རྒྱ་ཤོད་བུ་ཆུང་དར་རྒྱས།
སྲིད་མཐའ་ལྷུང་བའི་སྔ་ལྟས་འདྲ་། །
ས་ཆུ་མེ་རླུང་རིམས་ནད་སོགས། །
འབྱུང་གཞི་འཁྲུག་པའི་གོད་ཆག་ནི། །
ཤར་ནུབ་ཀུན་ནས་གཅིག་འཕྲོས་གཅིག །
འགུལ་ལྡན་སྲོག་ཆགས་ཡོད་ཚད་བཟས། །
གྲངས་ཉུང་ཉམ་ཆུང་མི་ལ་སྡང་། །
འབངས་ལ་སྨྲ་བའི་རང་དབང་བཅོམས། །
རྒྱ་ལ་ལྷ་ཡིས་བཀའ་ཆད་འདྲ། །
དུག་སྦྲུལ་བཤས་ཏེ་ཕ་ཝང་བཙོས། །
དུག་ཤ་རོལ་བའི་དན་རྟགས་སམ། །
སྐྱེ་ལྡན་རྫས་སྦྱོར་འཁྲུལ་བའི་རྐྱེན། །
ཁ་ཚོན་མི་ཆོད་གནད་དེར་དཔྱད། །
སྲིད་པ་གཡོ་བའི་འཇིགས་པ་སྟེ། །
སྲིན་པོའི་གནས་ཀྱི་འུས་ཧང་དེ། །
བདུད་ཀྱི་གྲོང་ཁྱེར་མངོན་གྱུར་ཏེ། །
ཕྱི་ནང་གསང་གསུམ་རོ་ལས་བྲེལ། །
ས་ཡ་དུ་མའི་གཞིས་གྲོང་དེར། །
འདུ་འཛི་ཟང་ཟིང་ཧོབ་དེ་ཡལ། །
སྟོང་ཞིང་དབེན་པའི་སྲང་ལམ་དང་། །
མི་འདོད་རང་ཁྱིམ་བཙོན་ར་གྱུར། །
དྲ་ཚིགས་གོ་ལའི་མེ་ལོང་ཐོག །
གཏམ་ཚོགས་སྤེལ་བའི་སྤྲིན་ཕུང་འཁྲིགས། །
ཤི་རོ་བསྲེགས་པའི་དྲག་ཆར་བབས། །
སེམས་ཆུང་སྙེང་རྗེའི་བ་སྤུ་ལྡང་། །
མི་རིང་བདུན་གསུམ་འཁོར་མའི་ནང་། །
གཤིན་རྗེའི་ལས་མཁན་ཕྲ་སྲིན་དེས། །
བརྒྱ་འགྱུར་སྟོང་གིས་ཚེ་སྲོག་འཕྲོག །
རྗེས་འབྲེལ་ཁྲི་སྟོང་མདའ་ཡིས་བསད། །
འཁྱོག་བཤད་བརྩོན་པའི་གུང་ཁྲན་གྱིས། །
ཏོག་དབྱིབས་ཅན་གྱི་གནོད་འཚེ་ལས། །
ཤི་བའི་གྲངས་ཚད་ཁྲི་བསྣོགས་པའི། །
གསང་གནས་ཤོར་ཏེ་གནད་དོན་གྱར། །
འབྱུང་བའི་ཉེར་འཚེའི་ཉེར་ལེན་ལས། །
སྲིན་འབུ་ཉིན་ཚེ་བ་ཡི་ལས། །
རྐང་གཉིས་འགྲོ་བའི་སྲོག་རྩར་ཐུག །
ས་བདག་ལྷ་ཀླུས་མ་ཚོར་རམ། །
དད་པ་རང་ག་བ་ཡི་བོད། །
སྔགས་དང་རིལ་ནག་རྩམ་བདུག་ལ། །
བློས་གཏད་ཧ་ཅང་ཆེ་དྲག་ན། །
ཕྲ་སྲིན་མི་དོ་འཕུང་བར་སེམས། །
གླིང་ཕྲན་དུ་མར་ནད་ཡམས་ཁྱབ། །
དེ་འཕྲོས་རྒྱལ་ཁམས་སྡངས་སྐྲག་སྐྱེས། །
རྟ་འུ་ཁམས་སུ་ཛ་དྲག་གྱུར། །
ཁམས་པས་རྒྱ་ཡན་མ་གཏོང་ཨང་། །
དཔྱོད་ལྡན་སྡེ་ལ་ཚད་མར་བཟུང་། །
ཁ་སྣ་ལག་སོགས་དུག་སེལ་གཙང། །
སྨན་དང་ཚན་རིག་མཁས་ཅན་གྱི། །
མཛུབ་སྟོན་གནད་དང་མ་འཆུག་ཨང། །
འཇིགས་རུང་འཕྲང་ལ་འགག་པ་ཡི། །
ལས་ངན་ནད་མནར་ཐར་གྱུར་ཏེ། །
ས་ཡ་བརྒལ་བའི་ཉམས་འཐག་པ། །
འཆི་འཕོ་བ་ཡི་གནས་ནས་གྲོལ། །
2020/02/14
ཏོག་དབྱིབས་ནད་ཀྱིས་བོད་པའི་སྨན་པ་ལ།།
རིམས་སྲུང་རིལ་བུ་ནག་པོ་དགུ་སྦྱོར་རྣམས།།
བཙོང་ནས་ཁེ་སྤོགས་ཆེན་པོ་གསོག་པ་ཡི།།
ཚོང་གི་བསམ་བློ་བཟོ་དབྱིབས་གསར་བ་བཏོད།།
ཏོག་དབྱིབས་ནད་ཀྱིས་བོད་པའི་བླ་སྤྲུལ་ཚོར།།
སྔགས་དང་ཕྱག་རྒྱ་ཏིང་འཛིན་ལ་སོགས་པའི།།
ཆོས་ལུགས་ཆོ་གའི་མཐུ་དང་ནུས་པ་ལ།།
ཡིད་ཆེས་མཐུག་སྲབ་བཟོ་དབྱིབས་གསར་བ་བཏོད།།