འཇམ་དཔལ་རྒྱ་མཚོས་བརྩམས། བཀྲ་ཤིས་རབ་བརྟན་གྱིས་བསྒྱུར།
སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་ལ་ཆེད་ལས་གསུང་སྒྱུར་བ་ཞིག་ཡོད། ཁོང་གི་མིང་ལ་ཁྲིན་མུའུ་ཐཱིན་ཟེར་ཞིང་། ཕ་ཡུལ་ཟི་ཁྲོན་ནས་ཡིན་པའི་རྒྱ་རིགས་ཤིག་ཡིན། ཁོང་ནན་ཅིན་ནས་པེ་ཅིན་དང་། གོ་མིན་ཏང་ནས་ཀྲུང་གོ་གསར་བའི་བར་མུ་མཐུད་དེ་སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་གི་གསུང་སྒྱུར་བ་བྱས་ནས་ཡོང་བའི་མི་ཞིག ཡིན། ༡༩༥༥ ལོའི་གསར་བརྗེར་ངོ་རྒོལ་བ་གཙང་དག་བཟོ་དུས་དང་། ༡༩༦༢ ལོའི་གྲལ་རིམ་འཐབ་རྩོད་ཀྱི་ལས་འགུལ། ༡༩༦༤ ལོའི་གཙང་བཤེར་བཞིའི་ལས་འགུལ་བཅས་སྤེལ་བའི་སྐབས་སུ། སྐུ་ཞབས་ཁྲིན་ལ་ཐེངས་མང་པོར་ཞིབ་བཤེར་བྱས་ཡོད་པ་དང་། འབྲེལ་ཡོད་ལས་ཁུངས་ནས་སྐུ་ཞབས་ཁྲིན་གྱིས་སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་གི་གསུང་སྒྱུར་བྱས་ན་འོས་ཤིང་འཚམ་པོ་མིན་ལུགས་འདོད་ཀྱིན་ཡོད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་ང་རང་སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་གི་གསུང་སྒྱུར་བ་བྱེད་ཐུབ་པ་བྱུང་བ་ཡིན། ང་རང་སྔོན་མ་ནས་སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་ལ་དད་གུས་དང་། བརྩི་བཀུར་བླ་ན་མེད་པ་ཡོད་རུང་། ཁོང་ལ་ཐག་རིང་ནས་མཇལ་མྱོང་བ་ཙམ་ལས། ཁོང་གི་མདུན་ནས་སློབ་སྟོན་ཞུ་རྒྱུ་དང་། ཁོང་ལ་ཞབས་ཞུ། གསུང་སྒྱུར་བཅས་བྱེད་པའི་སྐལ་བཟང་ཐོབ་མྱོང་མེད།
གལ་ཏེ་ཉིན་ཞིག་ང་ལ་སློབ་དཔོན་ཆེན་མོར་ཐད་ཀར་གསུང་སྒྱུར་བྱེད་པའི་སྐལ་བ་རེ་བྱུང་ན། ངས་དམིགས་བསལ་གྱིས་བྱ་བ་དེ་ལ་གཟབ་ནན་དང་། སེམས་གནད་ལ་ཕབ་ནས་སྒྲུབ་འདོད་བྱུང་། གནས་སྟངས་འདིའི་སྐོར་ནས་རང་ཉིད་ལ་བག་ཆགས་ཟབ་མོ་གཉིས་གསུམ་ཙམ་ཞིག་བཞག་པ་ནི། ༡༩༥༩ ལོའི་ཟླ་བ ༤ བའི་ཚེས ༡༠ འམ་ཡང་ན་ཚེས ༩ ཡིན། དེ་ནི་མི་རིགས་དཔེ་སྐྲུན་ཁང་གི་ཀྲུའུ་རེན། ཁྲིན་ཞའོ་རོའུ་ཡིས 陈孝儒་ང་ལ། ཀྲུང་དབྱང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བློ་མཐུན་ལུའི་ཁྲུང་刘春 ལགས། སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་ལ་ཐུག་འཕྲད་དུ་འགྲོ་རྒྱུ་ཡིན་པས།
བདག་གིས་སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོའི་གསུང་སྒྱུར་གྱི་འགན་འཁུར་དགོས་པའི་བརྡ་ལན་ཞིག་འབྱོར་སོང་བ་དེ་ཡིན།
༡༩༥༥ ལོའི་ལོ་སྟོད་ཞིག་ལ་ང་རང་སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་ལ་མཇལ་བའི་སྐལ་བ་ཐོབ་པ་དང་། ཁོང་གི་བཀའ་སློབ་ཡང་ཉན་རྒྱུ་བྱུང། ཡིན་ནའང་། དེ་སྔོན་ངས་ཁོང་ལ་གསུང་བསྒྱུར་གཏན་ནས་བྱས་མྱོང་མེད་པས། ང་རང་ལ་སེམས་ཁྲལ་ཅུང་ཙམ་སྐྱེས་བྱུང་།
དེ་ནས་ངས་ཀྲུའུ་རེན་ཁྲིན་ལ། སློབ་དཔོན་ཆེན་མོར་ཁོང་གི་ཆེད་གཉེར་གསུང་བསྒྱུར་བ་སྐུ་ཞབས་ཁྲིན་ཡོད་པ་མ་རེད་དམ་ཞེས་དྲིས་པ་ལ། ཀྲུའུ་རེན་ཁྲིན་གྱིས། ད་ཁྱེད་རང་འགྲོ་ཟེར་དུས། ཁྱོད་རང་འགྲོ་དགོས། སྐད་ཆ་མང་པོ་མ་འདྲི་ཟེར། ཀྲུའུ་རེན་ཁྲིན་ཞིག་རའོ་陈孝儒 དང་ངེད་གཉིས་ཕན་ཚུན་རྒྱུས་མངའ་ཡོད་ལ། ཁོང་ནི་མཛའ་བརྩེ་ཅན་གྱི་མི་སྣ་ཞིག་ཡིན། ནམ་རྒྱུན་ངེད་ཅག་གཞོན་ནུ་ཚོར་ཐུགས་ཁྲལ་བྱེད་མཁན་ཞིག་ཡིན་མོད། དེ་རིང་རྒྱུ་རྐྱེན་གང་གི་ཆེད་དུ་ཡིན་པ་མི་ཤེས་རུང་ཁོང་གི་གདོང་ན་ཛ་དྲག་གི་རྣམ་པ་ཞིག་མངོན་འདུག དེ་ནས་ངས་ཁོང་ལ་གང་ལ་འགྲོ་དགོས་ཞེས་དྲིས་པར། ཀྲུའུ་རེན་ཁྲིན་གྱིས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བརྡ་སྦྱོར་ལྟར་ན་སློབ་དཔོན་ཆེན་མོའི་ཁྱིམ་ལ་འགྲོ་དགོས་ཟེར། ཁྱེད་རང་མགྱོགས་པོར་སོང་དང་ཀྲུའུ་རེན་ལུའི་ཀྱང་མགྱོགས་པོ་འབྱོར་ངེས་རེད་ཟེར། ཁྲིན་ཀྲུའུ་རེན་གྱིས་ད་དུང་རླངས་འཁོར་སོགས་ཁྱོད་རང་ལ་གྲ་སྒྲིག་བྱས་ཚར་ཡོད། ཞའོ་པེ་小毕 ཡིས་ཁྱེད་རང་བསྐྱལ་གྱི་རེད་ཟེར།
སྐབས་དེར་ང་ཚོ་མི་རིགས་དཔེ་བསྐྲུན་ཁང་གི་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད། སུའུ་ལེན་ནས་ནང་འདྲེན་བྱས་པའི་རླངས་འཁོར་ཆུང་བ་གཉིས་ཡོད་པ་འགོ་ཁྲིད་ཚོས་བཀོལ་དགོས་པ་དང་། ཅི་ཕུའུ་རླངས་འཁོར་ཆུང་བ་གཉིས་ཡོད་པ་ལས་དོན་སྒྲུབ་པར་བཀོལ་བ་ཡིན། མི་རིགས་དཔེ་སྐྲུན་ཁང་ནི་ཧི་ཕིན་ལི་和平里 ས་ཁུལ་ན་ཡོད་པ་དང་། ས་གནས་དེ་ནི་སློབ་དཔོན་བཞུགས་སའི་ཡོང་ཧུ་དགོན་ 雍和宫 དང་ཐག་ཉེ་བོ་ཡིན། ང་ཚོ་སློབ་དཔོན་གྱི་རྒྱ་སྒོའི་འགྲམ་དུ་འབྱོར་ནས་ཅུང་མ་འགོར་བར། ལུའི་ཁྲུང་ཀྲུའུ་རིན་ 刘春主任 ཡང་སླེབས་སོང་།
ང་ཚོ་སློབ་དཔོན་གྱི་མགྲོན་བསུ་ཁང་དུ་འབྱོར་སྐབས་སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོས་དེ་གར་ང་ཚོར་སྒུག་ནས་བཞུགས་འདུག སློབ་དཔོན་ནི་ནམ་རྒྱུན་རྒྱུད་འཇམ་ཞིང་གཤིབ་བདེ་བའི་མི་ཞིག་ཡིན་པ་དང་། བཀའ་མོལ་བྱུང་རྒྱལ་དུ་མི་གསུང་མཁན་ཞིག་ཀྱང་ཡིན།
ལུའི་ཀྲུའུ་རེན་གྱིས་སྐབས་དེར་གཟབ་ནན་ཧ་ཅང་བྱེད་ཀྱིན་འདུག ཁམས་བདེའི་འཚམ་འདྲི་སྟབས་བདེ་ཞིག་བྱས་མ་ཐག་ལམ་སེང་གླེང་གཞི་དངོས་ཀྱི་འགོ་བཙུགས་སོང་ལ། ལུའི་ཀྲུའུ་རེན་གྱིས་བཤད་རྒྱུར། མའོ་ཀྲུའུ་ཞི་ཡིས་ད་རེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེས་མཐོའི་ཚོགས་འདུ་ཞིག་གཙོ་སྐྱོང་གནང་རྒྱུ་ཡིན་པ་དང་། སློབ་དཔོན་ཁྱེད་རང་ཚོགས་འདུའི་ཐོག་དམིགས་གསལ་སྐུ་མགྲོན་ལ་གདན་འདྲེན་ཞུས་སོང་ཟེར། སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་གིས་དབུ་ལྕོག་ལྕོག་གིས། ང་ལའང་བརྡ་སྦྱོར་དེ་འབྱོར་སོང་ཟེར། ལུའི་ཀྲུའུ་རེན་གྱིས་མུ་མཐུད་དེ། དེ་རིང་ང་འདིར་ཡོང་དོན་ནི་སློབ་དཔོན་ཁྱེད་གྱི་གསུང་སྒྱུར་གྱི་གནད་དོན་སྐོར་ནས་ཡིན་ཞེས་ཞུས་བྱུང་། སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་ཅུང་ཙམ་ཡ་མཚན་དང་གྲ་སྒྲིག་ཡོད་པའི་ཐོག་ནས། ངའི་ལོ་ཙཱ་བ་ག་རེ་བྱས་སོང་ཞེས་དྲིས། ལུའི་ཀྲུའུ་རེན་གྱིས། མའོ་ཀྲུའུ་ཞི་ཡིས་ཀྲུན་ནན་ཧེ་ཧོས་རིན་ཐང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེས་མཐོ་བའི་ཚོགས་འདུ་དངོས་སུ་གཙོ་སྐྱོང་གནང་རྒྱུ་རེད། འདི་ནི་ཧ་ཅང་གི་གལ་གནད་ཆེ་བའི་ཚོགས་འདུ་ཞིག་ཡིན་ཙང་། ཀྲུང་དབྱང་གིས་འབྲེལ་ཡོད་ལས་བྱེད་མི་སྣ་ཡོངས་ལ་ཧ་ཅང་གིས་གཟབ་ནན་བྱེད་ཀྱིན་འདུག་པས། ཐེངས་འདིར་ཁྲིན་མུའུ་ཐིན་陈木天 ཁྱེད་རང་གི་གསུང་སྒྱུར་ལ་འགྲོ་མི་ཐུབ་ཞེས་ཞུས།
སྐབས་དེར་ཀྲུང་དབྱང་གི་དབུ་ཁྲིད་ཅིག་གི་ལོ་ཙཱ་བ་བྱེད་དགོས་ན། ཆབ་སྲིད་ཐོག་བློ་འཁེལ་བ་དང་། ལས་དོན་ཐོག་འགན་ཁུར་ཐུབ་པའི་མི་ཞིག་ཡིན་པའི་དམིགས་བསལ་གྱི་རེ་བ་དང་ཆ་རྐྱེན་ཚང་དགོས། དེང་སྐབས་ཀྱི་སྐད་ཆ་ལྟར་བཤད་ན། དམར་ཞིང་མཁས་པ་ཞིག་ཡིན་དགོས་པ་དེ་རེད། དེ་བཞིན་དུ། མའོ་ཀྲུའུ་ཞི་ལ་སྐད་བསྒྱུར་བྱེད་དགོས་ཚེ་དེ་ལས་ཀྱང་ཚད་མཐོ་བ་དང་། གཟབ་ནན། གཏན་འབེབས་གསལ་བོར་ཡོད་པ་ཞིག་ཡིན། དེ་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་དགོས་པ་མ་ཟད། སྲིད་འཛིན་གནས་རིམ་ཨང ༡༦ ཅན་གྱི་ལས་བྱེད་ཅིག་ཡིན་དགོས་ལ། རྫོང་དང་། ཐོན་རིམ་པ་ཡན་གྱི་ལས་བྱེད་བཅས་ཡིན་པའི་ཆ་རྐྱེན་ཚང་དགོས་པ་རེད། བཅིངས་གྲོལ་བྱས་མ་ཐག་གི་རྫོང་དང་ཐོན་རིམ་པའི་ལས་བྱེད་མང་ཆེ་ཤོས་རི་འགོག་དམག་འཁྲུག་དུས་སྐབས་སུ། གསར་བརྗེར་ཞུགས་མྱོང་བའི་ལས་བྱེད་རྒན་པ་རྣམས་ཡིན།
སྐབས་དེར་པེ་ཅིན་དུ་ཡོད་པའི་བོད་རིགས་ལས་བྱེད་པའི་ཁྲོད་ཆ་རྐྱེན་འདི་དག་ཚང་མཁན་ནི་ཕུན་དབང་དང་ཁོང་གི་སྤུན་ཆུང་ཐུབ་དབང་གཉིས་ཡིན། ང་ནི་གུང་ཆེན་ཐོན་ཡོན་青团员 ཡིན་ཞིང་། སྲིད་འཛིན་གནས་རིམ་ཨང ༢༠ ཡིན་པས། མོའོ་ཀྲུའུ་ཞི་ལ་སྐད་བསྒྱུར་བྱ་རྒྱའི་ཆ་རྐྱེན་ཚང་ཡོད་པ་མ་རེད།
སྐབས་དེར་ངས་མ་ཤེས་ཀྱང་རྗེས་སུ་ཤེས་རྟོགས་བྱུང་བ་ལྟར་ན། རྩ་འཛུགས་ཀྱི་ངོས་ནས་ཕུན་དབང་སྤུན་མཆེད་གཉིས་ལ་ཡིད་ཆེས་བརླག་ཚར་འདུག་པ་དང་། ལོ་གཉིས་ཀྱི་རྗེས་སྟེ། ༡༩༦༠ ལོའི་སྤྱི་ཟླ ༨ པ་དང་ ༩ པའི་ནང་སྔ་གཞུག་ཏུ་ཕུན་དབང་དང་ཁོང་གི་སྤེན་མཆེད་གཉིས་འཛིན་བཟུང་བྱས་ཏེ། ཆིན་ཁྲིན་བཙོན་ཁང་秦城监狱 དུ་བཅུག་ཅིང་། ཕུན་དབང་ལོ་བཅོ་བརྒྱད་དང་། ཐུབ་དབང་ལོ་བཅོ་ལྔར་བཙོན་འཇུག་བྱས་པ་རེད། ཁོང་གཉིས་བཙོན་གྲོལ་ཐོབ་རྗེས་སུའང་མུ་མཐུད་དེ། ༡༩༨༠ ལོར་དཀར་འདོན་མ་བྱས་བར་དུ་ལྟ་རྟོག་བྱས་ཡོད།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྐབས་དེར་བློ་མཐུན་བློ་བཟང་ཚུལ་ཁྲིམས་ལགས་བོད་ལྗོངས་ནས་གནས་སྤོ་བྱས་ཏེ། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དང་ང་ཕོད་རྣམ་གཉིས་ཀྱི་གསུང་སྒྱུར་བྱེད་དུ་བཅུག་ཡོད། བློ་བཟང་ཚུལ་ཁྲིམས་ནི་ཕ་ཡུལ་འབའ་ཐང་ནས་ཡིན་ཞིང་། བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་ཀྲོན་ཡོན་(专员)ལས་ཐོག་པ་དང་། སྐབས་དེར་ཀྲུང་དབྱང་མཐོ་རིམ་དཔོན་རིགས་ལ་སྐད་སྒྱུར་བྱེད་རྒྱུའིི་ཆ་རྐྱེན་འཛོམས་པའི་མི་གཅིག་པུ་དེ་ཡིན་ལ། ཕུལ་བྱུང་ཅན་གྱི་ལས་བྱེད་པ་ཞིག་ཀྱང་ཡིན། རྗེས་སུ་ཁོང་གིས་བོད་རང་སྐྱོང་ལྗོངས་ཏང་གི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་ཁུར་བ་རེད། ༡༩༨༠ ལོར། ཀྲུང་དབྱང་གིས་ཐེན་པའོ་天宝 ཕྱིར་ཟི་ཁྲོན་ལ་མངགས་པ་དང་། བློ་མཐུན་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡི་ལས་གནས་འཁུར་རྒྱུའི་ཐག་གཅོད་བྱས། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས། བློ་མཐུན་བློ་བཟང་ཚུལ་ཁྲིམས་པེ་ཅིན་དུ་བོས་ཏེ་ཁ་བརྡ་སློབ་གསོ་བྱས་པ་ནི། ཀྲུང་དབྱང་དང་ལྗོངས་ཏང་ཨུ་ནས་བློ་མཐུན་བློ་བཟང་ཚུལ་ཁྲིམས་ལགས་མ་འོངས་པར་གསོ་སྐྱོང་བྱེད་རྒྱུའི་དམིགས་ཡུལ་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ། ཁོང་ཕྱིར་ལྷ་སར་ལོག་ནས་ཉིན་ཤས་ཀྱི་རྗེས། ངལ་དུབ་དང་གློ་བུར་སྙིང་ནད་ཀྱིས་རྐྱེན་བྱས་ཏེ་དགོངས་པ་རྫོགས། དེ་ནི་དུས་གཏན་དུ་ང་ལ་བློ་ཕམ་བསྐྱེད་གཞིའི་གནས་ཚུལ་ཞིག་ཡིན།
ངས་སྔོན་ལ་བཤད་པ་བཞིན། སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་ལ་སྐུ་སྒེར་གྱི་གསུང་སྒྱུར་ཁྲིན་མུའུ་ཐེན་ཟེར་བ་ཞིག་ཡོད། ༡༩༥༥ ལོར་གསར་བརྗེར་ངོ་རྒོལ་བ་གཙང་དག་བཟོ་བའི་སྐབས་དེར། མི་གཅིག་གིས་ཁྲིན་མུའུ་ཐཱེན་陈木天གོ་མིན་ཏང་ཅུན་ཐུང་(军统特务)གི་མྱུལ་མ་ཡིན་པར་སྐྱོན་འཛུགས་བྱས་ཏེ། ལས་སྣེ་ནས་གནས་དབྱུང་གཏོང་དགོས་པའི་རེ་བ་བཏོན། སྐབས་དེར་སློབ་དཔོན་ཤེས་རབ་རྒྱ་མཚོ་ལགས་འཐད་པ་མ་བྱུང་པར། ཁྲིན་མུའུ་ཐཱེན་陈木天ནི་ནན་ཅིན་ནས་བཟུང་སྟེ་ང་དང་མཉམ་དུ་ཡོང་བའི་ངའི་དགེ་ཕྲུག་ཞིག་ཡིན། ཁྱེད་ཚོས་ཁོང་གོ་མིན་ཏང་ཅུན་ཐོང་军统特务གི་མྱུལ་མ་ཡིན་པའི་བདེན་དཔང་ར་སྤྲོད་ག་བར་ཡོད་ཁྱེར་ཤོག་ཅེས་གསུངས་བྱུང་བ་དང་།
སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་ལ་མཚན་སྙན་གྲགས་ཆེ་བ་དང་། ཁྲིན་མུའུ་ཐཱེན་陈木天 དངོས་གནས་མྱུལ་མ་ཡིན་པ་སོགས་ཀྱི་བདེན་དཔང་ར་སྤྲོད་གང་ཡང་བྱེད་རྒྱུ་མེད་པ་བཅས་ལ་བརྟེན། འབྲེལ་ཡོད་ལས་ཁུངས་དག་ནས་ཐབས་ཤེས་གཞན་གང་ཡང་མ་རྙེད་པར། ཁྲིན་མུའུ་ཐཱེན ༡༩༥༥ ལོའི་གསར་བརྗེ་ངོ་རྒོལ་བ་གཙང་དག་བཟོ་སྐབས་ཀྱི་དཀའ་ངལ་དེ་བརྒྱུད་མ་དགོས་པ་རེད།
ལོ་དེའི་སྤྱི་ཟླ ༦ པ་དང་ ༧ པ་ནང་། ང་རང་ཐེངས་དང་པོར་པེ་ཅིན་དུ་འབྱོར་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་དང་པོའི་ཐེངས་གཉིས་པའི་ཚོགས་ཆེན་གྱི་ལོ་ཙཱ་བ་བྱས་ཤིང་། སློབ་དཔོན་མཆོག་དང་སྐུ་ཞབས་ཁྲིན་རྣམ་གཉིས་ལ་མཇལ་བ་ཡང་ཐེངས་དང་པོ་ཡིན། སྐབས་དེར་སློབ་དཔོན་ཆེན་མོས་སྐུ་ཞབས་ཁྲིན་བརྒྱུད་ནས་ང་ལ་སྤྲོ་འཁྱམ་འཛིན་བྱང་游园票 ཞིག་གནང་བ་དེས་ང་རང་ཐེངས་དང་པོར་མའོ་ཀྲུའུ་ཞི་ལ་མཇལ་བའི་གོ་སྐབས་ཐོབ། བདག་གིས་ཁོང་རྣམ་གཉིས་ཀྱི་བཀའ་དྲིན་གསབ་པའི་ཆེད་དུ། ཆེད་དུ་ཕྱིར་དྲན་གྱི་རྩོམ་ཡིག་ཞིག་ཀྱང་བྲིས་པ་ཡིན།
ཡིན་ནའང་། ༡༩༥༩ ལོའི ༣་༡༠ དོན་རྐྱེན་གྱི་རྗེས་ནས། ཆབ་སྲིད་ཀྱི་རྣམ་པར་གློ་བུར་དུ་འགྱུར་ལྡོག་བྱུང་བ་དང་། མའོ་ཀྲུའུ་ཞིས་སྐུ་དངོས་སུ་ཀྲུང་ནན་ཧའེ་ཧོན་རན་ཐང་དུ་ཆེས་མཐོའི་རྒྱལ་སྲིད་ཚོགས་འདུ་གཙོ་སྐྱོང་མཛད། ཀྲུང་ནན་ཧའེ་ཧོན་རན་ཐང་གི་ནང་དུ་མི་གང་ཡིན་སོང་མི་ཆོག་ལ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ལུའི་ཁྲུང་དམིགས་འཛུགས་ཀྱིས (ཀྲུང་དབྱང་ཨུ་ཡོན་གྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རིན་གཞོན་པ) འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཚབ་བྱས་ཏེ་སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་ལ་གོ་བསྡུར་བྱས་པ་བརྒྱུད་དེ་ང་ཁོང་དང་མཉམ་དུ་འགྲོ་རྒྱུ་བྱས། ང་ཚོ་གནས་དེར་འགྲོ་སྐབས་ཀྲུའུ་རིན་ལུའི་ཡིས་ང་ལ། ཀྲུང་དབྱང་གི་གཏན་འབེབས་གསལ་བོ་ཞིག་ལ། ཀྲུང་ནན་ཧའེ་ཡི་ནང་ལ་འགྲོ་སྐབས་ནན་ཏན་ཀྱིས་ཞིབ་བཤེར་བྱེད་ཀྱིན་རེད། འདིའི་སྐོར་ལ་ང་ཚོའི་འཐབ་ཕྱོགས་གཅིག་གྱུར་པུའུ་ལའང་འགན་ལེན་དང་ཐག་གཅོད་བྱེད་དབང་གང་ཡང་མེད་ཅེས་བཤད་བྱུང་ལ། ཐེངས་འདིར་སློབ་དཔོན་ཆེན་མོས། གང་ལྟར་སྐུ་ཞབས་ཁྲིན་ལགས་གསུང་སྒྱུར་ལ་ཁྲིད་མི་ཆོག་པའི་གནས་སྟངས་འདི་ལ། སློབ་དཔོན་གྱིས་ཀྱང་བསམ་ཤེས་གནང་དགོས་པའི་རེ་བ་ཡང་བཏོན་པར། སློབ་དཔོན་ཆེན་མོས་མི་འདོད་བཞིན་ཏུ་གསུང་རྒྱུར། ཀྲུང་དབྱང་ལ་དེ་ལྟ་བུའི་གཏན་འབེབ་ཅིག་ཡོད་ན་ང་ཚོས་བརྩི་བཀུར་བྱེད་དགོས་རྒྱུ་རེད། ཅེས་གསུངས་ཞིང་། ཅུང་ཙམ་གྱི་རྗེས་ཁོང་གིས་ལུའི་ཁྲུང་ལ། ཁྱེད་ཚོས་ང་ལ་མི་སུ་ཞིག་ལོ་ཙཱ་བ་བྱེད་དུ་འཇུག་རྩིས་ཡོད་ཟེར། ལུའི་ཁྲུང་ལ་སྔོན་ནས་གྲ་སྒྲིག་ཡོད་པས། ང་ལ་མཛུབ་མོ་འཛུགས་ཞོར་དུ། ང་ཚོས་བློ་མཐུན་འཇམ་དཔལ་ཁྱེད་རང་གི་གསུང་སྒྱུར་ལ་གཏོང་རྩིས་ཡོད། དེ་འགྲིག་རྒྱུ་རེད་ལ་ཞེས་ཞུས་སྐབས། སློབ་དཔོན་གྱིས་ང་ལ་ཞལ་ཟུར་གྱིས་བལྟ་ཙམ་བྱས་པ་ལས་ཅི་ཡང་གསུངས་མ་སོང་། ང་ནི་སྐབས་དེར་བློ་འཚབ་ཆེན་པོ་ཞིག་སྐྱེས་བྱུང་། ང་རང་ཐེངས་དང་པོར་སློབ་དཔོན་ཆེན་མོ་དང་འདི་འདྲའི་ཐག་ཉེ་བོ་དང་། ཁོང་ལ་གསུང་སྒྱུར་བྱེད་པའི་གོ་སྐབས་ཐོབ་པ་ཡིིན། ཁོང་དང་མཇལ་སྐབས་སློབ་དཔོན་ཆེན་མོས་སྐད་ཆ་ཅི་ཡང་གསུངས་མ་སོང་། ལུའི་ཁྲུང་ནས་གང་མགྱོགས་དགོས། བློ་མཐུན་འཇམ་དཔལ་གྱིས་སྔོན་མ་ནས་སློབ་དཔོན་ཁྱེད་རང་ངོ་ཤེས་ཀྱིན་རེད། ཁོང་ནི་སྐལ་བཟང་ཡེ་ཤེས་ཀྱི་སློབ་མ་ཡིན་ལ། ལོ་ཙཱ་བ་ཕུལ་བྱུང་ཅན་ཞིག་ཀྱང་ཡིན་ཞེས་ཞུས།
སྐལ་བཟང་ཡེ་ཤེས་ནི་ང་ཚོ་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་སྡེ་ཁག་གི་ཀྲུའུ་རིན་གཞོན་པ་ཡིན། ༡༩༥༦ ལོར་ང་ཚོ་ལྷོ་ནུབ་མི་རིགས་སློབ་གླིང་ནས་མཉམ་དུ་པེ་ཅིན་ལ་གནས་སྤོས་བྱས་པ་དང། སྐལ་བཟང་ཡེ་ཤེས་ཀྱིས་སྔོན་མ་ལྷ་སར་སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་དགེ་རྒན་ཏུ་བསྟེན་མྱོང་ཡོད། རྗེས་སུ་ཁོང་མཉམ་དུ་ནན་ཅིན་དུ་ཕེབས་ནས་བོད་སོག་ལས་ཁུངས་སུ་ལས་ཀ་བྱས་ཤིང་། བཅིངས་འགྲོལ་བཏང་རྗེས་སློབ་དཔོན་ཆེན་མོ་དང་མཉམ་དུ་པེ་ཅིན་དུ་ཡོང་བ་རེད། ཁོང་དགེ་སློབ་རྣམ་གཉིས་ཀྱི་བར་ལ་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པ་དང་། ང་ཚོ་བོད་ཡིག་སྡེ་ཁག་ལ་དཀའ་ངལ་ནམ་འཕྲད་སྐབས་རྒན་སྐལ་བཟང་ཡེ་ཤེས་བརྒྱུད་སློབ་དཔོན་ཆེན་མོར་བཀའ་འདྲི་ཞུ་བཞིན་ཡོད། ཡིན་རྒྱུ་ནི། ལུའི་ཁྲུང་གིས་ང་རང་སྐལ་བཟང་ཡེ་ཤེས་ཀྱི་སློབ་མ་རེད་ཞེས་བརྗོད་དགོས་དོན། ང་ཚོས་སློབ་དཔོན་ཆེན་མོ་ཁྱེད་རང་གི་དགེ་ཕྲུག་ཁྲིན་མུའུ་ཐཱིན་ཁྲིད་ནས་ཡོང་མ་ཐུབ་ཀྱང་། ཁྱེད་ཀྱི་དགེ་ཕྲུག་གི་དགེ་ཕྲུག་ཁྲིད་ཡོང་བ་ནི་སློབ་དཔོན་མཆོག་ལ་བརྩི་བཀུར་དང་ཡིད་ཆེས་བྱེད་བཞིན་པའི་རྣམ་འགྱུར་ཞིག་བསྟན་པ་རེད་འདུག
སློབ་དཔོན་ཆེན་མོས་ཕྱག་བརྡ་ཅིག་དང་མཉམ་དུ་འཛུམ་ཞོར་དུ། འགྲིག་གི་རེད་གསུངས་སོང་། ལུའི་ཁྲུང་ཧ་ཅང་དགའ་སྣང་དང་བཅས། ད་ཡིན་ན་དེ་ལྟར་གཏན་འཁེལ་བ་ཡིན་ཟེར་ཞོར་དུ། བདེ་མོ་བཞག་ནས་འགྲོ་རྩིས་བྱེད་སྐབས། སློབ་དཔོན་རྐུབ་བཀྱག་ཐོག་བཞུགས་ཏེ་ལག་གཡས་ཀྱི་ཕྱག་མཛུབ་ལུའི་ཁྲུང་ལ་བཙུགས་ཏེ། ལུའི་ཀྲུའུ་རིན། ད་རེས་གཅིག་པོ་ཡིན་དཱ། ཞེས་གསུངས་བྱུང་། ལུའི་ཁྲུང་གིས་ཐག་ཆོད་པའི་སྒོ་ནས། ཡིན་དང་ཡིན། རྗེས་ནས་དྲུང་ཡིག་ཁྲིན་གྱིས་མུ་མཐུད་དེ་ཁྱེད་ལ་ལོ་ཙཱ་བྱེད་ཀྱི་རེད་ཞེས་ཞུས། ང་རང་ལོ་ཙཱ་བ་ཞིག་ཡིན་པའི་ཆ་ནས་དོ་སྣང་ཞིག་བྱུང་བ་ནི། ལུའི་ཁྲུང་གིས་ཁྲིན་མུའུ་ཐཱིན་ཀྲུང་ནན་ཧའེ་ཡི་ནང་དུ་འགྲོ་ཆོག་གི་མ་རེད་ཞེས་གཟབ་ནན་དང་། གྲོས་སྡུར་བྱེད་ས་མེད་པ། སྐད་ཤུགས་དྲག་པོའི་བརྗོད་སྟངས་དེ་དང་། རྗེས་སུ་དྲུང་ཡིག་ཁྲིན་ཞེས་བརྗོད་སྐབས་བཤད་སྟངས་འཇམ་པོ་གནང་པའི་བཤད་ཚུལ་མ་འདྲ་བ་གཉིས་བསྟན་པ་དེ་རེད།
ཀྲུང་གོའི་སྤྱི་ཚོགས་དང་། ལྷག་པར་དུ་དཔོན་རིགས་ཀྱི་ཁོར་ཡུག་ནང་། མིང་གི་འབོད་ཚུལ་ནི་ཧ་ཅང་གལ་ཆེན་པོ་ཡིན་ཞིང་། མིང་གི་འབོད་ཚུལ་དེ་ལས་གལ་འགངས་ཆེ་བའི་ཆབ་སྲིད་ཀྱི་གནས་སྟངས་མང་པོ་ཞིག་ཀྱང་ཕྱིར་ལ་ཤོར་སྲིད། དེ་བས་ང་ཚོ་ལོ་ཙཱ་བའི་བྱ་བ་སྒྲུབ་མཁན་ཚོས་གནས་སྟངས་དེ་འདྲའི་རིགས་ལ་ངེས་བར་དུ་སེམས་ཆུང་བྱེད་དགོས་པ་ཡིན།
མའོ་ཀྲུའུ་ཞི་ཡིས་སྐུ་དངོས་སུ་ཐེངས་བཅུ་དྲུག་པའི་ཆེས་མཐོའི་རྒྱལ་སྲིད་ཚོགས་འདུ་གཙོ་སྐྱོང་དང་། གལ་ཆེའི་གཏམ་བཤད་གནང་བ་རེད། དེའི་རྗེས་ནས་དེ་འདྲའི་ཆེས་མཐོའི་རྒྱལ་སྲིད་ཚོགས་འདུ་དེ་འདྲ་ཚོགས་མྱོང་ཡོད་པ་མ་རེད།
དངོས་གནས་བཤད་ན། ༡༩༥༩ ལོའི་ཟླ ༤ བའི་ཚེས ༡༥ ཉིན། མའོ་ཀྲུའུ་ཞི་ཡིས་སྐུ་དངོས་སུ་ཐེངས་བཅུ་དྲུག་པའི་ཆེས་མཐོའི་རྒྱལ་སྲིད་ཚོགས་འདུ་གཙོ་སྐྱོང་མཛད་པ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་ཆེས་གལ་གནད་ཆེ་བ་དང་། ཆེས་མཐའ་མའི་ཆེས་མཐོའི་རྒྱལ་སྲིད་ཚོགས་འདུ་དེ་ཡིན། ཚོགས་འདུ་དེའི་ཐོག་གི་གྲོས་དོན་གཙོ་བོ་ནི་བོད་ཀྱི་གནད་དོན་ཡིན་ཞིང་། ཚོགས་འདུའི་ཐོག་དུ་ཏང་དང་རྒྱལ་ཁབ་ཀྱི་གཙོ་འཛིན་ལུའུ་ཧྲའོ་ཆི་刘少奇 དང་། ཀྲོའུ་ཨེན་ལི 周恩来 ། ཀྲུའུ་ཏེ 朱德 ། ཕིན་ཏི་ཧོས། 彭德怀 ཏིན་ཞའོ་ཕིན་ 邓小平 བཅས་མཉམ་ཞུགས་གནང་ཡོད་པ་རེད། བོད་ཀྱི་གནད་དོན་གྱི་ཐད་ལ་ལུའུ་ཝེ་ཧན་ 李维汉 དང་། ཝུའུ་ལན་ཧྥུའུ 乌兰夫 ། ཞི་ཀྲུང་ཞིན་习仲勋 བཅས་ཕེབས་ཡོད་པ་དང་། དེའི་ཁར་ད་དུང་པཎ་ཆེན་སྐུ་ཕྲེང་བཅུ་བ་དང་། སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ། ང་ཕོད་ངག་དབང་འཇིགས་མེད།阿沛·阿旺晋美 འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།帕巴拉·格勒朗杰 ཇི་འཇིགས་མེད། 计晋美 དཔལ་མགོན་འཕྲིན་ལས།华尔功赤烈 གསོན་གོན་ཡན།索观瀛 བྱ་རྒོད་ཁུ་སྟོབས་ལྡན།夏克刀登 འཇམ་དབྱངས་ཕག་མོ། 降央伯姆 ངག་དབང་རྒྱ་མཚོ།阿旺嘉措 ཧོང་ཀྲིན་ཆིན།(ཨ་པ་ཨ་ལོ) 黄正清(阿巴阿乐)སུང་མོ་སྤྲུལ་སྐུ།松谋活佛 དཀོན་མཆོག་衮确活佛 སྤྲུལ་སྐུ་བཅས་ཆོས་ལུགས་དང་མི་རིགས་ཀྱི་ཆེས་མཐོའི་མི་སྣ་རྣམས་ཀྱང་ཕེབས་ཡོད། བོད་མི་དམར་དམག་རྒྱང་སྐྱོད་པ་ཐེན་པོ་དང་བཀྲ་ཤིས་དབང་ཕྱུག་རྣམ་གཉིས་ཀྱང་ཚོགས་ཞུགས་གནང་ཡོད་པ་རེད།
ང་ནི་སྐབས་དེའི་ཆེས་མཐོའི་རྒྱལ་སྲིད་ཚོགས་འདུའི་ལོ་ཙཱ་བ་ཡིན་པ་དང་། མའོ་ཀྲུའུ་ཞིའི་སློབ་སྟོན་ལ་ཐད་ཀར་ཉན་རྒྱུ་བྱུང་བ་དེ་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་ལ། དུས་རབས་ཕྱེད་ཀ་ཙམ་ཕྱིན་ཚར་ཡང་ངས་ཁོང་གི་སློབ་སྟོན་དེ་དག་ད་དུང་ཡིད་ནས་བརྗེད་ཐབས་མི་འདུག
མི་དམངས་འཐུས་མི་དང་སྲིད་གྲོས་ཀྱི་འཐུས་མི། ཨུ་ཡོན་རྣམ་པ་བཅས་ཚང་མ་པེ་ཅིན་དུ་འབྱོར་ནས་ཚོགས་འདུ་དེར་ཚོགས་ཞུགས་གནང་རྒྱུ་བྱས་ཡོད་ཀྱང་། ཁོང་ཚོའི་གྲས་ནས་ཁ་ཤས་ཤིག་མ་གཏོགས་ཚོགས་འདུའི་ཐོག་དངོས་སུ་ཞུགས་ཐུབ་པ་བྱུང་མེད། བོད་རིགས་འཐུས་མི་དང་ཨུ་ཡོན་ཚང་མ་གདན་འདྲེན་ཞུས་ཡོད་ཀྱང་། ཁོང་ཚོ་ཚང་མ་ཚོགས་རའི་གཞུག་གྲལ་དུ་བཞུགས་ཡོད། པཎ་ཆེན་རིན་པོ་ཆེ་དང་། ང་ཕོད་རྣམ་གཉིས་ཀྲུའུ་ཞི་ཡི་སྟེགས་བུའི་ཐོག་ཏུ་མའོ་ཀྲུའུ་ཞི་དང་མཉམ་དུ་བཞུགས་ཡོད། བློ་བཟང་ཚུལ་ཁྲིམས་ལགས་ཁོང་རྣམ་གཉིས་ཀྱི་རྒྱབ་དུ་བསྡད་དེ་ལོ་ཙཱ་བྱས། སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་ནི་ཚོགས་རའི་ནང་ཚོགས་གྲལ་གསུམ་པའི་དཀྱིལ་དུ་མའོ་ཀྲུའུ་ཞི་དང་ཁ་སྤྲོད་དུ་བཞུགས་ཡོད།
སྐབས་དེར་གྲངས་ཉུང་མི་རིགས་དང་རྒྱལ་སྤྱིའི་མཛའ་གྲོགས་ཁག་ཅིག་ཀྱང་གདན་འདྲེན་ཞུས་ཡོད། ཚོགས་འདུའི་ཐོག་མའོ་ཀྲུའུ་ཞི་དང་། ལུའི་ཀྲུའུ་ཞི། ཀྲོའུ་ཙོང་ལི་དང་། ཀྲུང་དབྱང་གི་འགོ་ཁྲིད་གཞན་དག་ཚོས་རང་རང་གི་སྙན་ཞུ་སྒྲོག་སྦྱོང་མཛད། ཚོགས་རའི་ནང་མི་གྲངས་ཉུང་ཞིང་གཏམ་བཤད་གནང་མཁན་མང་བས། དུས་གཅིག་ཏུ་སྐད་སྒྱུར་དང་ཆ་རྐྱེན་གཉིས་ཀ་མེད་པར་སོང་ཙང་། ཚོགས་བཅར་བ་ཚོས་རང་ཉིད་ཀྱི་སྐད་སྒྱུར་བ་ཁྲིད་ཡོང་ནས་སྐད་དམའ་མོས་ལོ་ཙཱ་བྱས་པ་རེད། ང་རང་གིས་སློབ་དཔོན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་ལ་སྐད་བསྒྱུར་བྱས་པ་དང་། བློ་མཐུན་བློ་བཟང་ཚུལ་ཁྲིམས་ཀྱིས་མའོ་ཀྲུའུ་ཞི་ལ་ཐད་ཀར་སྐད་བསྒྱུར་བྱས་ཡོད།
ངས་དྲན་གསལ་ལ། བོད་རིགས་འཐུས་མི་དང་ཨུ་ཡོན་གཞན་དག དེ་བཞིན་མི་རིགས་གཞན་དག་གི་འཐུས་མི་དང་ཨུ་ཡོན་ཚོར་ལོ་ཙཱ་བ་བཀོད་སྒྲིག་བྱས་མི་འདུག
རྗེས་སུ་ངས་ཤེས་རྟོགས་བྱུང་བ་ལ། མའོ་ཀྲུའུ་ཞི་དང་། ལུའི་ཀྲུའུ་ཞི། ཀྲོའུ་ཙོང་ལི་ལྟ་བུའི་ཆེས་མཐོའི་དབུ་ཁྲིད་ཚོས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་དང་། ཁོང་ཚོས་གལ་ཆེའི་གསུང་བཤད་གནང་སྐབས། གདན་ཞུས་འཐུས་མི་ཚོས་རྒྱ་སྐད་གོ་དང་མི་གོ་གང་ཡིན་རུང་། དྲུང་ཡིག་དང་ལས་རོགས་མི་སྣ་མཉམ་ཁྲིད་བྱེད་རྒྱུ་ནི་སོ་སོའི་ཐོབ་ཐང་དང་ཐད་ཀར་གྱི་འབྲེལ་བ་ཡོད་པ་ཞིག་རེད།
ཉིན་གཉིས་པ་སྟེ། ༡༩༥༩ ལོའི་ཟླ ༤ བའི་ཚེས ༡༦ ཉིན་གྱི་མི་དམངས་ཉིན་རེའི་ཚགས་པར་དང་། རྒྱལ་སའི་མངའ་ཁུལ་གྱི་ཚགས་པར་ཆེ་མ་ཆུང་གསུམ་གྱི་པར་ངོས་དང་པོའི་འགོ་བརྗོད་དུ་གནས་ཚུལ་དང་འདྲ་པར་མང་པོ་བཀྲམས་འདུག་ལ། མི་དམངས་ཉིན་རེའི་ཚགས་པར་གྱི་འགོ་བརྗོད་དུ་ཡིག་ཆེན་ནག་པོས། མའོ་ཙེ་ཏུང་ཀྲུའུ་ཞི་ཡིས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་སྟངས་སྐོར་ལ་གསུང་བཤད་གནང་ཞོར་དུ་བོད་ཀྱི་གནས་སྟངས་སྐོར་ལའང་གསུང་བཤད་གནང་ཡོད། ཅེས་འཁོད་འདུག། སྐབས་དེར་ཁོང་ཚོས་ཞོར་དུ་བོད་ཀྱི་གནས་སྟངས་གླེང་ཡོད་ཞེས་བརྗོད་འདུག་མོད། དོན་དངོས་སུ་སྐབས་དེར་བོད་ཀྱི་གནས་སྟངས་གཅིག་པུ་མ་གཏོགས་གླེང་ཡོད་པ་མ་རེད། རྗེས་ནས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་བརྒྱུད་ཤེས་རྟོགས་བྱུང་གསལ་ལ། མའོ་ཀྲུའུ་ཞི་ཡིས་ཚོགས་འདུ་གཞན་ཞིག་གི་ཐོག་གནད་དོན་གཞན་ཡང་གླེང་ཡོད་ཚོད་འདུག
མའོ་ཀྲུའུ་ཞིས་ཚོགས་འདུ་དེའི་ཐོག་གཏམ་བཤད་ཀྱི་མ་ཟིན་ཡིག་ཆ་བཟུང་མི་འདུག སྤྱིར་སྡིངས་ཆའི་ཐོག་གི་གཙོ་འཛིན་རེ་རེའི་མདུན་ཅོག་ཐོག་ཏུ་ཤོག་བུ་དང་། དམར་ནག་ཚོན་ཁྲ་ཅན་གྱི་ཞ་སྨྱུག་རེ་བཞག་ཡོད། དེ་དག་ཚང་མ་ངས་གཤམ་འོག་ནས་གསལ་བོར་མཐོང་ཐུབ་གིན་འདུག རྗེས་སུ་མའོ་ཀྲུའུ་ཞིའི་འཁྲིས་སུ་ཡོད་པའི་བློ་བཟང་ཚུལ་ཁྲིམས་ལ་དེའི་སྐོར་དྲིས་པར་ཁོང་གིས་ཀྱང་མའོ་ཀྲུའུ་ཞི་ལ་གཏམ་བཤད་མ་ཟིན་ཡིག་ཆ་མེད་པ་གསལ་བོར་ཤེས་རྟོགས་བྱུང་ཟེར། སྐབས་དེའི་གཏམ་བཤད་ཚང་མ་ལྷུག་བརྗོད་གནང་སྟངས་ཤིག་རེད། ཀྲུའུ་ཞིས་མཚམས་རེར་མང་ཚོགས་ལ་ཁ་ཕྱོགས་ཏེ་གསུངས་པ་དང་། མཚམས་རེར་པཎ་ཆེན་དང་ང་ཕོད་ལ་ཁ་ཕྱོགས་ཏེ་བཤད་ཀྱིན་འདུག་ཀྱང་། གཙོ་བོ་པཎ་ཆེན་རིན་པོ་ཆེ་ལ་བཤད་ཀྱིན་འདུག ཚོགས་འདུའི་ཐོག་སྒྲ་སྐྱེད་འཕྲུལ་ཆས་བཀོལ་ནས་བཤད་ཀྱི་ཡོད་མོད། སྡིངས་ཆའི་འོག་ནས་དེ་འདྲ་གསལ་བོ་ཞིག་གོ་ཐོས་མི་ཐུབ། དེའི་ཁར་ཙུང་ལིས་སྐད་ཆའི་བར་ལ་འཚང་ཁ་མང་ཙམ་བརྒྱབ་པ་དང་། ཚོགས་རྭའི་ནང་ཡོད་པའི་འགོ་ཁྲིད་གཞན་དག་ཚོས་ཧ་ལམ་སྐད་ཆ་གཅིག་ཀྱང་བཤད་མ་སོང་། ཚོགས་འདུའི་ནང་སྐབས་རེར་ཀྲུའུ་ཞིས་རང་འགུལ་གྱིས་ཙུང་ལི་ལ་སྐད་ཆ་རེ་འདྲི་བཞིན་འདུག
སྐབས་དེར། བོད་ལྗོངས་ཀྱི་གནད་དོན་བྱུང་མ་ཐག་ཡིན་པ་དང་། ཏཱ་ལའི་བླ་མ་ཕྱི་རྒྱལ་དུ་ཕེབས་པ་དེས། རྒྱལ་ཁབ་ཕྱི་ནང་ཚང་མ་ཧ་ལས་ཤིང་ཧང་སངས་བའི་གནས་སུ་ལྷུང་ཡོད། དེ་བཞིན་དུ་རྒྱལ་ནང་གི་གནད་ཡོད་གསར་འགྱུར་བརྒྱུད་ལམ་མི་དམངས་ཉིན་རེའི་ཚགས་པར་དང་། རྒྱལ་སའི་མངའ་ཁུལ་གྱི་ཚགས་པར་ཆེ་ཁག ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སོགས་སུ་གནམ་ས་འགེངས་བ་ལྟ་བུའི་བོད་ཀྱི་གནད་དོན་ཁོ་ན་བརྒྱུད་བསྒྲགས་བྱེད་གིན་ཡོད་པས། བོད་ཀྱི་གནད་དོན་ནི་རྒྱལ་ནང་གི་གསར་འགྱུར་རྒྱུད་ལམ་ཡོངས་ཀྱི་དོ་སྣང་བྱེད་སའི་གླེང་ཕྱོགས་ཆེས་ཤོས་ཤིག་ཏུ་གྱུར་ཡོད་པ་རེད། ཚོགས་བཅར་བ་དང་ཨུ་ཡོན་རྣམ་པ། ལྷག་པར་དུ་བོད་རིགས་ཚོས་དོ་ཁུར་བྱེད་ས་ནི་གནད་དོན་གཉིས་ལ་འདུས་ཡོད།
དང་པོ། ཇི་ལྟར་དམངས་གཙོ་བཅོས་བསྒྱུར་བྱེད་རྒྱུ་དང་།
གཉིས་པ། ཏཱ་ལའི་བླ་མའི་སྐོར་ལ་རྣམ་འགྱུར་ཇི་ལྟར་འཛིན་རྒྱུ་དེ་གཉིས་རེད།
མའོ་ཀྲུའུ་ཞི་ཡིས་གནད་དོན་འདི་གཉིས་ཀྱི་སྐོར་ལ་ནན་ཏན་དུ་གསུངས་ཡོད་ལ།
གནད་དོན་དེ་གཉིས་ལས་ཀྱང་། ཏཱ་ལའི་བླ་མའི་གནད་དོན་སྐོར་ལ་རྣམ་འགྱུར་འཛིན་སྟངས་ནི་ཀྲུང་དབྱང་གིས་གལ་ཆེན་ཏུ་བརྩི་བཞིན་ཡོད། སྤྱིར་དམངས་གཙོ་བཅོས་བསྒྱུར་བྱེད་པ་དེ་དོན་དག་གལ་ཆེན་ཞིག་ཡིན་མོད། སྐབས་དེར་གྲངས་ཉུང་མི་རིགས་ཐེ་བའི་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་དམངས་གཙོ་བཅོས་བསྒྱུར་བྱས་ཚར་བ་དང་། མཐོ་རིམ་མཉམ་ལས་ཁང་ནས་མི་དམངས་ཀུང་ཧྲེ་ལ་འཕེལ་རྒྱས་བྱུང་དང་འབྱུང་བཞིན་ཡོད་པས། བོད་ལྗོངས་ཀྱི་བཀས་བཀོད་རྒྱུད་འཛིན་བྲན་གཡོག་ལམ་ལུགས་མུ་མཐུད་གནས་ཐུབ་རྒྱུ་མ་རེད། ཡང་གཅིག་བཤད་ན། དམངས་གཙོ་བཅོས་བསྒྱུར་གཏོང་རྒྱུ་ནི་དུས་ཚོད་ཀྱི་སྔ་གཞུག་ཙམ་ལས་ལྷག་མེད། གནས་སྟངས་དེ་བྲན་གཡོག་བདག་པོ་ཐེ་བའི་སྐུ་དྲག་རྣམ་པས་ཀྱང་གསལ་བོར་ཤེས་ཡོད།
ཏཱ་ལའི་བླ་མ་ཕྱི་ལོགས་སུ་ཕེབས་པ་དེས། མི་མང་པོ་ཞིག་གི་བློ་ངོར་མ་ཤོང་བ་དང་། གློ་བུར་ཅན་དང་། ཧང་སངས་དགོས་པའི་གནས་སུ་གྱུར་ཡོད་ལ། ལྷག་པར་དུ། ༡༩༥༩ ལོའི་ཟླ ༡༠ བའི་ཚེས ༡༠ ནས་ ༢༠ བར་གྱི་ཉིན་བཅུའི་རིང་ལ། ལྷ་སར་གནས་ཚུལ་ངོ་མ་ག་རེ་བྱུང་བ་དང་། བོད་ལྗོངས་ཡོངས་སུ་གནས་ཚུལ་ངོ་མ་ག་རེ་ལྷག་ཡོད་མེད་བཅས་ལ་མི་ཚང་མས་སེམས་འཁུར་བྱེད་དགོས་པའི་གནས་སུ་གྱུར་ཡོད།
སྐབས་དེའི་ཆེས་མཐོའི་རྒྱལ་སྲིད་ཚོགས་འདུའི་སྟེང་མའོ་ཀྲུའུ་ཞིར་གཏམ་བཤད་མ་ཟིན་ཡིག་ཆ་མེད་པ་དང་།བློ་བཟང་ཚུལ་ཁྲིམས་ཐེངས་དང་པོར་འདི་འདྲའི་གལ་གནད་ཆེ་བའི་ལོ་ཙཱའི་བྱ་བའི་སྟེང་ཞུགས་པ། ཉམས་མྱོང་ཞན་པ། མྱུར་འགོད་བཅས་ཐུབ་མེད། བློ་བཟང་ཚུལ་ཁྲིམས་ལགས་ནི་དེ་སྔོན་གཞི་རིམ་དུ་ལས་ཀ་བྱས་ནས་བསྡད་པ་ལས། པཎ་ཆེན་རིན་པོ་ཆེ་དང་ང་ཕོད་རྣམ་གཉིས་ལ་རྒྱུས་མངའ་མེད་ཀྱང་། སྐད་བསྒྱུར་ལ་བྱང་ཆ་ཡོད་པ་ཞིག་རྩ་བ་ནས་མིན། ཁོང་གིས་བཤད་ན། ཁོ་རང་སྐབས་དེར་བློ་འཚུབ་ཆེན་པོ་སྐྱེས་བས། ཟླ་བ ༤ བའི་པེ་ཅིན་གྱི་གནམ་གཤིས་གྲང་མོ་དེའི་ནང་དུ། རྔུལ་ནག་རང་དབང་མེད་པར་ཐོན་ཏེ་ནང་འཇམ་ཡང་རློན་པ་བཟོས་སོང་ཟེར།
པཎ་ཆེན་རིན་པོ་ཆེས་ཀྲུའུ་ཞི་ཡི་གཏམ་བཤད་ལ་ཧ་ཅང་དོ་སྣང་བྱས་འདུག་ཀྱང་། ཚོགས་རྭའི་ནང་ཆད་མ་མཐུད་མཐུད་ཀྱི་སྐད་བསྒྱུར་དང་། དེའི་ཐོག་བློ་མཐུན་བློ་བཟང་ཚུལ་ཁྲིམས་ཀྱི་བྱང་ཆ་མེད་པའི་སྐད་བསྒྱུར་བཅས་ཀྱིས། པཎ་ཆེན་རིན་པོ་ཆེའི་སེམས་པར་ཚོགས་འདུའི་གོ་བ་ཆ་ཚང་ཞིག་ལོན་ཐུབ་མེད་སྙམ་འདུག ཚོགས་འདུ་གྲོལ་རྗེས་ཁོང་གིས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་ཡིག་ཆ་བསླང་པར། ཁོང་ཚོར་ཡིག་ཆ་མེད་པ་ལ། ཀྲུང་དབྱང་གཞུང་ལས་ཁང་གིས་བདག་པོ་བརྒྱབ་ཡོད་པ་རེད་ཟེར། དེ་ནས་པཎ་ཆེན་རིན་པོ་ཆེས་བློ་བཟང་ཚུལ་ཁྲིམས་ལ་ཕྱིར་དྲན་ཟིན་བྲིས་ཞིག་འབྲི་རུ་བཅུག བློ་བཟང་ཚུལ་ཁྲིམས་ཀྱིས་ང་སྐད་བཏང་ནས། ངས་ཁོང་ལ་ལེགས་སྒྲིག་བྱེད་རོགས་བྱས་པ་ཡིན།
སྐབས་དེར་འཛུགས་སྐྲུན་ཆེན་པོ་བཅུ་རྩོམ་བཞིན་ཡོད་པའི་སྒང་དང་། མི་རིགས་ཕོ་བྲང་དང་། མི་རིགས་མགྲོན་ཁང་བཅས་ད་དུང་འགྲུབ་ཡོད་པ་མ་རེད། ང་ཕོད་དང་འཕགས་པ་ལྷ་སོགས་བོད་ལྗོངས་ཀྱི་འཐུས་མི་ཚོ་པེ་ཅིན་མགྲོན་ཁང་དུ་བཞུགས་ཡོད། པཎ་ཆེན་རིན་པོ་ཆེ་ཤར་ལམ་མིན་ཧང་ཁུལ་དུ་བཞུགས་ཡོད་པ་དང་། བཞུགས་གནས་དེ་ནི་དེ་སྔ་འཇོན་ལེན་སུ་ཀྲོར་ ་(John Leighton Stuart) གྱི་སྡོད་ས་ཡིན། ས་གནས་དེ་ནི་སྐབས་དེའི་རྒྱས་སྤྲོས་ཆེ་ཤོས་ཀྱི་གནས་ཤིག་ཡིན།
བློ་བཟང་ཚུལ་ཁྲིམས་ཀྱིས་བཤད་ན། ང་ཕོད་ཀྱིས་ཀྱང་ཀྲུའུ་ཞི་ཡི་གསུང་བཤད་མ་ཟིན་བཙལ་བཞིན་འདུག་ཟེར། ངེད་གཉིས་གཅིག་པུས་རང་གི་ཇི་དྲན་གཞི་ལ་བཞག་ནས་དྲན་ཐོ་དེ་ལེགས་སྒྲིག་བྱས་པ་ཡིན། ཁོང་གིས་བཤད་ཅིང་ངས་བྲིས་བ་ཡིན། ཀྲུའུ་ཞི་ཡི་འཁྲིས་སུ་གསུང་བཤད་གསན་མྱོང་བའི་པཎ་ཆེན་རིན་པོ་ཆེ་དང་ང་ཕོད་རྣམ་གཉིས་ང་ཚོའི་དྲན་ཐོ་ལེགས་སྒྲིག་གི་བྱ་བ་དེའི་ནང་ཞུགས་ཡོད་པ་མ་རེད།
ངེད་གཉིས་ཀྱིས་དྲན་ཐོ་ལེགས་སྒྲིག་བྱས་ཚར་རྗེས། ངས་ཡང་བསྐྱར་འགོ་ནས་མཇུག་བར་ཏུ་དག་བཅོས་བྱས་ཤིང་། དེ་ནས་བློ་བཟང་ཚུལ་ཁྲིམས་ལ་སྤྲད་པ་དང་། ཁོང་གིས་པཎ་ཆེན་རིན་པོ་ཆེ་ལ་ཕུལ་འདུག ཡིག་ཆར་སློང་སྦྱོར་བྱེད་པར་སྟབས་བདེ་ཡོང་བའི་ཆེད་དུ་པཎ་ཆེན་རིན་པོ་ཆེ་ཡིས་པར་ལོག་རྒྱག་རྒྱུའི་རེ་བ་བཏོན་ཡང་། པཎ་ཆེན་རིན་པོ་ཆེ་ཡི་ལས་ཁུངས་སུ་པར་ལོག་རྒྱག་ཆས་མེད་པས། གཤམ་འོག་གི་ལས་བྱེད་པས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་ཁུངས་སུ་འབྲེལ་བ་བྱས་ཏེ་པར་ལོག་རྒྱག་རྒྱུ་བྱས་མོད། བསམ་ཡུལ་ལས་འདས་བ་ཞིག་ལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་བརྗོད་གསལ་ལ། ཀྲུང་དབྱང་གི་གཏན་འབེབ་ལྟར་ན། ཀྲུའུ་ཞི་ཡི་གསུང་བཤད་ལ་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་ལེགས་སྒྲིག་དང་པར་ལོག་རྒྱག་ཆོག་པའི་དབང་ཆ་མེད་པར། ཚང་མ་ཀྲུང་དབྱང་གཞུང་སྒྲུབ་ཁང་གིས་གཅིག་གྱུར་གྱིས་ལེགས་སྒྲིག་དང་འགྲེམས་སྤེལ་བྱེད་དགོས་པ་རེད་ཟེར། ཀྲུང་དབྱང་གཞུང་སྒྲུབ་ཁང་གིས་པཎ་ཆེན་རིན་པོ་ཆེ་ལ་ཁྱེད་ཚོས་ཐེངས་ག་ཚད་ལ་ཟིན་ཐོ་ཟིན་བྲིས་བརྒྱབ་པ་ཡིན་ཞེས་འདྲི་སྐབས། པཎ་ཆེན་རིན་པོ་ཆེ་ནས་ཐེངས་གཅིག་ཟེར། ད་དུང་། ཟིན་བྲིས་དང་མ་ཟིན་ག་རེ་ཡོད་ན་ཚང་མ་ཕྱིར་བསྡུ་བྱེད་དགོས་ཟེར། རྗེས་སུ་ད་དུང་ཀྲུང་དབྱང་གཞུང་སྒྲུབ་ཁང་གིས། ཁྱེད་ཀྱིིས་ཡིག་ཆའི་མ་ཟིན་ཉར་ཡོད་དམ་ཞེས་དྲིས་སྐབས། ངས་མེད་ཅེས་ལན་བརྒྱབ་པ་དང་། ལོ་ཙཱ་བའི་སྒྲིག་ཁྲིམས་ལྟར་ན་ཤོག་སྙིགས་ཤིག་ཀྱང་ཁྱེར་ཡོང་མི་ཆོག་པ་དེ་རེད།
བློ་བཟང་ཚུལ་ཁྲིམས་ཀྱིས་བཤད་པ་ལྟར་ན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ངེད་གཉིས་ཀྱིས་བྲིས་པའི་མ་ཟིན་དང་། ཟིན་ཐོ་སོགས་པཎ་ཆེན་རིན་པོ་ཆེ་ལ་ཕུལ་མི་ཆོག་ཟེར། བློ་བཟང་ཚུལ་ཁྲིམས་ཀྱིས་པཎ་ཆེན་རིན་པོ་ཆེ་ལ་ཡང་ཡང་ཞུ་བ་འཐེན་རྗེས། གཞི་ནས་མ་ཟིན་དེ་ཚུར་ལག་ཏུ་རག་ཐུབ་པ་བྱུང་འདུག། གོང་རིམ་ནས་ནན་གྱིས་བསྟན་དོན། ཁྱེད་རང་ལ་སློབ་སྦྱོང་བྱེད་པའི་ལས་སྒོ་ལས་ཁྱབ་བསྒྲགས་བྱེད་རྒྱུའི་དབང་ཆ་ཡོད་པ་མ་རེད། ཀྲུའུ་ཞི་ཡི་སློབ་སྟོན་དེ་ཇི་ལྟར་ཁྱབ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ནི་ཀྲུང་དབྱང་རང་ནས་ཐག་གཅོད་ཀྱིན་རེད་ཅེས་བརྗོད་བྱུང་།
པཎ་ཆེན་རིན་པོ་ཆེ་ཡིས་རྗེས་སུ་གསུངས་པ་ལྟར་ན། བློ་བཟང་ཚུལ་ཁྲིམས་དང་ངེད་གཉིས་ཀྱིས་ལེགས་སྒྲིག་བྱས་པའི་ཟིན་བྲིས་དེ། ཁོང་གིས་དུས་ཡུན་རིང་པོ་ཞིག་ལ་ཉར་ཚགས་བྱས་ཤིང་། རྟག་ཏུ་སློབ་སྦྱོང་བྱས། དེ་ནི་ང་རང་གི་བྱ་བའི་ལམ་སྟོན་གྱི་གཞི་འཛིན་ས་ཞིག་ཡིན་ཡང་། ༡༩༦༤ ལོར་ལྷ་ས་ནས་ཁོང་ལ་འཐབ་རྩོད་བྱེད་པའི་སྐབས་སུ། ཁྱིམ་ལ་བསྔོག་བཤེར་བྱས་ཏེ། སུས་ཁྱེར་བ་མ་ཤེས་ཤིང་རྗེས་སུའང་ལག་སོན་བྱུང་མ་སོང་ཞེས་གསུངས་འདུག
ཐེངས་འདིའི་ཚོགས་འདུའི་ཐོག་མའོ་ཀྲུའུ་ཞི་ཡི་གཏམ་བཤད་གཙོ་བོ་ནི་བོད་ཀྱི་གནད་དོན་ཡིན་པས། བོད་ཀྱི་འཐུས་མི་ཚོ་དང་ཨུ་ཡོན་ཚོས་ལྷག་པར་དུ་དེའི་སྐོར་ལ་སེམས་ཁུར་བྱེད་བཞིན་ཡོད། ཚོགས་འདུའི་ཐོག་དམིགས་བསལ་གྱིས་མི་ཚང་མ་ལ་ལོ་ཙཱ་བ་གང་ཡང་བཀོད་སྒྲིག་བྱས་མི་འདུག འཐུས་མི་དང་ཨུ་ཡོན་རྣམ་པའི་རེ་བ་ལྟར་དུ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་དབྱང་མི་རིགས་ལས་དོན་ལྷན་ཁང་གཉིས་ཀྱིས་རྒྱལ་ཡོངས་ཆབ་གྲོས་ཀྱི་ཁང་བརྩེགས་གསུམ་པའི་ཚོགས་ཁང་ཆུང་བ་ཞིག་གི་ནང་དུ་སྙན་ཞུའི་ཚོགས་འདུ་ཞིག་སྐོང་ཚོགས་བྱས་པ་རེད། སྙན་ཞུའི་ཚོགས་འདུ་དེར་ཀྲུང་དབྱང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ས་ཁོང་ལི་ཡིས་སྙན་ཞུ་བརྒྱུད་བསྒྲགས་གནང་། ཀྲུའུ་རིན་ས་ཁོང་ལི་ལགས་ནི་ང་ཚོ་མི་རིགས་དཔེ་སྐྲུན་ཁང་གི་ཧྲུ་ཀྲང་གཅིག་ལྕོགས་དང་། སྤྱི་ཁྱབ་རྩོམ་སྒྲིག་པ། ང་ཚོའི་འགོ་གཙོ་བཅས་ཀྱི་འགན་ཡོད་པའི་མི་སྣ་ཞིག་ཡིན། ཁོང་གིས་བདག་ལ་ཐེངས་འདིའི་ཚོགས་འདུའི་ལོ་ཙཱ་བ་བྱེད་དགོས་པའི་དམིགས་འཛུགས་བྱས་སོང་། ས་ཁོང་ལི་ནི། སོག་པོའི་མི་རིགས་ཤིག་ཡིན་པ་དང་། ཁོང་གི་ཆེད་ལས་ནི་གསར་འགོད་པ་རེད། ཁོང་གི་ཡིག་གཟུགས་ལེགས་ཤིང་། ཟིན་ཐོ་མྱུར་འགོད་བྱེད་ཐུབ་པ། ཁ་བདེ་ལ། དྲན་པ་གསལ་བོ་དང་། ཤེས་ཡོན་ཟབ་མོ་བཅས་ཡོད་མཁན་གྱི་མི་སྣ་ཞིག་ཡིན་པ་མ་ཟད། པེ་ཅིན་གྱི་སྐད་ཆ་དག་མོ་བཤད་མཁན་ཞིག་ཀྱང་ཡིན། ལུག་ཝེ་ཧན་དང་བུའུ་ལན་ཧྥུའུ་གཉིས་ནས་ཁོང་ལ་མཐོང་ཆེན་དང་ཡིད་ཆེས་ཡོད། ཀྲུང་དབྱང་གི་ཁྱབ་བསྒྲགས་སྙན་ཞུ་མང་པོ་ཞིག་ནི་ཁོང་གིས་བསྒྲུབས་པ་དང། རིགས་སོ་སོའི་བློ་མཐུན་ཚོའང་ཁོང་གི་སྙན་ཞུ་ལ་དགའ་བོ་ཡོད།
སྐད་ཆ་དངོས་གནས་བཤད་ན། སྐབས་དེའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་བློ་མཐུན་ལས་བྱེད་མང་ཆེ་བ་ནི། ཕྱི་ལོག་ནས་ཡོང་བ་ཤ་སྟག་ཡིན་ཙང་པེ་ཅིན་གྱི་རྒྱ་སྐད་ཤོད་པ་ལ་སྒྲ་གདངས་དེ་ཙམ་དག་པོ་མེད་པས། གྲངས་ཉུང་མི་རིགས་ཀྱི་བློ་མཐུན་ཚོས་དོན་དག་ཆ་ཚང་ཡག་པོ་ཞིག་གོ་ཐུབ་ཀྱིན་ཡོད་པ་མ་རེད།
ངས་ཧ་གོ་བ་ཞིག་ལ། ས་ཀྲུའུ་རིན་གྱིས་སྙན་ཞུ་སྒྲོག་སྦྱོང་བྱེད་སྐབས། ཁོང་གི་ལག་ཏུ་ཡོད་པ་ནི་ཁོང་རང་ཉིད་ཀྱིས་བྲིས་པའི་ཟིན་ཐོ་གཅིག་པུ་མ་གཏོགས། ཡིག་ཆ་གཞན་དག་ལག་ཏུ་མི་འདུག ས་ཀྲུའུ་རིན་གྱི་ཟིན་ཐོ་ནི་བློ་བཟང་ཚུལ་ཁྲིམས་དང་ངེད་གཉིས་ཀྱི་མ་ཟིན་ལས་ཀྱང་སྤུས་དག་པ་དང་གྲལ་འགྲིག་པ་ཞིག་ཡིན་པ་ལ་ང་རང་ཡིད་ཆེས་ཡོད་ཅིང་། ཁོང་གི་ཟིན་ཐོ་དེ་པཎ་ཆེན་རིན་པོ་ཆེ་ལ་གཡར་ན་ཡག་པོ་ཡོད་ཀྱི་རེད་བསམ་པ་སྐྱེས་མྱོང་། ཡིན་ནའང་། ལོ་ཙཱ་བ་ཞིག་གི་ལམ་ལུགས་གཞི་བཟུང་ནས་བདག་གིས་གནས་སྟངས་དེ་མི་སུ་ལའང་བཤད་རྒྱུ་མ་བྱུང་། མའོ་ཀྲུའུ་ཞི་ཡི་གཏམ་བཤད་སྐབས་དེར་འགྲེམས་སྤེལ་བྱེད་རྒྱུ་མ་བྱུང་ཞིང་། མཐའ་གཅིག་ཏུ་གསང་བ་བྱེད་དགོས་བའི་རེ་བའང་བཏོན་ཡོད་པ་རེད།
༡༩༦༡ ནས ༡༩༦༢ ལོའི་བར་ལ། མའོ་ཀྲུའུ་ཞི་དང་། ཏང་ཀྲུང་དབྱང་གིས་ལེགས་སྒྲིག་དང་། སྲ་བརྟན། འཐུས་སྒོ་ཚང་བ། མཐོར་འདེགས་བཅས་ཀྱི་ཆེད་དུ་ཡིག་འབྲི་བརྒྱད་ཅན་གྱི་ཁ་ཕྱོགས་ཤིག་བསྟན་ཡོད། བུའུ་ལན་ཧྥུའུ་ཡིས་མི་རིགས་བྱ་བའི་ལས་ཡུལ་ཁག་ཏུ། ཏང་གི་ལས་དོན་བྱེད་ཕྱོགས་ལ་ཟབ་ཞུགས་དང་དེ་ཉིད་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་སྐུལ་མ་བཏང་ཞིང་། མི་རིགས་བྱ་བའི་ལས་དོན་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་མཛད་དེ། མི་སྣ་རྩ་འཛུགས་དང་། ལམ་ལུགས་ཡོད་པའི་སྒོ་ནས་ལས་དོན་སྤྱི་བསྡོམས། ནུས་པ་མཉམ་སྤུངས་བཅས་བྱས་པའི་ཐོག ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་ཀྲུང་དབྱང་དང་། ལྷག་པར་དུ་མའོ་ཀྲུའུ་ཞིའི་མི་རིགས་ཀྱི་ལས་དོན་བྱེད་ཕྱོགས་རྣམས་ཇི་ལྟར་ཡིན་ལུགས་སོགས་རྒྱས་བཤད་བྱས་ཡོད་པ་རེད། སྐབས་དེའི་རྒྱས་བཤད་ཀྱི་ཡང་སྙིང་བོད་ཀྱི་ལས་དོན་བྱེད་ཕྱོགས་དང་མཛུབ་སྟོན་རེད་འདུག མ་གཞི་ནས་ཡ་ཧན་ཀྲང་གི་རྩ་འཛུགས་འོག མ་ཡན། ཅང་ཧྲན་སོགས་ནང་སོག་གི་མི་ཁ་ཤས་ནང་སོག་ལ་བསྐྱོད་དེ་ལས་དོན་སྤྱི་བསྡོམས་དང་ལེགས་སྒྲིག་བྱས་པ་དང་མཉམ་དུ། བོད་ཀྱི་གནད་དོན་གཙོར་བཟུང་ཐོག མའོ་ཀྲུའུ་ཞི་ཡི་རྒྱལ་ནང་གི་མི་རིགས་ལས་དོན་བྱ་བའི་གནད་དོན་སྐོར་གྱི་གཏམ་བཤད་ལ་སློབ་སྦྱོང་དང་། ལྷག་པར་དུ་ཀྲུང་དབྱང་གཞུང་སྒྲུབ་ཁང་བརྒྱུད་ནས་འཚོལ་སྡུད་བྱས་པའི་མའོ་ཀྲུའུ་ཞི་ཡི་གཏམ་བཤད་དེ། མ་ཡན་གྱིས་ང་རང་བཙལ་ནས་ཞིབ་བསྡུར་ཙམ་བྱས་པ་ལས། ཁོང་ཚོ་མི་གཅིག་ཀྱང་ཚོགས་འདུར་དེར་ཞུགས་མེད།
སྐབས་དེར་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་པཎ་ཆེན་རིན་པོ་ཆེར་བཤད་པའི་སྐད་ཆ་དེ་དག་བདེན་པ་རང་ཡིན། རྒྱུ་མཚན་ནི་ཆེས་མཐོའི་རྒྱལ་སྲིད་ཚོགས་འདུ་ནི་ཀྲུང་དབྱང་དང་མའོ་ཀྲུའུ་ཞི་ཡིས་དངོས་སུ་བསྐོང་ཚོགས་བྱས་པ་ཞིག་ཡིན་ཕྱིར། ཚོགས་འདུའི་ཐོག་གི་ཀྲུའུ་ཞི་ཡི་གཏམ་བཤད་ཡོངས་རྫོགས་་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་ལེགས་སྒྲིག་དང་འགྲེམས་སྤེལ་བྱེད་ཆོག་པའི་དབང་ཆ་མེད། ཐེངས་དེའི་ཚོགས་འདུ་ནི་སྔ་དྲོའི་དུས་ཚོད་༩ བ་ནས ༡༡ དང་ཕྱེད་ཀའི་བར་ཚོགས་ཤིང་། ཚོགས་དུས་ལ་དུས་ཚོད་གཉིས་ལྷག་ཙམ་ཕྱིན་ཡོད། ཚོགས་འདུའི་ཐོག་གཏམ་བཤད་མང་ཆེ་བ་མའོ་ཀྲུའུ་ཞི་ཡི་གཏམ་བཤད་ཡིན་ཞིང་། ཙུང་ལི་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ནས་སྐབས་སྐབས་སུ་བར་གསེང་ལ་གསུང་བཤད་ཁ་ཤས་གནང་ཡོད་པ་དང་། ང་ཕོད་ཀྱིས་སྐད་ཆ་ཁ་ཤས་ཤིག་མ་གཏོགས་བཤད་མ་སོང་། ཀྲུང་དབྱང་གཞུང་སྒྲུབ་ཁང་གིས་མ་ཟིན་ལེགས་སྒྲིག་བྱས་པ་གཅིག་པུ་ལའང་ཆུ་ཚོད་ཕྱེད་ཀ་ཙམ་འགོར་ཡོད།
མ་ཡན་ནི་ང་ཚོ་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་འགན་ཁུར་བ་གཞོན་པ་དང་། ཁོང་གིས་དམིགས་བསལ་གྱིས་ལས་སྒོ་ལ་འགན་འཁུར་ཞིང་། ཁོང་ནི་ང་ཚོའི་ཐད་ཀའི་འགོ་ཁྲིད་རེད། སྐབས་དེར་སྙན་སྒྲོན་ཚོགས་འདུའི་ཐོག་ངས་ལས་བསྡོམས་སྙན་སེང་ཞུས་པ་ཡིན་ལ། ཁོང་གིས་བདག་གི་སྙན་སྒྲོན་ལ་ནན་ཏན་གྱིས་ཉན་རྗེས་གཟབ་ནན་གྱིས། དེ་རིང་ནས་བཟུང་དོན་དག་འདི་མི་གཅིག་ལའང་བཤད་མ་ཡོང་ཟེར།
༡༩༧༦ ལོའི་ཟླ ༡༠ བའི་ནང་མི་བཞི་ཤོག་ཁག་གཏོར་ཕམ་བཏང་རྗེས། ཧྥ་གོ་ཧྥུན་ཀྲུའུ་ཞི་གཙོ་བྱས་པའི་ཏང་ཀྲུང་དབྱང་གིས་ལས་དོན་ཆེན་པོ་གཉིས་བསྒྲུབ་རྒྱུའི་ཐག་གཅོད་བྱས་ཡོད།
དང་པོ། མའོ་ཀྲུའུ་ཞི་ཡི་སྐུ་གདུང་དུས་བརྟན་ཏུ་གནས་པའི་ཆེད་དུ་དྲན་གསོ་ཁང་ཞིག་འཛུགས་སྐྲུན་བྱེད་རྒྱུ།
གཉིས་པ། ཧྥ་གོ་ཧྥུན་སྐུ་དངོས་ཀྱིས་རྩོམ་སྒྲིག་ཨུ་ཡོན་གྱི་གཙོ་འགན་ཁུར་བའི་ཐོག མའོ་ཙེ་ཏུང་གི་གསུང་རྩོམ་ཕྱོགས་བསྡུས་ལེའུ་ལྔ་བ་རྩོམ་སྒྲིག་དང་དཔེ་སྐྲུན་བྱེད་རྒྱུ་དེ་གཉིས་ཡིན་འདུག
སྐབས་དེར། ང་ཚོའི་ལས་ཁུངས་ཀྱི་བོད་ཡིག་སྡེ་ཁག་གི་ལས་བྱེད་རྒན་གྲས་འགའི་གནད་དོན་ད་དུང་ཐག་གཅོད་བྱས་མེད་པས། དམག་གི་འཐུས་མིའི་འགན་འཁུར་དགོས་པའི་གནས་སྟངས་འོག བདག་གིས་བོད་ཡིག་དཔེ་ཚོགས་ཀྱི་འགོ་གཙོའི་འགན་འཁུར་ཡོད་པ་དང་། དམག་གི་འཐུས་མིའི་འགོ་ཁྲིད་ཀྱི་མཛུབ་སྟོན་འོག ང་ལ་མའོ་ཡི་གསུང་རྩོམ་གཅེས་བསྡུས་ལེའུ་ལྔ་བ་དེ་ལོ་ཙཱ་བྱེད་རྒྱུའི་འགན་སྤྲད་སོང། ངས་མའོ་ཀྲུའུ་ཞི་ཡི་ཐེངས་བཅུ་དྲུག་པའི་ཆེས་མཐོའི་རྒྱལ་སྲིད་ཚོགས་འདུ་ཐོག་གི་གཏམ་བཤད་བསྡུ་ལེན་བྱས་མེད་པས། བྲེལ་འཚུབ་ཀྱིས་དཔེ་མཚོན་དཔེ་དེབ་ཀྱི་དཀར་ཆག་ནས་འགོ་བཙུགས་ཏེ་སྒྱུར་འགོ་བརྩམས་པ་ཡིན། མའོ་ཀྲུའུ་ཞི་ཡི་ཐེངས་དེའི་གཏམ་བཤད་ལ་ངས་རྟག་དུ་སེམས་འཁུར་བྱེད་ཀྱིན་ཡོད།
ལོ་མང་པོ་ཞིག་གི་རྗེས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་ ༣༠ ལོན་པའི་མཛད་སྒོའི་ཐོག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས ༡༩༩༥ ལོའི་ཟླ ༨ པའི་ནང་། བོད་རང་སྐྱོང་ལྗོངས་ཏང་གི་ལོ་རྒྱུས་ཡིག་ཆ་འཚོལ་བསྡུ་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས་པའི་ཁ་བྱང་དུ་བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་དང་མའོ་ཙེ་ཏུང་ཀྲུའུ་ཞི་ཡི་ཆེས་མཐོའི་རྒྱལ་སྲིད་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་སྤེལ་བའི་གསུང་བཤད་སྙིང་བསྡུས་བཅས་འགྲེམས་སྤེལ་བྱས་ཤིང་། དེར་ད་དུང་མའོ་ཀྲུའུ་ཞི་ཡི་གཏམ་བཤད་ཀྱི་འཁྲིས་སུ་སྙིང་བསྡུས་ཞེས་པའི་ཟུར་མཆན་ཞིག་བརྒྱབ་འདུག རྩོམ་སྒྲིག་པས་གཏམ་བཤད་ཀྱི་མ་ཟིན་གཞི་ལ་བཞག་ནས་ལེགས་སྒྲིག་བྱས་པ་ཡིན་ལུགས་ཀྱི་གསལ་བཤད་ཞིག་ཀྱང་བྲིས་འདུག འདི་ནི་མའོ་ཀྲུའུ་ཞི་ཡི་གསུང་བཤད་དེ་ཕྱི་ལོགས་སུ་བཀྲམས་པ་ཐེངས་དང་པོ་དེ་རེད།
༢༠༠༥ ལོའི་ཟླ ༩ བར། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་པའི་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་། ཀྲུང་གུང་བོད་རང་སྐྱོང་ལྗོོངས་ཏང་ཨུས་རྩོམ་སྒྲིག་བྱས་པའི་ཁ་བྱང་དུ། ༡༩༤༩ ནས ༢༠༠༥ བར་གྱི་བོད་ལྗོངས་ལས་དོན་ཚད་ལྡན་ཡིག་ཆ་ཕྱོགས་བསྡུས་བཅས་ཀྱི་ནང་དུ་མའོ་ཀྲུའུ་ཞི་ཡི་གསུང་བཤད་གལ་ཆེན་དེ་ལུང་འདྲེན་བྱས་ཡོད་ཀྱང་། དེའི་ནང་དུ་ནང་དོན་གཅིག་མཚུངས་ཡིན་པ་གཞིར་བཞག་ལ་ཁ་བྱང་དུ་བོད་ལྗོངས་ཞོལ་འཇགས་ཀྱི་སྐོར་ཞེས་དང་། ཟུར་དུ་འདི་ནི་མའོ་ཙེ་ཏུང་གིས་ཆེས་མཐོའི་རྒྱལ་སྲིད་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་བོད་ཀྱི་གནད་དོན་སྐོར་ལ་སྤེལ་བའི་གལ་ཆེའི་གསུང་བཤད་ཁག་ཅིག་ཡིན། ཡིག་ཆའི་ལུང་འདྲེན་བྱེད་ས་ཤོག་ངོས ༢༡༡ དང ༢༡༦ ལ་ལྟོས།
༢༠༡༨ ལོའི་ཟླ ༡༠ བའི་ཚེས ༥ ལ་པེ་ཅིན་དུ།
ཆ་ཚང་བཀླགས་ཟིན། ཚོགས་ཐེངས༡༦ཐོག་མི་རིགས་གནད་དོན་ལ་མའོ་ཙེ་ཏུང་གིས་བཤད་པའི་ཚིག་གཅིག་ཀྱང་བྲིས་མི་འདུག་པས། ལོ་ཙྭ་བ་འཇམ་དཔལ་རྒྱ་མཚོ་ལ་འབྲི་དབང་མེད་པ་ཡིན་ནམ་སྙམ། གང་ལྟར་བཀླགས་པའི་ཚོར་སྣང་ལ་སྟོང་ཆ་མང་པོ་ལུས་བའི་སྣང་བ་བྱུང་།
་་་་་་་་་་་་་་་་་་ སྐབས་དེར་ངས་མ་ཤེས་ཀྱང་རྗེས་སུ་ཤེས་རྟོགས་བྱུང་བ་ལྟར་ན། རྩ་འཛུགས་ཀྱི་ངོས་ནས་ཕུན་དབང་སྤུན་མཆེད་གཉིས་ལ་ཡིད་ཆེས་བརླག་ཚར་འདུག་པ་དང་། ལོ་གཉིས་ཀྱི་རྗེས་སྟེ། ༡༩༦༠ ལོའི་སྤྱི་ཟླ ༨ པ་དང་ ༩ པའི་ནང་སྔ་གཞུག་ཏུ་ཕུན་དབང་དང་ཁོང་གི་སྤེན་མཆེད་གཉིས་འཛིན་བཟུང་བྱས་ཏེ། ཆིན་ཁྲིན་བཙོན་ཁང་秦城监狱 དུ་བཅུག་ཅིང་། ཕུན་དབང་ལོ་བཅོ་བརྒྱད་དང་། ཐུབ་དབང་ལོ་བཅོ་ལྔར་བཙོན་འཇུག་བྱས་པ་རེད། ཁོང་གཉིས་བཙོན་གྲོལ་ཐོབ་རྗེས་སུའང་མུ་མཐུད་དེ། ༡༩༨༠ ལོར་དཀར་འདོན་མ་བྱས་བར་དུ་ལྟ་རྟོག་བྱས་ཡོད།་་་་་་་་་་་་་་
་་་་་་་་་་་ སྐབས་དེར། བོད་ལྗོངས་ཀྱི་གནད་དོན་བྱུང་མ་ཐག་ཡིན་པ་དང་། ཏཱ་ལའི་བླ་མ་ཕྱི་རྒྱལ་དུ་ཕེབས་པ་དེས། རྒྱལ་ཁབ་ཕྱི་ནང་ཚང་མ་ཧ་ལས་ཤིང་ཧང་སངས་བའི་གནས་སུ་ལྷུང་ཡོད། ་་་་་་་་་་་
་་་་་་་་་་་་་་་་་་་ ཏཱ་ལའི་བླ་མ་ཕྱི་ལོགས་སུ་ཕེབས་པ་དེས། མི་མང་པོ་ཞིག་གི་བློ་ངོར་མ་ཤོང་བ་དང་། གློ་བུར་ཅན་དང་། ཧང་སངས་དགོས་པའི་གནས་སུ་གྱུར་ཡོད་ལ། ལྷག་པར་དུ། ༡༩༥༩ ལོའི་ཟླ ༡༠ བའི་ཚེས ༡༠ ནས་ ༢༠ བར་གྱི་ཉིན་བཅུའི་རིང་ལ། ལྷ་སར་གནས་ཚུལ་ངོ་མ་ག་རེ་བྱུང་བ་དང་། བོད་ལྗོངས་ཡོངས་སུ་གནས་ཚུལ་ངོ་མ་ག་རེ་ལྷག་ཡོད་མེད་བཅས་ལ་མི་ཚང་མས་སེམས་འཁུར་བྱེད་དགོས་པའི་གནས་སུ་གྱུར་ཡོད། ་་་་་་་་་་་་་
་་་་་་་་་་་་ ལྷག་པར་དུ་བོད་རིགས་ཚོས་དོ་ཁུར་བྱེད་ས་ནི་གནད་དོན་གཉིས་ལ་འདུས་ཡོད།
དང་པོ། ཇི་ལྟར་དམངས་གཙོ་བཅོས་བསྒྱུར་བྱེད་རྒྱུ་དང་།
གཉིས་པ། ཏཱ་ལའི་བླ་མའི་སྐོར་ལ་རྣམ་འགྱུར་ཇི་ལྟར་འཛིན་རྒྱུ་དེ་གཉིས་རེད།
མའོ་ཀྲུའུ་ཞི་ཡིས་གནད་དོན་འདི་གཉིས་ཀྱི་སྐོར་ལ་ནན་ཏན་དུ་གསུངས་ཡོད་ལ།
གནད་དོན་དེ་གཉིས་ལས་ཀྱང་། ཏཱ་ལའི་བླ་མའི་གནད་དོན་སྐོར་ལ་རྣམ་འགྱུར་འཛིན་སྟངས་ནི་ཀྲུང་དབྱང་གིས་གལ་ཆེན་ཏུ་བརྩི་བཞིན་ཡོད། ་་་་་་་་་་་
དེ་དུས་༸གོང་ས་མཆོག་རྒྱ་གར་དུ་སྐྱབས་བཙན་བྱོལ་དུ་ཕེབས་པར། མའོ་ཙེ་ཏུང་གིས། ཏྰ་ལའི་རྒྱ་གར་དུ་ཤོར་བ་ནི། ང་ཚོའི་དྲག་དམག་ཤོར་བ་རེད་ཅེས། སྐད་ངན་དང་པོ་དེ། དེ་དུས་ཤོར་བ་རེད། དེས་ན་བདེན་པ་ཉིད་མྱུར་དུ་རྒྱལ་བར་འགྱུར་ཅིགུ། །།
༼ ་་་་་་ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས ༡༩༩༥ ལོའི་ཟླ ༨ པ། ་་་་་་་་བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་དང་མའོ་ཙེ་ཏུང་ཀྲུའུ་ཞི་ཡི་ཆེས་མཐོའི་རྒྱལ་སྲིད་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་སྤེལ་བའི་གསུང་བཤད་སྙིང་བསྡུས་བཅས་འགྲེམས་སྤེལ་བྱས་་་་་་་་་་ འདི་ནི་མའོ་ཀྲུའུ་ཞི་ཡི་གསུང་བཤད་དེ་ཕྱི་ལོགས་སུ་བཀྲམས་པ་ཐེངས་དང་པོ་དེ་རེད།༽
ཡིག་ཚགས་འདི། ཐབས་ཤེས་གནང་ཐུབ་མཁན་རེ་ཡོད་ན། ཡོངས་ཁྱབ་ཀྱིས་ཀློག་ཐུབ་པ་ཞིག་འགྲེམས་སྤེལ་གནང་བའི་རེ་བ་ཞུ།