འབྲོང་རྒན་གྱིས་སྒྱུར་སྒྲིག་བྱས།
ངའི་མིང་ལ་ཕ་ཝང་ཟེར་ཞིང་། སྐབས་སྐབས་སུ་ཙི་གུ་སངས་རྒྱས་ཀྱང་ཟེར།
དེ་ནི་གཅིག་བྱས་ན་ང་སེམས་པ་བཟང་ཞིང་། ནམ་མཁའ་ལ་འཕུར་ཐུབ་པའི་ཙི་ཙི་ཞིག་ཡིན་ཙང་དེ་ལྟར་ཆེ་བསྟོད་བྱས་སྲིད།
ཡིན་ནའང་། ངའི་གཟུགས་པོ་ཆུང་ཆུང་འདི་དུག་ནད་བརྒྱ་སྟོང་ལས་གྲུབ་ཡོད་པ་ཤེས་མཁན་ཧ་ཅང་དཀོན།
སྦྱར་དུག གྱུར་དུག རེག་དུག་ལ་སོགས་པའི་དུག་ནད་ཐམས་བཅད་ཀྱི་བརྟེན་ས་ནི་ངའི་གཟུགས་པོ་འདི་རེད།
འདི་ནི་ངས་ག་དུས་ཡིན་ཡང་བདེ་བ་དང་དགེ་བ་རྣམས་གཞན་ལ་བཏང་ཞིང་། སྡུག་བསྡལ་དང་ན་ཚ་རྣམས་རང་ལ་སྨིན་པར་ཤོག་ཅེས་གསོལ་བ་བཏབ་པ་ཡིན་ཙང་། ངའི་ལུས་པོ་འདིར་དུག་གིས་གཡོགས་པ་ཡིན་ས་རེད།
ཁྱེས་ཀྱིས་ཤེས་སམ།
ངས་ནི་དུག་བརྒྱ་ཕྲག་མང་པོ་ཁྱེད་ཚོ་ལ་མི་འགོ་བའི་ཆེད་དུ་རང་གི་གཟུགས་པོ་ལ་བསྟིམ་ནས་མུན་ནག་གི་བྲག་ཕུག་ནང་བསྡད་ཡོད།
ཁྱེད་ཚོའི་འཚོ་བ་ལ་སུན་པོ་མི་བཟོ་བའི་ཆེད་དུ།
ང་རང་མཚན་མོར་ལྟོ་བཙལ་བར་རྒྱུགས་ཤིང་ཉིན་དཀར་བྲག་ཕུག་ནང་བསྐོང་ནས་བསྡད་ཡོད།
ཁྱེད་ཀྱིས་ཤེས་སམ། ངའི་སྐྱག་གཅིན་གྱིས་ཁྱེད་ཀྱི་མིག་འགྲིབ་སེལ་ཐུབ་ལ།
ངའི་འཕུར་རྩལ་གྱིས་ཁྱེད་ལ་སྤྲོ་སྣང་སྦྱིན་སྲིད།
ལོ་ངོ་ཁྲི་ཕྲག་གི་རིང་ལ་ངས་རང་ནུས་ཅི་ལྕོགས་ཀྱིས་ཁྱེད་ཅག་ལ། ལུས་སེམས་གཉིས་ཀའི་ཐོག་ནས་སེམས་འཁུར་དང་རོགས་སྐྱོར་གང་མང་བྱས་མྱོང་ཡོད་ལ། ད་དུང་ཡང་བྱེད་བཞིན་ཡོད།
ང་ནི་ཁྱེད་ཚོ་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སྲོག་ཆགས་ཆུང་ཆུང་ཞིག་ཡིན།
རེད་དེ། ངས་ཁྱེད་ཚོ་ལ་རོགས་རམ་ཇི་ལྟར་བྱས་ཀྱང་། ཁྱེད་ཚོས་གཅིག་ཀྱང་མཐོང་གིན་མེད།
ཁྱེད་ཚོས་དེ་ལས་ལྡོག་སྟེ་དྲིན་ཆེན་ལ་དྲིན་ལོག་དང་། གཡུང་གླ་ལ་རྡོ་ཁ་བྱེད་གིན་ཡོད།
ཁྱེད་ཚོས་ངའི་ཤ་ཁྲག་ལ་རོལ་བ་འདིས། ལོ་ངོ་ཁྲི་ཕྲག་རིང་གཏེར་དུ་སྦས་པའི་དུག་གི་རྫ་མ་ཞིག་ས་ཁ་ལ་བཏོན་ནས་ཁ་ཕྱེས་པ་དང་ཅིས་མི་མཚུངས། ཉོན་དང་། དུག་གི་རྫ་མ་དེའི་ནང་ན་ཆེས་འཇིགས་སུ་རུང་བོའི་གདོན་འདྲེ་སྡིག་ཏོ་ཅན་མང་པོ་དམ་ལ་བཏགས་ཡོད། ད་ནི་ཁྱེད་ཚོས་གདོན་འདྲེ་འདི་ཚོ་སྒོར་བཏོན་པ་རེད། ད་ནི་ཁྱེད་ཚོ་རེ་རེ་བྱས་ནས་གསོད་གི་རེད།
གལ་སྲིད་ང་རང་གི་གཟུགས་པོ་ཆུང་ཆུང་འདིས་ཁྱེད་རང་གི་བཀྲེས་ལྟོགས་སེལ་ཐུབ་ན།
ཡག་པོ་རེད། ཟོ། ང་ལ་འགྱོད་པ་གང་ཡང་མེད། ཁྱེད་ཚོའི་བདེ་སྡུག་གི་ཆེད་དུ་ངས་ཅི་ཡང་འབུལ་ཐུབ།
རེད་དེ། ང་ཤི་སོང་ན་ངའི་གཟུགས་པོ་ནང་གི་ནད་འབུ་སྟོངཕྲག་མང་པོར་གནས་བདག་མེད་པར་ཆགས་པ་རེད།
ཁོང་ཚོར་གནས་བདག་མེད་པར་སྡོད་མི་སྲིད།
ང་ཤི་ཚར་རྗེས་ཁོང་ཚོས་གནས་བདག་གཞན་ཞིག་བཙལ་ནས་འགྲོ་གིན་རེད།
ཁྱེད་ཚོ་མི་རྣམས་ཀྱི་ཤ་ཤེད་རྒྱགས་པའི་ལུས་པོ་ནི་ངའི་ནད་འབུ་ཚོའི་ཆེས་དགའ་སའི་གནས་བདག་ཆགས་གིན་རེད།
ངས་ཁྱེད་ཚོ་ལ་གསལ་བོར་བཤད་རྒྱུ་ཞིག་ལ།
ཐེངས་འདིའི་ཝུའུ་ཧན་གྱི་ཏོག་དབྱིབས་ནད་ཡམས་འདི་ངའི་ལུས་སྟེང་ནས་ཁྱེད་ཚོ་ལ་འགོས་པ་རེད། ཀྲུང་ནན་ཧྲན་གྱིས་དེ་ལྟར་བཤད་གིན་ཡོད། བདེན་པ་རང་རེད། ངའི་ལུས་སྟེང་ནས་ཁྱེད་ཚོས་མགྲོན་དུ་བོས་པ་རེད།
ཁྱེད་ཚོའི་བྱེད་སྟངས་དང་སྤྱོད་སྟངས་འདི་ལ་བལྟས་ན།
ངས་སྐྱོ་གདུང་གི་དབུགས་རིང་རེ་འཐེན་རྒྱུ་ལས་བྱེད་རྒྱུ་ཅི་ཡང་མི་འདུག
ངས་ཚེ་རབས་མང་པོར་དཀའ་ལས་རྒྱབ་པའི་འབྲས་བུ་དེ། མཐའ་མཇུག་ཁྱེད་ཚོས་ཡོངས་སུ་རྫོགས་པ་ཆུ་ལ་གཡུག་འགྲོ་གི་འདུག
ངས་ཁྱེད་ཚོ་ལ་ལས་རྒྱུ་འབྲས་ཀྱི་སྐད་ཆ་ཅིག་བཤད།
ཁྱེད་ཚོས་བཏོན་པའི་གཅན་གཟན་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དེ། ང་ཚོ་སྲུང་སྐྱོབ་བྱེད་པའི་ཆེད་དུ་མ་ཡིན་པར། ཁྱེད་ཚོ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན།
ཁྱེད་ཚོས་ང་ཚོ་གསོན་པོར་བཙོས་ནས་ཟ་ཞིང་།
ཁྱེད་ཚོས་ང་ཚོ་དབུགས་བཏུམས་ནས་གསོད།
གནམ་འོག་འདི་ན་ང་ཚོ་སྐྱོབ་པའི་ཁྲིམས་ཤིག་གང་ན་ཡོད།
ང་ཚོའི་ཕྱོགས་སུ་ལངས་ནས་སྐད་ཆ་བཤད་མཁན་ཞིག་ད་བར་བྱུང་མྱོང་མེད།
དངོས་ནས་བཤད་ན་ཁྱེད་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ་བཞིན། ང་ཚོ་ལའང་གཅན་གཟན་གྱི་ཐོབ་ཐང་ལོས་དགོས། ང་ཚོ་ཚང་མ་སེམས་ཅན་གཅིག་པ་རེད། རེད་དེ་ཁྱེད་ཚོས་ཁྲིམས་དེ་ཁྱེད་ཚོ་སྲུང་བྱེད་ཅིག་ལས་ང་ཚོ་སྲུང་མ་མྱོང་།
ངས་ཁྱེད་ཚོ་ལ་སེམས་གཏིང་ནས་འབོད་སྐུལ་ཞིག་ཞུ།
ཁྱེད་ཚོས་ངེས་པར་དུ་ལས་རྒྱུ་འབྲས་ལ་བརྩི་བཀུར་གནང་རོགས།
འཇིག་རྟེན་ཟླུམ་པོ་འདིའི་ཐོག་ཏུ། རང་ཉིད་ལས་ཆེ་བ་དང་མཐོ་བ་ཞིག་མེད་བསམ་མ་འདོད།
མི་ཚེ་ཡི་བདེ་བ་དེ་ང་རྒྱལ་དང་ཕྲག་དོག་གིས་བསྐྲུན་མི་ཐུབ་ལ། གཞན་གྱི་ཚེ་སྲོག་ལ་གནོད་པ་བྱས་པས་དེ་བས་ཀྱང་བསྐྲུན་མི་ཐུབ།
ཁྱེད་ཅག་མི་རྣམས་ནི་དངོས་གནས་བཤད་ན་སེམས་ཅན་ཆུང་ཆུང་ཞིག་ཡིན།
ཁྱེད་རང་ལ་འདོད་རྔམས་ཇི་ལྟར་ཆེ་རུང་འཛམ་གླིང་ཧྲིལ་བོ་འདི་ཁྱུར་མིད་གཏོང་མི་ཐུབ།
གནམ་ནས་འཕུར་ཚད་དང་ས་ནས་འཛུལ་ཚད་ཟ་བ་འདི་ཁྱེད་ཚོ་མིའི་རིགས་ཀྱི་ངོ་ཚ་ཞིག་རེད།
རྒྱ་ནག་པ་ཚོའི་ངོ་ཚ་ཞིག་རེད།
འཇིག་རྟེན་འདིའི་ཐམས་ཅད་ཕྱིན་ཅི་ལོག་ཏུ་བྱེད་པ་ནི་ཁྱེད་ཚོའི་ནོར་འཁྲུལ་ཆེ་ཤོས་དེ་རེད།
བྱེད་སྟངས་འདིས་རང་བཞིན་གཉིས་ཀ་ཕོངས་བར་བྱེད་གིན་ཡོད།
དེང་སང་འཛམ་གླིང་སྟེང་ཐམས་ཅད་ཀྱིས་ཁྱེད་ཚོའི་གདོང་ལ་མཛུབ་མོ་བཙུགས་ནས་འཕྱ་སྨོད་བྱེད་གིན་ཡོད།
བཅའ་ཁྲིམས་ཐམས་ཅད་ཀྱི་ནང་ནས་ཆེས་འདྲ་མཉམ་ལྡན་པའི་བཅའ་ཁྲིམས་ནི་རང་བྱུང་ཁམས་ཀྱི་རྒྱུ་འབྲས་ཀྱི་བཅའ་ཁྲིམས་འདི་ཡིན།
ཁྱེད་ཚོས་ང་ཚོའི་ཚེ་སྲོག་ལ་བཙན་གནོན་དང་ཐུབ་ཚོད་བཏང་ན།
ཁྱེད་ཚོ་ལའང་རྣམ་སྨིན་ཞིག་ངམ་ངམ་ཤུགས་ཀྱིས་འཁོར་ནས་ཡོང་བ་ཡིན།
ཐེངས་འདིའི་ཝུའུ་ཧན་གྱི་དོན་རྐྱེན་འདི་ཁྱེད་ཚོས་བཟོས་པའི་རྣམ་སྨིན་རེད།
རྒྱུ་འབྲས་ཀྱི་བཅའ་ཁྲིམས་ཀྱིས་ཁྱེད་ཚོ་གློད་མི་སྲིད།
མཐའ་མཇུག་ངས་ཁྱེད་ཚོར་བཤད་རྒྱུ་ཞིག་ལ།
ཡི་གེ་འདི་ངས་དུད་འགྲོ་དང་། སྲོད་ཆགས་དུག་སྦྲུལ་དང་། ཙི་ཙི། རི་བོང་། ཁྱི། བྱི་ལ། རུས་སྦལ། ལུག གཡག་ལ་སོགས་ང་ཚོ་དང་སྐྱིད་སྡུག་གཅིག་པའི་སེམས་ཅན་ཡོངས་ཀྱི་ཚབ་བྱས་ཏེ་ཁྱེད་ཅག་ལ་བསྐུར་བ་ཡིན།
ཡི་གེ་འདིར་བལྟས་ཚར་རྗེས་ཁྱེད་ཚོས་འདོད་རྔམས་ཀྱི་རལ་གྲི་དེ་ཕར་བཞག་ནས། སྙིང་རྗེ་ཡི་ཕྱག་ཟུང་དེ་ག་ལེར་ང་ཚོའི་ཕྱོགས་སུ་སྲིང་རོགས་གནང་དང་། ང་ཚོའང་ཁྱེད་ཚོ་ནང་བཞིན་བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན། ཁྱེད་ཚོས་ང་ཚོ་ཚེ་ཐར་ལ་ཐོངས་དང་། རང་བྱུང་ཁམས་ཀྱི་རྒྱུ་འབྲས་བཅའ་ཁྲིམས་ཀྱིས་ཁྱེད་ཚོ་ལ་ཡང་ཏན་ཏན་གུ་ཡངས་གཏོང་སྲིད།
བཀའ་དྲིན་ཆེ།
ཙི་ཙི་སངས་རྒྱས་ཀྱིས་རང་ཁྱིམ་དོང་ནག་དགུ་སྤྲུག་ནས་ཕུལ།
ཀྲའུ་ཧྲོའོ་ཀོང་གིས་བྲིས་ཞིང་འབྲོང་རྒན་གྱིས་སྒྱུར་སྒྲིག་བྱས།
བདེན་པ་ཡིན་ཐག་ཆོད་རེད།
ཨེ་ཧེ་ཧེ། ཁྱེད་ཚོས་འདི་མོ་འདི་བསྒྱུར་ནས་བོད་མི་ཚོར་ཁྱབ་སྤེལ་བྱེད་དོན་ཅི་ཡིན་ནམ། རྒྱ་གུང་ཁྲན་གྱི་རྐུབ་འགེབ་ཡ་ཐབས་བཀོད་འཐེན་པའི་དོན་ཨེ་རེད། ཝུ་ཧན་གྱི་རྒྱ་ནད་འདི་རྒྱ་གུང་ཁྲན་གྱིས་p4ཞིབ་འཇུག་ཁང་གིས་ཆེད་དུ་ཕྱི་ལ་གློད་པའི་ནད་དུག་ཅིག་ཡིན་པ་རྒྱ་གུང་ཁྲན་གྱིས་ཀྱང་ཤོད་ལ་ཤོད་ལ་བྱེད་ཀི་འདུག དེང་ཕྱིན་ཆད་ངོ་ཚ་སྤྱད་འདི་མོ་འདི་བསྒྱུར་གི་མ་འདུག བྱའི་ཕ་ཝང་སྙིང་མ་རྗེ། རྩོམ་ཡིག་འདི་ནི་མིའི་ཀླད་པ་འཁྲུད་བྱེད་ཀྱི་དག་རྫས་ལ་ཆེད་དུ་རྒྱ་གུང་ཁྲན་གྱིས་བཟོས་པ་རེད།
རྩོམ་ཡིག་འདི་སྒྱུར་མཁན་གྱི་འབྲོང་རྒན་འདི་བོད་ཀྱི་འབྲོང་རྒན་ཞིག་མིན་ཐག་ཆོད་རེད། རྒྱའི་འབྲོང་རྒན་རྭ་ཅོ་མ་ཧེ་རྭ་ཅོ་ལྟ་བུ་ཞིག་ཡིན་ཁོ་ཐག་རེད།
བོད་ཀྱི་འབྲོང་རྒན་ཞིག་ཡིན་རྒྱུ་ན་རྭ་ཅོ་དང་རྣམ་དཔྱོད་གཉིས་ལྷན་དུ་དགྲ་ལ་ཤིན་ཏུ་རྣོའོ།། བོད་ཀྱི་འབྲོང་རྒན་ནི་འབྲོང་རུ་དམར་ཞིག་ཡིན་ཡ།