རྭ་རྒྱ་དཔལ་ལྡན།
Wuhan ནི་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་བདུན་པ་དང་མི་གྲངས་ས་ཡ་བཅུ་གཅིག་རེད། བོད་ཀྱི་མི་གྲངས་དང་བསྡུར་ན་དེའི་ཕྱེད་ཀྱང་ཟིན་མིན་རེད། རིམས་ནད་འདི་ཉིད་ནམ་དུས་མགོ་བཙུགས་ཡོད་མེད་དེ་ཧ་ཅང་གསལ་པོ་མེད་ཀྱང་སྤྱི་ཚོགས་དྲ་ལམ་ཁག་དུ་ཉེན་ཚབ་རང་བཞིན་ཅན་དུ་གྱུར་བ་ནི་ཕྱི་ཟླ་ 01 པོའི་ཚེས་ 20 ཉིན་ཝུས་ཧན་ནས་དངོས་སུ་མགོ་བཙུགས་པ་དང་དེ་རིང་ཕྱི་ཟླ་ 2 པའི་ཚེས་ 03 གཟའ་ཟླ་བའི་ཞོགས་པར་ The New York Time ཨ་མེ་རི་ཁའི་ནེའུ་ཡོག་གསར་འགྱུར་སྟེང་གི་ནད་པའི་ཤི་གྲངས་ལྟར་ན་ཉིན་བཅོ་ལྔའི་ནང་མི་ 360 རེད། དུས་ཚོད་ཉེར་བཞིའི་ནང་ཆ་སྙོམ་མི་ 24 དང་དུས་ཚོད་རེ་ལ་མི་རེ་ཤི་བཞིན་འདུག དེའི་ནང་དུ་ཕྱིའི་རྒྱལ་ཁབ་ནས་ཐོག་མར་ཤི་བ་ནི་ཁ་སང་ Philippines ནང་དུ་རང་ལོ་ ༤༤ ཅན་པའི་རྒྱ་མི་ཞིག་ཤི་པ་དེ་ཐེངས་དང་པོ་ Coronavirus ནད་དུག་གིས་རྐྱེན་གྱི་ཕྱིའི་རྒྱལ་ཁབ་ནས་ནད་པ་ཤི་པ་རེད། འདི་ལྟར་བལྟས་ནས་ཧ་ཅང་གི་བློ་ཚབ་སྐྱེ་དགོས་པ་ཞིག་ལས་ཅི། ལག་ལེན་དངོས་ལ་བསམ་བློ་བཏང་ན་ཕྱིའི་རྒྱལ་ཁབ་ཉེར་ལྔར་ནད་དུག་འདི་སོང་ན་ཡང་ཕྱིའི་རྒྱལ་ཁབ་ནས་དེ་སྔོན་མི་གཅིག་ལ་ཤི་མེད་པ་འདིས་ཀྱང་གསལ་བཤད་བྱེད་བཞིན་འདུག་ན། འདི་ལྟར་ཉིན་རྒྱུན་དྲ་ལམ་ནས་བལྟས་ཀྱིན་སེམས་གཏིང་ནས་བློ་ཚབ་སྐྱེ་གཞི་ཞིག་ཡོད་པ་ནི་བོད་མི་དག་རེད། བོད་མི་དག་གིས་ནག་པོ་དགུ་སྦྱོར་དང་སྔགས་ཀྱི་ནུས་པ་དད་པ་དམ་ཚིགས་ཅི་ལྟར་བཤད་ཀྱང་འུ་ཚང་ལ་དེ་འདྲ་རིམས་ནད་ཀྱིས་ཟིན་ན་སྨན་ཁང་མཐུན་སྐྱེན་ཚང་བ་ཅི་ཙམ་ཡོད། བོད་མི་ས་ཡ་དྲུག་ནི་མི་རིགས་ཤིག་ལ་མཚོན་ན་ཅི་འདྲའི་གྲངས་ཉུང་བ་ལ། འདི་འདྲའི་མི་གྲངས་ཉུང་བའི་མི་རིགས། དཔལ་འབྱོར་གྱི་མཐུན་རྐྱེན་ཞན་པ། འཕྲོད་བསྟེན་གྱི་སློབ་གསོ་མེད་པ། སྔགས་དང་ནུས་མཐུ་ཙམ་པ་ཡིད་ཆེས་བྱེད་པ། ཚན་རིག་དང་མཐུན་པའི་འཕྲོད་བསྟེན་ཤེས་བྱ་ཉུང་པ།
ད་ལྟའི་གནས་སུ་འུ་ཅག་ལ་ཁ་གཅིག་གྲགས་སུ་བཤད་རྒྱུ་ཞིག་ཡོད་པ་དེ་ནག་པོ་དགུ་སྦྱོར་རེད། དེས་ཕན་ནུས་ཅི་ཙམ་ཆེ་ཡང་དེ་སྔོན་བོད་ལ་ Coronavirus སླེབས་ནས་ཁ་གཏད་གཅོག་མྱོང་ངམ། མ་མྱོང་ཚེ་ནག་པོ་དགུ་སྦྱོར་གྱིས་དེ་ལྟར་ཁ་གཏད་གཅོག་ཐུབ་པའི་གདང་ཚོད་ཅི་ཡོད།
ད་དུང་དྲ་ལམ་ནས་མཁས་བཤད་བྱེད་མཁན་དེ་རིང་ཁ་སང་ཇེ་མང་རེད། འགའ་ཞིག་གི་རིམས་ནད་འདིའི་མིང་ལ་ཡང་དོགས་པའི་དཔྱད་འདོགས་མང་ཙམ་བྱེད་བཞིན་པ་ནི་ཁོམ་སོང་བའི་སྐད་ཆ་ལས་ཅི་ཡང་མི་འདུག་ན།
ང་ལ་རེ་བ་ཞིག་ཡོད་པ། ཁྱེད་ཅག་ནག་པོ་དགུ་སྦྱོར་ལ་ཡིད་མ་ཆེ་ཟེར་བ་མིན། ཡིན་ཡང་ནག་པོ་དགུ་སྦྱོར་ལས་ཀྱང་ཁྱེད་ཅག་གིས་རང་སྲུང་བྱེད་རྒྱུ་གལ་ཆེན་རེད། ཕྱི་མིར་མ་ཐུགས་པར། ནང་མི་ཕྱི་ལ་མ་སོང་ན་དེ་འདྲའི་ཉེན་ཁ་ཞིག་ཡོང་དགོས་པའི་ངེས་པ་ཅི་ལ་ཡོད།
ངེས་པར་དུ་གཟབ་རྒྱུ་ནི་ཕྱི་ལ་མི་འགྲོ་རྒྱུ་རེད། བོད་ཀྱི་རང་བྱུང་འཁོར་ཡུག་གི་ལྕགས་རི་བཙན་པོ་དེ་ནི་འུ་ཅང་ལ་ནག་པོ་དགུ་སྦྱོར་སྟོང་དང་ཁ་ཐུམ་ཁྲི་ཡི་འདུ་ཤེས་འཛིན་རྒྱུ་མ་བརྗེད། དེ་ལས་འུ་ཅག་ཐབས་ཅི་ཡང་མི་འདུག དེ་རིང་ཕྱི་ནས་དམིགས་བསལ་ནད་པ་ཞིག་ལ་ཐུག་ཡོད་ཀྱང་ཁྱེད་ཀྱིས་ཅི་ལྟར་ཤེས། ནད་གཞི་དེ་བྱུང་ནས་ཉིན་ཐུང་བ་བཞི་དང་རིང་བ་བཅུ་བཞི་རེད། ནང་མི་དག་གི་ཇ་ཚ་བོར་བསྐོལ་ནས་ཁྱེད་ལ་བསྒུག་ཡོད་འདུག་ན ཁྱེད་ཀྱིས་དོན་ངོ་མ་ཅི་ཞིག་ཁྱེར་ཡོང་ཡོད། དེ་ནི་ནང་མི་དག་གི་སྲོག་ལེན་གྱི་སྟ་རེ་ལྟ་བའི་ནད་དུག་ཅིག་ཁྱེར་མེད་པར་སྨོན།
2020/02/03 ཉིན།