེ་ཤི་བ་དང་གཅིག་མཚུངས་ཆགས་ཡོད།
ཐེ་ཝན་དུ་ཁྲིམས་སྒོ་རང་བཙན་ཡིན་སྟབས་ཧོང་ཀོང་དང་འདྲ་བའི་དཀའ་ངལ་མེད་ཀྱང་། ཁྲོམ་རྭའི་གནས་སྟངས་ཧོང་ཀོང་དང་འདྲ་བར་ཧ་ཅང་ཞན་དུ་ཕྱིན་ཡོད། རྒྱ་ནག་ནང་པར་སྐྲུན་བྱེད་མི་ཆོག་པའི་དེབ་རིགས་ཐེན་ཝན་དུ་དཔར་སྐྲུན་བྱས་པ་རྣམས་མང་ཆེ་བ་དེ་སྔ་ཧོང་ཀོང་དུ་ཚོང་འགྲེམས་བྱེད་ཀྱི་ཡོད། རྒྱ་ནག་ནང་གནས་སྡོད་བྱེད་མཁན་རྣམས་ཀྱིས་དེ་སྔ་ཡིན་ན་ཐེ་ཝན་དུ་ཕྱིན་ཏེ་དེབ་ཉོ་གི་ཡོད་ཀྱང་། ད་ཆ་ས་མཚམས་སུ་དམ་བསྒྲགས་ཆེ་རུ་ཕྱིན་པའི་རྐྱེན་གྱིས་ཐེ་ཝན་ནས་ཉོས་པའི་ཚོར་བ་སྐྱེན་པའི་དཔེ་དེབ་སོ་སོའི་མཉམ་དུ་འཁྱེར་བ་ས་མཚམས་དང་འགག་སྒོ་ནས་ཤེས་རྟོགས་བྱུང་བ་ཡིན་ན། ཉེས་པ་ཚབས་ཆེ་ཕོགས་པ་དང་། དཔེ་དེབ་གཞུང་བཞེས་བཏང་བ། ཟུར་བཀག་འདྲི་བརྩད་དང་བསྔོགས་བཤེར་བྱེད་པ་སོགས་དཀའ་ངལ་སྣ་ཚོགས་འཕྲད་ཀྱི་ཡོད་སྟབས་དཔེ་དེབ་འཁྱེར་ཕོད་མཁན་ཉུང་དུ་ཉུང་དུ་འགྲོ་གི་ཡོད།
ཀློག་པ་པོའི་འགྱུར་བའི་ངོས་ནས་བཤད་ན། རྒྱ་ནག་ཕྱི་ལོག་ལ་འགྲོ་མཁན་ཚོས་དེ་སྔ་ཡིན་ན། སྐྱིད་སྐྱིད་གཏོང་བ་དང་། ཅ་དངོས་ཉོ་བ་ཕུད། དཔེ་དེབ་ཉོ་རྒྱུ་ནི་ཁོང་ཚོའི་བྱ་བ་གཙོ་བོ་ཞིག་རེད། རྒྱ་ནག་གི་མི་རབས་རྒན་པ་རྣམས་འཚར་ལོངས་བྱེད་པའི་བརྒྱུད་རིམ་ཁྲོད་དུས་ཡུན་རིང་པོར་ཆབ་སྲིད་ངན་པའི་ཤུགས་རྐྱེན་སྣ་ཚོགས་ཕོགས་པའི་རྒྱུ་མཚན་གྱིས་ཁོང་ཚོ་རྒྱ་ནག་གི་ཕྱི་ལ་བསྐྱོད་པའི་གོ་སྐབས་ཐོབ་སྐབས་ཕྱི་ལོག་གི་གནས་ཚུལ་ཤེས་འདོད་ཆེན་པོ་བྱེད་པ་དང་། ཆབས་ཅིག་དེ་སྔ་རྒྱ་ནག་ནང་རང་གིས་བརྒྱུད་མྱོང་བའི་ལམ་བུ་དེ་དག་ཡང་སྙིང་ག་རེ་ཡིན་པ་དང་། དེའི་རྒྱབ་ལོག་གི་རྒྱུ་རྐྱེན་གང་ཡིན་པ་བཅས་ཕན་ཚུན་དཔྱད་བསྡུར་བྱེད་པ་དང་། དེ་དག་ལ་བསམ་བློ་གཏོང་བའི་གོམས་གཤིས་ཤིག་ཡོད་པ་རེད། ཡིན་ན་ཡང་དེང་སང་གི་མི་རབས་གསར་པའི་གཞོན་སྐྱེས་རྣམས་ཆུང་དུས་ནས་ཕ་མའི་འཁྲིས་སུ་བསྡད་དེ་ཆབ་སྲིད་དང་དེ་ཙམ་འབྲེལ་བ་ཆེན་པོ་མེད་པ་དང་། སྤྱི་ཚོགས་ཀྱི་རང་དབང་ཆེ་ཆུང་ཡང་སྔོན་མ་དང་མི་འདྲ་བར་ཆེ་རུ་ཕྱིན་པ། དཔལ་འབྱོར་གྱི་མཐུན་རྐྱེན་ཡང་འགྲིག་ངེས་ཡོད་པ། འཚོ་བ་ཡང་ཡར་རྒྱས་འགྲོ་གི་ཡོད་པ། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཆབ་སྲིད་གོ་བབ་ཀྱང་མཐོ་པོ་ཡོད་པ་བཅས་ཀྱི་སྣང་ཚུལ་དེ་དག་ལ་ཁོང་ཚོས་འདོད་པ་འཚིམ་ནས་བསྡད་པ་མ་གཏོགས་གནས་བབ་གཞན་དག་ཅིག་གི་ཐོག་ནས་རྒྱ་ནག་གི་གནད་དོན་ལ་བསམ་བློ་གཏོང་རྒྱུར་དེ་ཙམ་དོ་དབྱིངས་སླེབས་ཀྱི་མེད། དཔེར་ན། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་སློབ་ཕྲུག་མང་པོས་སྔར་བཞིན་སྐད་འཕྲིན་བལྟ་བ་དང་། རང་དབང་ལུང་པའི་ནང་གི་བརྒྱུད་དམ་དེ་དག་ལ་དོ་སྣང་བྱེད་ཀྱི་མེད།
ཧོང་ཀོང་དང་། ཐེ་ཝན་དུ་ལྷགས་བསྡད་པའི་ཀློག་པ་པོ་དེ་ཚོས་དེ་སྔ་ཡིན་ན། རྒྱ་ནག་གི་གནད་དོན་དང་འབྲེལ་བའི་དེབ་ཀློག་རྒྱུར་དོ་སྣང་ཕྲན་བུ་ཡོད་ཀྱང་། དེང་སང་ཧ་ལམ་དོ་སྣང་བྱེད་ཀྱི་མེད། གང་ཡིན་ཟེར་ན། ཁོང་ཚོས་རྒྱ་ནག་གི་བྱེད་སྟངས་ལ་འདོད་པ་མ་ཕྱིན་པ་དང་། ཉོབ་སྣང་སླེབས་པ། འུ་ཐུག་པ་བཅས་ཡོང་གི་ཡོད་ཀྱང་བྱེད་ཐབས་གང་ཡང་མེད་སྟབས། ཁོང་ཚོའི་བསམ་བློའི་ནང་རྒྱ་ནག་དམངས་གཙོ་ཡིན་ནའང་འདྲ། གཅིག་བསྡུས་རིང་ལུགས་ཡིན་ནའང་འདྲ། ང་ལ་ཁྱད་པར་གང་ཡང་མེད། དེ་ལས་བསུན་པོ་མ་བཟོས་ན་དེ་གས་འགྲིག་གི་འདུག སྙམ་པའི་བློ་ཤུགས་ཆེ་བར་བརྟེན་མི་རབས་གསར་པའི་གཞོན་སྐྱེས་དེ་ཚོས་རྒྱ་ནག་གི་གནད་དོན་དང་འབྲེལ་བ་ཡོད་པའི་དཔེ་དེབ་ཀློག་འདོད་བྱེད་ཀྱི་མེད། དེར་བརྟེན་ང་ཚོས་བྲིས་པའི་དེབ་ཡིན་ན། དེང་གི་དུས་སྐབས་སུ་་་་་་་་ དཔར་སྐྲུབ་བྱེད་ཐུབ་ཀྱི་མ་རེད་ལབ་ན་འགྲིག་གི་མ་རེད། གུས་པར་མཚོན་ན། ཉུང་མཐར་ཡང་འདས་པའི་ལོ་མང་གི་ཤུགས་རྐྱེན་ཡོད་པར་བརྟེན་ནས་ངའི་དེབ་པར་སྐྲུན་བྱེད་མ་ཐུབ་པ་མ་རེད། ཡིན་ན་ཡང་དེབ་ཉིས་སྟོང་གསུམ་སྟོང་ཞིག་ཚོང་འགྲེམས་ཐུབ་ནས་དཔར་སྐྲུན་ཁང་ལ་མ་རྩ་ལོག་ཙམ་བྱུང་ན། ཁྱེད་རང་ལ་རྒྱབ་སྐྱོར་གྱི་རྣམ་པའི་ཐོག་ནས་པར་སྐྲུན་བྱེད་ཐུབ་ཀྱང་ངའི་ངོས་ནས་བཤད་ན། དེ་ལ་དོན་སྙིང་ག་ཚོད་ཙམ་ཡོད་དམ། དེབ་གྲངས་ཉིས་སྟོང་གསུམ་སྟོང་བྲིན་ཡོད་ཀྱང་། དེ་ལ་ཧ་ལམ་ཤུགས་རྐྱེན་གང་ཡང་མེད་ཅིང་། ཡོང་འབབ་ཀྱང་ཧ་ཅང་ཉུང་ཉུང་ལས་མེད། དེ་ནི་དཔེ་དེབ་པར་སྐྲུན་བྱས་ཀྱང་ནུས་པ་ཆེན་པོ་ཐོན་ཐུབ་ཀྱི་མེེད་པ་དང་གཅིག་མཚུངས་ཡིན་སྟབས། ངས་དཔེ་དེབ་པར་སྐྲུན་གྱི་ཐབས་ལམ་གསར་པ་ཞིག་འཚོལ་རྒྱུར་བསམ་བློ་མ་བཏང་བར་སྔར་ལམ་བཞིན་དེབ་པར་སྐྲུན་བྱས་ན་འགྲིག་ཐབས་མེད།
ངས་ཡུ་ཁྲུབ་དྲྭ་ལམ་འདིའི་མིང་ལ་ <<ཁྲོམ་རྭ་མེད་པའི་དེབ།>> ཅེས་བཏགས་དགོས་པའི་རྒྱུ་མཚན་ཡང་འདི་ཡིན། དཀའ་ངལ་དེ་ཚོ་བརྒྱུད་ལམ་གསར་པའི་ཐོག་ནས་སེལ་བའི་ལམ་ཁ་ཞིག་མ་འཚོལ་ཀ་མེད་རེད། དེ་ཡན་ཆད་ནི་ངས་ཁྱེད་ཚོ་དང་ཐེངས་དང་པོར་ཐུག་སྐབས་ཀྱི་ཐོག་མའི་ངོ་སྤྲོད་ལྟ་བུ་ཡིན།
<<ཡང་སྲིད།>> ཅེས་པའི་ལོ་བཅོ་ལྔའི་རིང་བྲིས་པའི་དེབ་འདི་ངལ་བ་འབྲས་མེད་དུ་མ་སོང་བར་དེབ་ཀྱི་ཤུགས་རྐྱེན་ཐོན་ཐུབ་པ་དང་། ཀློག་པ་པོས་མཐོང་ཐུབ་པ་བྱེད་རྒྱུ་དེ་ངའི་ངོས་ནས་བཤད་ན་ཧ་ཅང་གི་གནད་འགག་ཆེན་པོ་ཆགས་ཡོད། ངས་གང་འདྲ་བྱེད་རྒྱུ་ཡིན་མིན་རིམ་པ་བྱས་ནས་ཁྱེད་རྣམ་པར་ཞུ་རྒྱུ་ཡིན། སྔོན་ལ་ངས་ངའི་དེབ་ <<ཡང་སྲིད།>> དཔར་སྐྲུན་མ་བྱས་གོང་དེབ་ཆ་ཚང་དུམ་བུར་དབྱེ་ནས་ཁྱེད་ཚོར་ཀློག་གི་ཡིན། སྲོལ་རྒྱུན་གྱི་བྱེད་སྟངས་ནི་ཤོག་ཏུ་དཔེ་དེབ་དཔར་སྐྲུན་བྱེད་རྒྱུ་དེ་ཡིན་ཞིང་། དེབ་ཀློག་ནས་ཀློག་པ་པོར་ངོ་སྤྲོད་བྱེད་པའི་ཐབས་ལམ་ནི་ཐབས་ལམ་གསར་པའི་གྲས་ཤིག་རེད། དེབ་ཀློག་རྒྱུ་མཚམས་ཆད་མི་ཉན་པས་ངས་དུམ་བུར་དབྱེ་ནས་ཀློག་རྒྱུ་དང་། ཁྱེད་ཚོས་སྔོན་མངགས་ཀྱི་ལམ་ནས་ཉན་དགོས་ཤིང་། གལ་སྲིད་སྐབས་མཚམས་ཉན་རྒྱུ་མ་བྱུང་ཡང་། སྔོན་མངགས་བྱས་ཡོད་སྟབས་ག་ལེར་ཉན་ན་འགྲིག
ངའི་དྲྭ་ལམ་འདི་ནི་ཀླད་ཀོར་ནས་འགོ་བཙུགས་པ་ཞིག་ཡིན་སྟབས། ཁྱེད་ཚོས་དྲྭ་ལམ་འདི་གཞན་ལ་ངོ་སྤྲོད་མཚམས་སྦྱོར་གནང་རོགས་ཞུ་རྒྱུ་དང་། དྲྭ་ལམ་འདིར་དགའ་རྟགས་རྒྱབ་ནས་བལྟ་མཁན་མང་དུ་འཕེལ་རྒྱུར་རོགས་པ་གནང་རོགས། སྐུ་མཁྱེན། ངའི་དྲྭ་ལམ་འདིའི་ནང་བརྙན་དང་། རིང་ཐུང་། དུས་ཚོད་སོགས་ལ་བསམ་འཆར་ཇི་ཡོད་ལྷུག་པོར་གསུང་རྒྱུའི་རེ་བ་ཞུ་རྒྱུ་ཡིན། གལ་སྲིད་མཁྱེན་འདོད་པའི་གནས་ཚུལ་རིགས་ཡོད་ན། དྲྭ་ལམ་ཐོག་ལན་བཞག་རོགས་གནང་། ཐུགས་རྗེ་ཆེ།།
ཝང་གི་བརྙན་ཐུང་འདི་རེད། https://www.youtube.com/watch?v=djpHYdkPeA4