གངས་དཀར་སེམས་ཀྱིས་སྒྲིག་སྒྱུར་བྱས།
ཨོ་གླིང་གི་དགོད་བྲོ་བའི་ལོ་རྒྱུས་འགའ། Some funny Australian story 一些有趣的澳大利亞故事
ངས་དེ་རིང་དྲ་ཐོག་ནས་ཨོ་གླིང་དང་འབྲེལ་བའི་ལོ་རྒྱུས་དགོད་བྲོ་བ་འགའ་མཐོང་སོང་བས་འདིར་བོད་བསྒྱུར་ཞུས་ཡོད། མི་ཚེའི་ནང་དགོད་བྲོ་ཞིང་སྤྲོ་སྣང་ལྡན་པའི་གནས་ཚུལ་མང་པོ་རེད། གཙོ་བོ་དེ་ཁྱོད་སུ་འདྲ་ཞིག་ཡིན་ཡང་སྤྲོ་སྣང་ལྡན་པའི་སེམས་ཁམས་ཤིག་ཡོད་མེད་དེ་ལ་ལྟ་རྒྱུ་རེད་དོ།
མི་མང་པོས་ཨོ་གླིང་རྒྱལ་ཁབ་འདིར་ཧ་ཅང་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་མེད་ཅིང་སྙོབས་སྣང་སྐྱེ་འོས་པ་ཞིག་ལ་ངོས་འཛིན་གྱི་ཡོད་འདུག འོན་ཀྱང་ཞིབ་ཏུ་དཔྱད་ན་ཨོ་གླིང་གི་ལོ་རྒྱུས་ཐོག་དགོད་བྲོ་བའི་གནས་ཚུལ་མང་པོ་བྱུང་འདུག
རྩོམ་པ་པོ་བྷེན་ ( Ben Pobjie ) གྱིས་ཨོ་གླིང་གི་དགོད་བྲོ་བའི་ལོ་རྒྱུས་སྐོར་ཞིག་བྲིས་ཡོོད་པའི་དེབ་ཅིག་སྟེ་ ( Error Australis ) ཅེས་པ་དེ་བཏོན་པའི་ནང་ཨོ་གླིང་ནི་ལོ་རྒྱུས་ཧ་ཅང་རིང་པོ་ཡོད་པའི་རྒྱལ་ཁབ་ཅིག་མིན་ཡང་། དེ་མིན་དགོད་བྲོ་བའི་གནས་ཚུལ་ནི་མི་ཉུང་བ་ཞིག་ཡོད་ཅེས་བཤད་འདུག
དཔེར་ན་རྒྱལ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ཅཱོ་ཊི་ (George Pearce) ལྟ་བུ་དང་འབྲེལ་བའི་གནས་ཚུལ་དེ་གཅིག་རེད། དེའང་རྒྱལ་ཁབ་མང་པོར་བཙན་རྒྱལ་གཞན་གྱིས་ཕམ་པར་བཟོས་པའི་ལོ་རྒྱུས་ཡོད། དཔེར་ན་རཱོ་མན་བཙན་རྒྱལ་ (Roman Empire) དང་སོག་པོ་བཙན་རྒྱལ། (Mongolian Empire) ཨཱོ་སི་མན་བཙན་རྒྱལ་ (Ottoman Empire) དང་ཨཱ་ལི་ཞན་ཊ་བཙན་རྒྱལ་ (Alexander the Empire) བཅས་ལྟ་བུ་རེད། འོན་ཀྱང་ཨོ་གླིང་རྒྱལ་ཁབ་ནི་བྱ་ཨཱེ་མུའུ ་ (Emu) དང་གཡུལ་འཐབ་བྱས་ནས་ཕམ་པའི་ལོ་རྒྱུས་ཡོད་འདུག བྱ་འདི་ནི་ད་ཆ་ཨོ་གླིང་རྒྱལ་ཁབ་རྟགས་ཅན་གྱི་བྱ་ཞིག་རེད།
ཕྱི་ལོ་ ༡༩༣༢ ལོར་ཨོ་གླིང་ནུབ་ཕྱོགས་ཀྱི་ཞིང་པ་ཚོར་བྱ་ཨི་མུའུ་ཡིས་སུན་པོ་བཟོ་རྒྱུ་མཚམས་མི་ཆད་པ་བྱས། དེའང་བྱ་ཨི་མུའུ་ཁྲི་གཉིས་ལྷག་གིས་དུས་ཡུན་ནང་ས་གནས་ཀྱི་ཞིང་སར་འཕུར་སླེབས་ནས་ལོ་ཏོག་ཟ་བཞིན་པ་དེར་ཞིང་པ་ཚོ་ཁྱོན་ནས་བཟོད་ཐབས་མེད་པར་གྱུར། དེར་བརྟེན། ཞིང་པ་ཚོ་སྐབས་དེར་རྒྱལ་ཁབ་ཀྱི་རྒྱལ་སྲུང་སྡེ་ཚན་གྱི་བཀའ་བློན་ཅཱོ་ཊི་ (George Pearce) སར་སོང་ནས་སྙན་ཞུ་སྦྲགས་ཁོང་གིས་ས་གནས་ཁཱོན་ཕི་ཨན་ ( Campion ) གྱི་ཞིང་པ་ཚོའི་ཧ་ཅང་རིན་ཐང་ཆེ་བའི་ལོ་ཏོག་གྲོ་སྲུང་སྐྱོར་དང་བྱ་ཚོགས་ཀྱིས་སྐྱོན་བཟོ་བཞིན་པའི་གནས་སྟངས་དེར་ཐག་གཅོད་ཡོང་བའི་རེ་འདུན་བཏོན། དེ་ནས་བློན་ཆེན་ཅཱོ་ཊིས་བསམ་ན་ད་ནི་བྱ་ཨི་མུའུ་ལ་འགྲོ་བ་མིའི་རིགས་ཀྱི་ཟིལ་ཤུགས་ཐེངས་གཅིག་ངོམས་རྒྱུའི་དགོས་པ་ཆེ་བར་ངོས་འཛིན་བྱས་རྗེས་ཁོས་སྐབས་དེར་རྒྱལ་རྒྱུད་ཀྱི་ཨོ་གླིང་རྒྱལ་ཁབ་མེ་སྒྱོགས་རུ་ཁག་གི་དཔོན་བློན་གཞོན་པ་མཱེར་ཏི་ (Meredith) དང་དམག་མི་གཞན་གཉིས་གཏོང་ཞིང་། ཁོ་ཚོར་ལཱེ་ཝེ་ཟི་ (Lewis) རྟགས་ཅན་གྱི་མེ་མདའ་གཉིས་དང་མདེའུ་ཁྲི་གཅིག་བསྐུར་ནས་ཨོ་གླིང་གི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་བྱ་ཨི་མུའུ་དབར་གྱི་གཡུལ་འཐབ་ཅེས་པ་དེ་གཤམ་འགོ་བརྩམས།
བློ་ཕམ་པ་ཞིག་ལ་དམག་མི་འདི་གསུམ་ནུབ་ཨོ་གླིང་གི་ས་དེར་སླེབས་མ་ཐག་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད། ཁོ་གསུམ་གྱིས་འཆར་གཞི་བཞག་སྟེ་བྱ་ཚོགས་དག་ས་རྒྱ་གུ་ཡངས་སའམ་རྒྱ་ཆེ་ས་ཤིག་ལ་དེད་ནས་ཚང་མ་ཐེངས་གཅིག་ལ་ཐག་གཅོད་བྱ་རྒྱུར་སྟབས་བདེ་རུ་བཟོས། འོན་ཀྱང་བྱ་དེ་དག་ནི་ཟབ་སྦྱོང་ཆེད་སྦྱོང་ལྟ་བུ་ལྡན་པའི་གབ་ཡིབ་ཀྱི་སྒོ་ནས་འཇམ་རྒོལ་ལ་བྱང་བའི་དམག་མི་ངོ་མ་ཞིག་དང་འདྲ་བ། ཁག་བགོས་ཀྱིས་ཕྱོགས་གང་སར་འཐོར་བཞིན་པ་ཡིན་སྟབས་དེ་དག་དུས་གཅིག་ཏུ་གསོད་རྒྱུའམ་མེ་མདའ་གཏད་རྒྱུ་ནི་དཀའ་ལས་ཁག་པོར་གྱུར། དེ་བས་ཁ་སྐྱེངས་པ་ལྟར་ནི་དམག་མི་གསུམ་གྱི་མེ་མདའ་དེའང་འགག་ནས་མདེའུ་འཕེན་མ་ཐུབ། སྐབས་དེར་དམག་དཔོན་མཱེར་ཏེས་ (Meredith) གོང་གསལ་ལ་སྙན་ཞུ་ཕུལ་བའི་ནང་འདི་ལྟར།
གལ་ཏེ་མེ་མདའི་མདེའུ་འགག་མེད་པར་ཆ་བཞག་ཀྱང་ང་ཚོས་བྱ་ཨཱི་མུའུ་དབར་གྱི་གཡུལ་ལས་རྣམ་པ་རྒྱལ་རྒྱུ་ནི་ཐབས་མེད་པའི་ལས་རེད་འདུག གང་ཡིན་ཟེར་ན། བྱ་དེ་དག་གི་མགོ་བོ་ཧ་ཅང་ཆུང་བས་མེ་མདའི་སོ་ཁ་གཏད་རྒྱུ་ཁག་པོ་ཡོད་པ་མ་ཟད། དེ་དག་གི་ལུས་ཐོག་གི་བྱ་སྤུ་ཡིས་མདེའུ་བཀག་རྒྱུའི་ནུས་ཤུགས་ཧ་ལས་པ་ཆེན་པོ་རེད་འདུག དུས་མཚུངས་སུ་དེ་དག་ལ་ཧོན་འཐོར་དགོས་པའི་རྒྱུགས་ཚད་ཀྱང་ལྡན་པ་འདུག ཅེས་དང་། ཡང་དམག་དཔོན་གྱིས་ད་དུང་གལ་ཏེ་ང་ཚོའི་དམག་དཔུང་ལ་བྱ་འདི་དག་དང་མཚུངས་པའི་མདེའུ་བཀག་ཐུབ་པའི་ནུས་པ་དང་གཞན་ལ་གཡོལ་ཐབས་ཀྱི་རྒྱུགས་ཚད་དེ་འདྲ་ཡོད་ན་དེ་ནས་བཟུང་ང་ཚོ་ནི་འཛམ་གླིང་འདིའི་ཐོག་འགྲན་ཟླ་བྲལ་བ་ཞིག་ཡིན་གྱི་རེད། མེ་མདའ་དང་མེ་སྒྱོགས་གང་འདྲ་ཡིན་ཡང་ང་ཚོའི་ཁ་གཏད་ཀྱི་འགྲན་ཡ་རུ་ཆག་མི་སྲིད་པ་རེད་འདུག ཅེས་བཤད།
དེ་ལྟར་ཐབས་ཟད་འུ་ཐུག་པའི་གནས་སྟངས་འོག་དམག་མི་གསུམ་བྱའི་གཡུལ་ས་ནས་ཕྱི་འཐེན་མི་བྱེད་ཁག་མེད་དུ་གྱུར། ཨོ་གླིང་གི་དམག་མི་དང་བྱ་ཨི་མུའུ་དབར་གྱི་གཡུལ་འཐབ་དེ་ཕམ་ཁའི་མཇུག་བསྡུས་པ་རེད། དམག་དཔོན་གྱི་སྤྲོ་སྣང་ལྡན་པའི་སྒོ་ནས་ཁོའི་སྙན་ཞུ་དེའི་ནང་ད་ཐེངས་ཀྱི་གཡུལ་འཐབ་ནང་ང་ཚོའི་མི་ལ་རྨས་སྐྱོན་གང་ཡང་བྱུང་མེད་ཅེས་ཀྱང་བྲིས་སྐད།
གཡུལ་འཐབ་དེ་མཇུག་སྒྲིལ་རྗེས་གྲོས་ཚོགས་གོང་མའི་སྤྱི་འཐུས་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་སླར་ཡང་ད་ཐེངས་ཀྱི་གཡུལ་འཐབ་འདིའི་ནང་ཤི་རྨས་བྱུང་མེད་པའི་དམག་མི་རྣམས་ལ་ཆེད་བསྟོད་ཀྱི་གཟེངས་རྟགས་སྤྲོད་དགོས་མིན་སྐོར་བགྲོ་གླེང་བྱས་ཡོད། དེའི་ནང་གི་སྤྱི་འཐུས་ཤིག་གིས་ད་དུང་དཀོན་མཆོག་གིས་ང་ཚོར་དོན་དངོས་སྤུས་ཚད་ལ་ལྕགས་ཀྱི་མེ་སྒྱོགས་དང་འཕུར་ལྡིང་གི་ཁྱད་ཆོས་གཉིས་ལྡན་གྱི་སྲོག་ཆགས་འདི་འདྲ་གནང་ཡོད་པ་རེད། ཡིན་ཡང་ང་ཚོའི་དམག་དཔུང་གི་ངོས་ནས་ད་བར་བྱ་ཚོགས་དེ་དག་ལ་སྦྱོང་བརྡར་གང་ཡང་སྤྲོད་ཐུབ་མེད་པ་མ་ཟད། དེ་དག་དམག་དོན་ཐོག་སྤྱོད་ཐུབ་མེད་པ་རེད་དམ་ཞེས་ཀྱང་བཤད་ཡོད་པ་རེད་འདུག སྤྱི་འཐུས་དེའི་དྲི་བར་ད་བར་ལན་འདེབས་ཤིག་བྱུང་མེད།
ཨི་ཊ་ལི་ལྟ་བུ་འཛམ་གླིང་གཡུལ་ཆེན་གཉིས་པའི་ནང་གཅིག་རྗེས་གཉིས་མཐུད་ཀྱིས་གཡུལ་ལས་ཕམ་མྱོང་བ་ནི་ལྷ་རྟ་ལྟ་བུར་བརྩི་གི་ཡོད་ཀྱང་ཨོ་གླིང་རྒྱལ་ཁབ་ཆེན་པོ་འདིས་བྱ་ཚོགས་ཀྱི་གཡུལ་འཐབ་ལས་ཀྱང་རྒྱལ་ཐུབ་མེད་པ་རེད།
སྲོལ་རྒྱུན་གྱི་ཨོ་གླིང་རྒྱལ་ཁབ་ནི་སྤྲོ་སྣང་ལྡན་པའི་གནས་ཚུལ་མང་པོ་ཡོད་མཁན་ཞིག་རེད། ཡང་དཔེར་ན་རྒྱལ་ཁབ་འདི་ནི་འཇིག་རྟེན་འདིའི་ཐོག་གློ་བུར་དུ་ཡ་མཚན་གྱི་བསམ་བློ་འཁོར་ནས་སོ་སོའི་རྒྱལ་ཁབ་ཀྱི་གསང་བའི་ལས་བྱེད་རྣམས་ལ་མཉམ་པར་ཞིག་ལེན་དགོས་ཀྱི་འདུག་བསམ་མཁན་ཞིག་ཀྱང་རེད་འདུག
དེ་མིན་ཨོ་གླིང་གི་ཆུ་སྲིན་ (crocodile ) གྱི་གྲངས་ཚད་ནི་རྒྱལ་ཁབ་ཀྱི་མི་འབོར་བསྡོམས་ལས་ཀྱང་མང་བ་ཡོད། ཆུ་སྲིན་དེ་དག་མང་ཆེར་ཨོ་གླིང་རྒྱལ་ཁབ་ཀྱི་བྱང་ཕྱོགས་སུ་འཚོ་གནས་ཡོད་པ་རེད།
ཚང་མས་ཤེས་གསལ་ལྟར་ང་ཚོ་བོད་པ་མང་པོ་གནས་སྡོད་བྱེད་ས་ཨོ་གླིང་སཱིད་ཉི་
( Sydney) གྲོང་ཁྱེར་དུ་སྐད་གྲགས་ཅན་གྱི་གནས་གཅིག་ནི་ཨཱོ་ར་ཟློས་གར་ཁང་ཆེན་ (Sydney Opera House) དེ་ཡིན་ལ། དེ་ནི་རྒྱལ་ཁབ་རིམ་པའི་དམིགས་ཚད་ཅན་གྱི་འཛུགས་སྐྲུན་གྱི་གྲལ་གཅིག་ཀྱང་ཡིན། ང་ཚོ་མི་མང་པོས་ཟློས་གར་ཁང་ཆེན་དེའི་བཀོད་བཟོའི་དབྱིབས་དེ་ནི་སྒོ་ང་ཕྱེད་གཤག་གི་ཚུལ་ནས་བྱུང་ལུགས་གཅིག་བརྗོད་སྲོལ་ཡོད་པ་རེད་མོད། དོན་དངོས་ཐོག་ཟློས་གར་ཁང་ཆེན་འདིའི་ཆ་ལུགས་ཀྱི་བཀོད་པ་དེ་ནི་འཆར་འགོད་པས་ཚ་ལུ་མའི་སྤགས་པ་བཤུ་སྟངས་ཀྱི་བསམ་བློ་ལས་བྱུང་བ་ཞིག་རེད་འདུག་གོ
ད་ལྟ་རྒྱུགས་ཆེ་བའི་དྲ་རྒྱ་ཝཱེ་ཧྥེ་ (Wifi) ནི་ཨོ་གླིང་རྒྱལ་ཁབ་སྲིད་གཞུང་གི་ཞིབ་འཇུག་སྡེ་ཚན་ (CSIRO) ནས་ལོ་རབས་གོང་གི་ ༩༠ ལོར་གསར་གཏོད་བྱས་པ་ཞིག་རེད། དེའང་ཨོ་གླིང་མཉམ་འབྲེལ་ཚན་རིག་དང་བཟོ་ལས་ཞིབ་འཇུག་ཁང་ ( Commonwealth Scientific and Industrial Research Organization ) ཞེས་པ་དེ་ནི་རྒྱལ་ཁབ་རིམ་པའི་ཚན་རིག་ཞིབ་འཇུག་སྡེ་ཚན་ཞིག་རེད། དེའི་ནང་ཧ་ཅང་སྐད་གྲགས་ཡོད་པའི་ཚན་རིག་ཚོད་ལྟའི་རིགས་མང་པོ་ཡོད་པ་རེད་འདུག
དེ་མིན་ཕྱི་ལོ་ ༡༩༧༥ ལོར་ཨོ་གླིང་དང་ལྷོ་ཀཱོ་རི་ཡ་ Korea རྒྱལ་ཁབ་དབར་ལྕང་སྡོང་ཞིག་གཅོད་དགོས་མིན་གྱི་སྐོར་དང་འབྲེལ་ནས་རྒྱལ་ཁབ་གཉིས་དབར་གྱི་ཕྱི་འབྲེལ་མཚམས་བཞག་ནས་ལོ་ངོ་ཧྲིལ་པོ་ ༢༥ འགྲོ་གི་ཡོད་པ་རེད་འདུག
དེའང་སྐབས་དེར་བྱང་ཀཱོ་རི་ཡ་དང་ཨ་རི་བ་རྣམས་གསུམ་བརྒྱད་འཐབ་མཚམས་ཀྱི་ཐིག་ཅེས་པའི་ལྷོའི་ཕྱོགས་སུ་གནས་ཡོད་ཅིང་། བྱང་ཀཱོ་རི་ཡའི་མི་རྣམས་བྱང་ཕྱོགས་སུ་ཡོད། བཤད་སྲོལ་ལྟར་ན་དམག་ས་མིན་པའི་གནས་གཅིག་ལ་ལྕང་སྡོང་ཞིག་ཡོད་སྐད། ཨ་རི་བས་ལྕང་སྡོང་དེ་ནི་མཐོང་སྣང་ལ་མཛའ་མིན་སྐོར་བསྙད་དེ་མི་ཞིག་གཏོང་ནས་ལྕང་སྡོང་དེ་བཅད། ལྷོ་ཀཱོ་རི་ཡའི་ཕྱོགས་ནས་ཨ་རི་བའི་བྱ་སྤྱོད་དེར་ཧ་ཅང་མི་དགའ་བར་གྱུར། ཁོ་ཚོས་ཨ་རི་མིས་ལྕང་སྡོང་གཅོད་རྒྱུར་ཁ་གཡར་ནས་དོན་དངོས་ཐོག་ཁོ་ཚོའི་མི་གསོད་འདོད་པར་ངོས་འཛིན་བྱས།
དེ་རྗེས་ཕྱོགས་གཉིས་ཀ་མི་དགའ་བ་ཆག་ཅིང་དོན་རྐྱེན་དེ་ནི་ཁ་གཏད་གཉིས་ཀྱི་ཕྱོགས་ཡོངས་རྫོགས་ཛ་དྲག་གིས་འཐབ་འཛིང་གི་གནས་སྟངས་འོག་ལྷུང་ནས་ལྷོ་ཀཱོ་རི་ཡའི་དབར་གྱི་གཡུལ་འཐབ་སླར་ཡང་འཁྲུག་སྲིད་པར་བཤད་ཀྱི་ཡོད། འོ་ན་དོན་རྐྱེན་དེ་ཨོ་གླིང་དང་འབྲེལ་བ་ག་རེ་ཡོད་ཅེ་ན། ལྷོ་ཀཱོ་རི་ཡའི་ཕྱོགས་ནས་ལྕང་སྡོང་གཏུབ་བྱེད་ཀྱི་སྟ་རེ་དེའི་ཐོག་ཨོ་གླིང་ནས་བཟོས་ (Made in Austria ) ཅེས་བྲིས་ཡོད་པར་མཐོང་བར་བརྟེན་གོང་གསལ་གྱི་གནས་ཚུལ་ལམ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་མེད་ནས་ལོ་ངོ་ཧྲིལ་པོ་ཉེར་ལྔར་སོང་སྐད། དེས་ན་ལྕང་སྡོང་གཏུབ་བྱེད་ཀྱི་སྟ་རེ་ན་རེ། འོ་ན་ཚང་མ་ངའི་ནོར་འཕྲུལ་ཡིན་པར་ཆ་ཞོག ཅེས་བཤད་པ་དང་འདྲ་སོང་འདུག་གོ
ཡིག་ནོར་སྦྱོར་སྟངས་སོགས་ཅུང་སྐྱོ་བོ་འདུག