ཀླུ་སྨྱོན་སྣ་ཚོགས་རང་གྲོལ།
ཕུ་བོ་དགེ་བཤེས་ཡེ་ཤེས་བཟང་པོའི་འདས་མཆོད་དུ།
“སྒྱུ་མ་དང་སྒྱུ་མ་མི་འདྲ། ངའི་བུ་དེ་སྒྱུ་མའི་ནང་གི་སྒྱུ་རྒོད་ཅིག་ཡིན།”
-སྲས་དར་མ་མདོ་སྡེ་འདས་རྗེས་ཀྱི་སྒྲ་སྒྱུར་མར་པའི་གདུང་ཚིག
(ནུ་བོས་དོ་ནུབ་ཕུ་བོའི་སྐར་མ་ཡིན་ཞེས་བརྗོད་པ་ན། ངའི་སེམས་སུ་ཕུ་བོའི་བྱིས་དུས་ཀྱི་མིང་ལ་སྐར་མ་འབུམ་ཟེར་བ་དེ་ཐོལ་གྱིས་དྲན་བྱུང་། )
སྤྱི་ལོ་ 2020 ལོའི་ཟླ་དང་པོའི་ཨ་རིའི་ཕྱོགས་ཀྱི་སྤྱི་ཚེས་བཅུ་བདུན་དང་(བོད་ནང་གི་ཚེས་བཅོ་བརྒྱད)རེས་གཟའ་ལྷག་པའི་ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་ཉེར་བཞིའི་སྟེང་ནུ་བོ་སྐལ་ལྡན་གྱིས་སྐད་འཕྲིན་ནང་སྐད་ཅིག་བཞག་འདུག དེར་ཉན་པ་ན་ངའི་ཕུ་བོ་གློ་བུར་དུ་མ་བདེ་བས་སྨན་ཁང་དུ་བསྐྱལ་ཡོད་ཚུལ་དང་། དེ་ལ་དཔགས་པའི་མོ་ཞིག་འདེབ་རྒྱུ་དང་དཀོན་མཆོག་ལ་སྐྱབས་འཇུག་ཅིག་ཞུ་རོགས་ཞེས་བརྗོད་འདུག དེ་ནས་སེམས་འཚབ་བེ་འཚུབ་བེ་ཞིག་གྱུར་ནས་ཕུ་བོའི་ན་བ་ཚབས་ཇི་ཙམ་ཆེ་ལུགས་དྲིས་པར། ཁྲག་ཤེད་མཐོན་པོའི་ན་ཚ་ཞིག་ཡིན་པ་དང་སྨན་ཁང་གིས་མྱུར་སྐྱོབ་ཆེད་ཟི་ལིང་དུ་འཁྱེར་རྒྱུ་དང་ཡང་ན་ཡུལ་ན་འཁྱེར་རྒྱུའི་གདམས་ཀ་གཉིས་སྤྲད་འདུག་ཚུལ་ཡང་བརྗོད་བྱུང་། དེའི་རྗེས་ཀྱི་གནས་ཚུལ་ཚང་མ་ཚབས་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ་ནུ་བོ་ཚོས་ཟི་ལིང་གི་མྱུར་སྐྱོབ་སྨན་ཁང་ཆེན་མོའི་ནང་དུ་ཁྱེར་ཀྱང་ཕན་འབྲས་མ་ཐོན་པར་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན། ཕུ་བོས་མི་ལོ་དུ་མའི་རིང་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གནང་སའི་མང་རའི་དགོན་ཆེན་ཀླུ་ཚང་དགོན་པར་སྐུ་གཤེགས་པ་སྟེ་མཐར་ཚང་མ་མི་རྟག་པའི་ཀློང་དུ་འཁོར་རྒྱུགས་དྲག་པོ་བྱས་བྱུང་།
མི་རྟག་པ་ཞེས་པའི་སྣང་ཚུལ་འདི་སྐབས་རེར་གློ་བུར་གློ་བུར་དུ་མིག་གི་ཁ་ནས་ཐུར་དཔྱངས་ཡོང་བ་དང་། ཡང་ལན་རེར་རྒྱང་རིང་རྒྱང་རིང་ཞིག་ནས་ལྐོག་ལྟ་བྱེད་བཞིན་གོ་སྐབས་ཅི་ཞིག་ལ་སྒུག་བཞིན་པ་དང་ཡང་འདྲ། བདག་གིས་རང་ལོ་བཅུ་དྲུག་ཙམ་ནས་ལམ་རིམ་བློ་སྦྱོང་སོགས་ལ་ཐོས་བསམ་བྱས་ཤིང་། ཕོ་ལོ་ཉི་ཤུར་སོན་དུས་རྫ་དཔལ་སྤྲུལ་ཚང་གི་<>ཐེངས་ཤིག་མཇལ་བའི་རྐྱེན་གྱིས། ཚེ་འདིའི་གཉེན་ཉེ་དུ་འཁོར་ལོངས་སྤྱོད་སོགས་སྐར་མ་དང་རབ་རིབ། མར་མེ་དང་སྒྱུ་མ། ཟིལ་བ་དང་ཆུ་བུར་སོགས་མི་རྟག་པའི་དཔེ་བརྒྱད་ཀྱི་རང་བཞིན་ལས་མ་འདས་པའི་ངེས་ཤེས་དྲག་པོ་ལན་གཅིག་མིན་པར་སྐྱེས་མྱོང་ཡང་། ཐོག་མ་མེད་པའི་དུས་ནས་རྟག་འཛིན་ཨ་འཐས་སུ་གྱུར་པའི་བདག་དང་བདག་འདྲ་བའི་སྐྱེ་བོ་ཇི་སྙེད་ཅིག་འཇིག་རྟེན་ཚེ་འདིའི་སྣང་བ་ལིང་ལིང་བོ་འདིས་བསླུས་ཏེ། གཏིང་དང་མཐའ་མེད་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་བའི་དམ་པའི་ལྷ་ཆོས་རྣམ་དག་ཅིག་སྒྲུབ་རྒྱུ་དེ་ཧ་ཅང་དཀའ་བར་གྱུར།
སྙིང་ཉེ་བའི་ཕུ་བོ་དེ་འདི་ལྟར་མི་རྟག་པའི་ཀློང་དུ་ཐིམ་སོང་བས། ད་ནི་ས་མཐའ་འདི་ནས་རང་གིས་རང་ལ་སྙིང་ཕུར་བརྡབས་ཏེ་མི་འདུག་ཀ་མེད་རེད། ཅི་དྲན་འདི་དྲན་དེ་ཙམ་མེད་པར་ཉིན་མཚན་གཉིས་འདས་རྗེས་སེམས་པ་ཅུང་རྣལ་དུ་བབས་ཏེ་བསམ་བློ་ཞིག་གཏོང་དུས། ལམ་སེང་ཟླ་འགའི་སྔོན་གྲོངས་པའི་ཨ་མ་དྲིན་ཆེན་མ་དེ་ཡིད་ལ་འཁོར་བྱུང་ལ། ཕུ་བོ་འདི་ལྟར་མཚན་མོའི་སྐར་མདའ་བཞིན་གློ་བུར་གློ་བུར་དུ་བཞུད་པའི་སྣང་ཚུལ་འདི་ཨ་མ་དྲིན་ཆེན་མ་དེས་ཇི་ལྟར་བཟོད་དམ། ཕུ་བོ་ཆུང་དུས་མཚན་མོ་ཞིག་ལ་ངེད་སྤུན་མཆེད་འགའ་གློག་བརྙན་ལ་བལྟ་རུ་སོང་ནས་ཕྱིར་ལོག་གྲབ་བྱེད་སྐབས། མུན་ཁྲོད་ནས་བྱིས་པ་གཞན་ཞིག་གིས་རྡོ་ཞིག་འཕངས་པ་ཕུ་བོར་ཕོག་ནས་རྨས་སྐྱོན་ཕྲན་བུ་ཞིག་ཕོག་ཅིང་། དགོང་མོ་དེ་ནས་བཟུང་སྟེ་ཕལ་ཆེར་ལོ་གཅིག་ཙམ་གྱི་རིང་ཨ་མ་དྲིན་ཆེན་མ་དེ་སེམས་སྡུག་གིས་མནར་བ་བདག་གིས་མངོན་སུམ་དུ་མཐོང་མྱོང་བས། གནས་སྟངས་དེ་ལ་གཞིགས་ན་ཨ་མ་དྲིན་ཆེན་མ་ཕུ་བོའི་སྔོན་དུ་གཤེགས་པ་དེར་ཡང་འགྲེལ་བཤད་གཞན་ཞིག་ཡོད་ངེས་བསམས།
ངས་ཕུ་བོ་ཁོང་དང་མཉམ་དུ་བསྐྱལ་བའི་ལོ་ཟླ་དེ་ཚོ་སྟེ། ངེད་ཚང་གི་བདེ་སྐྱིད་དགོད་སྒྲ་འཕུར་བའི་སྦྲ་ནག་གྲུ་བཞིའི་ཕྱི་ནང་དང་། རྩྭ་ལྗང་མེ་ཏོག་འབུས་པའི་སྤང་ཐང་། སྨུག་ཞགས་དུམ་བུར་ཆད་པའི་རི་སྒང་། འབལ་མང་རའི་སྤྱི་སྒང་རིང་མོ། རྩེ་གཞུང་སྐྱིད་པའི་སྨན་ལྗོངས་གི་རི་སྒང་། བཤད་སྒྲུབ་དགེ་འཕེལ་གླིང་གི་སྟོད་ཕྱོགས། རྣམ་དག་ཁྲིམས་ལྡན་གླིང་གི་གྲྭ་ཤག མང་རའི་རྫོང་མཁར་སྲང་ལམ་ཆེ་ཆུང་། ཆབ་ཆའི་སྨན་ཁང་ཞག་སྡོད་ཁང་བརྩེགས། ཟི་ལིང་གྲོང་ཁྱེར་རླངས་འཁོར་ས་ཚིགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྐོར་ལམ། དེ་དང་དེ་ལ་སོགས་པའི་ཕུ་བོ་དང་ངེད་གཉིས་ཀྱིས་ཆུང་ལོ་གཅིག་ལོ་གཉིས་ནས་མཐར་སྤྱི་ལོ་ ༡༩༩༤ ལོའི་དབྱར་དུས་ཏེ། བདག་གིས་ཕུ་བོར་ཆེས་མཐའ་མར་བདེ་མོ་འཇོག་པའི་དུས་ཚིགས་བརྗེད་ཐབས་བྲལ་བ་དེ་ཚོ། ཁ་སང་དེ་རིང་གློག་བརྙན་སྟོན་པ་ལྟ་བུར་ཡིད་ངོར་ཡང་དང་བསྐྱར་དུ་ཤར་ཡོང་།
ཕུ་བོའི་མི་གཤིས་ནི་ཆུང་དུས་ནས་བཟུང་ཡ་རབས་སྤྱོད་བཟང་ལ་གནས་ཤིང་། བདག་ལྟ་བུའི་དམུ་རྒོད་ཀྱི་སྐྱེ་བོ་ཞིག་ལར་ནས་མ་ཡིན་པར་དུད་འགྲོར་སྙིང་རྗེ་དང་མི་ལ་བརྩེ་བ་དང་ཕྱི་ཐག་རིང་བ་ཞིག་ཡིན་པ་ཡོངས་གྲགས་ཡིན། ངས་བྱ་བྱེའུ་འབའ་འབུ་རིག་ཚད་གསོད་བཟུང་བྱེད་པའི་ལོ་ཟླ་དེ་ཚོའི་ནང་ཕུ་བོས་འབུ་སྲིན་ཕྲ་མོ་ཞིག་ལ་གནོད་འཚེ་བཏང་བ་མི་དྲན་ལ། ཁྱད་པར་དུ་ཕུ་བོ་རབ་ཏུ་བྱུང་ནས་བཟུང་རྩ་བཞི་ཆང་སོགས་ཀྱི་ཉེས་པ་ཕྲ་མོ་ཙམ་གྱིས་ཀྱང་གོས་མེད་ཅེས་བདག་གིས་མགོ་བོ་གཟེངས་སུ་བསྟད་ནས་སྨྲ་ཐུབ། དཔེར་ན་ཕུ་བོ་ཐར་ཤུལ་དགོན་ན་ཡོད་དུས་ཀྱི་དགུན་ཁ་ཞིག་ལ་རྒྱ་མི་དང་རོང་བ་ཨོང་འཐུ་བ་མང་པོ་ཞིག་ང་ཚོའི་ས་ཆར་ཡོང་སྟེ་ཨོང་བ་ཤིང་རྟ་མང་པོ་ཞིག་བཏུས་པ་སྡེ་བས་བཀག་སྟེ་འདྲུད་དུ་མ་བཅུག་པར་དགོན་པའི་མདུན་ཕྱོགས་ཀྱི་ལམ་ཁ་ཞིག་ཏུ་སྤུངས་བཞག་ཡོད་པ་དང་། ཉིན་ཞིག་ངས་ཕུ་བོར་ངེད་གཉིས་ལ་མེ་འབུད་སྤྱད་དེ་ཙམ་མང་པོ་ཞིག་མི་འདུག་པས། ཕ་གིའི་ཨོང་བ་གཡུགས་བཞག་ཡོད་པ་དེ་ནས་ཕྲན་བུ་ཞིག་ཁྱེར་ཡོང་ན་ཞེས་བརྗོད་པར། ཕུ་བོས་ང་ལ་ངེད་གཉིས་རབ་བྱུང་བ་གཉིས་ཡིན་པས་མ་བྱིན་ལེན་གྱི་ཕམ་པར་མི་འཇིགས་སམ་ཞེས་བདག་ལ་བཀའ་བཀྱོན་དྲག་པོ་ཞིག་གནང་བྱུང་།
སྤྱི་ལོ་ ༡༩༩༢ ལོའི་སྔ་ཕྱིར་ཕུ་བོར་གློ་ནད་སོགས་ནད་རིགས་ཅུང་ཛ་དྲག་པོ་འགའ་བྱུང་སྟེ་སྨན་ཁང་དུ་ཞག་སྡོད་དང་སྨན་རྒྱུན་རིང་ཙམ་བསྟེན་དགོས་བྱུང་སོང་། ངེད་ཚང་གི་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པས་སྨན་རིན་སྤྲོད་རྒྱུར་དཀའ་ངལ་ཧ་ཅང་ཆེ། སྐབས་རེར་ལག་དངུལ་ཡོངས་རྫོགས་ཚར་ནས་སྒོ་ཕྱུག་རེ་ཟུང་བཙོངས་ནས་ཕུ་བོའི་སྨན་རིན་འཇལ་རྩིས་བྱས་པ་ན་ཁོང་གིས་ངའི་སྲོག་ལ་བབས་ཀྱང་ངའི་ཆེད་དུ་སེམས་ཅན་གྱི་ཚེ་སྲོག་ལ་གནོད་འཚེ་མ་བྱེད་ཟེར་ནས་བཀག་འགོག་ལན་མང་བྱས་སོང་བ་སོགས་ནི་དཔེ་མཚོན་ཙམ་ཞིག་ཡིན། ཐར་ཤུལ་དགོན་པར་སྐྱ་ཟད་སྔོ་རྡུག་གི་འཚོ་བ་རོལ་སྐབས་དེའི་དབྱར་ཁ་རེར་ཉི་མ་དྲོ་དུས། ངེད་སྤུན་མཆེད་ཚོས་འཐེན་ཐུག་སླ་ང་གང་བསྐོལ་རྗེས་དེ་ཁྱེར་ཡོང་ནས་ར་སྐོར་གྱི་དཀྱིལ་དེར་བཞག་ནས་འཐུང་སྲོལ་ཡོད་ཅིང་། སྐབས་དེར་ཕུ་བོས་ཁོང་གི་སྟོད་འགག་ཚིལ་སྟུག་མ་དེ་ཕུད་ནས་སྟོད་རྗེན་ལ་འཐེན་ཐུག་ཚ་འཐུང་བྱེད་སྲོལ་ཞིག་ཀྱང་ཡོད་ལ། དེ་དུས་སུ་ཚོར་བ་རྟ་ཐོག་མ་རེའི་རྐྱེན་ལ་བརྟེན་ནས་རྩོམ་ཡིག་ཅུང་ཟད་ལེགས་པོ་རེ་བྲིས་པའི་དུས་ཀྱང་ཡོད་པ་དཔེར་ན། དེ་དུས་ཀྱི་འཐེན་ཐུག་འཐུང་སྐབས་ཤིག་ལ་ཚོར་བ་གློ་བུར་བ་ཞིག་ལ་བརྟེན་ནས་བདག་གིས་ཁ་བ་ནག་པོ་ཞེས་པའི་སྒྲུང་ཐུང་དེ་བྲིས་པ་ལྟ་བུ་ཡིན།
ཕུ་བོ་ནམ་རྒྱུན་རང་བྱུང་ཁམས་ཀྱི་ཕང་བར་སྤྲོ་འཆམ་ལ་འགྲོ་རྒྱུར་ཤིན་ཏུ་དགའ་ཞིང་། དབྱར་གཞུང་གི་ངེད་ཅག་གི་དགོན་པའི་ཐག་ཉེ་རིང་གི་ཡུལ་ལྗོངས་ནི་མཛེས་ཤིང་ལྟ་ན་སྡུག་པ། ངོ་མ་རི་མོ་མཁན་གྱིས་བྲིས་པ་དང་འདྲ་བའི་རི་ཆུའི་བཀོད་པ་རྨད་དུ་བྱུང་བ་འབའ་ཞིག་གིས་གྲུབ་ཡོད་པས། ཕུ་བོས་དཔེ་ཆ་འདྲ་མིན་ཁྱེར་ནས་མིག་ཤེལ་ནག་པོའམ་ཡང་ན་ཇ་མདོག་རེ་གྱོན་ནས་འཁྱོར་ཙམ་འཁྱོར་ཙམ་གྱི་གོམ་འགྲོས་ཀྱིས་དགོན་པའི་མདུན་རིའི་ངོས་དང་དགོན་འདབས་ཀྱི་ཆུ་ཕྲན་བཞུར་སའི་སྤང་ཐང་། ཡང་ན་དགོན་སྟོད་ཀྱི་རྩྭ་ལྗང་དང་ལྡུམ་བུ་ཁོ་ཤོག་མང་པོ་སྐྱེས་ཡོད་ས་དེར་འགྲོ་སྲོལ་ཞིག་ཀྱང་ཡོད། ཁོང་གིས་རང་བྱུང་ཁམས་ལ་བྲིས་པའི་སྙན་ངག་མང་པོ་ཞིག་ཧ་ཅང་ཚིག་མཛེས་དོན་ཟབ་འདུག་ལ། དཔེར་ན་སྙན་ངག་ཅིག་ཏུ་ཁོང་གིས་རི་ལུང་ཉུལ་སྐབས་ཤིག་ལ་གློ་བུར་དུ་དྲག་ཆར་བབས་ནས་གློག་དམར་གྱི་ཞགས་པ་འཁྱུགས་ཤིང་གནམ་ལྕགས་ཀྱི་ང་རོས་ས་གཞི་འདར་བ་ཞིག་བྱུང་སྐབས། ཁོང་གིས་རང་བྱུང་ཁམས་ཀྱི་འགྱུར་ལྡོག་གི་མདུན་དུ་མིའི་མི་ཚེ་ནི་ཇི་འདྲའི་འཇིག་སླ་བ་ཞིག་རེད་ཨང་ཞེས་སོགས་བྲིས་ཡོད་པ་ཡང་དྲན་བྱུང་།
ཕུ་བོའི་སྙན་ངག་འབྲི་རྩལ་ལ་བྱང་ཚད་མཐོ་བས་གང་ཞིག་བྲིས་ན་དེ་བཞིན་བཞུར་ཡོང་བ་ཞིག་ཡོད་ཚོད་འདུག དེ་ནི་བདག་གི་རང་བསྟོད་མ་ཡིན་པར་ཁོང་གི་<>དང་། <> <> <> <> <> <> སོགས་ལ་གཟིགས་ན་རྟོགས་ཐུབ་ཅིང་། ལུང་རིགས་ཀྱི་མཐའ་རྒྱ་ཆོད་པའི་དཔྱད་རྩོམ་དག་ཀྱང་གཟུར་གནས་སུས་བཀླགས་ཀྱང་དཔྱད་གཞི་དང་སློབ་སྦྱོང་གི་རྟེན་གཞིར་འཛིན་རུང་བ་ཤ་སྟག་འདུག་སྟེ། <> <> <> <> <> <> <> <> <> <> <> སོགས་ཡོད་ཅིང་། དཔེ་ཕྲེང་སྔ་ཕྱིར་དཔར་སྐྲུན་བྱས་པའི་སྐོར་ནས། <> <> <> <> <> <> སོགས་ཡོད་ལ། སྐུ་མ་གཤེགས་པའི་སྔོན་དུ་ཁོང་གི་གྲོགས་པོ་དག་ལ་ལོ་འདི་དག་གི་ནང་དུ་མང་རའི་ལོ་རྒྱུས་ལ་དག་སྒྲིག་བཅར་འདྲི་སོགས་བརྒྱུད་ནས་སྔོན་མའི་དེབ་དེ་ད་ལྟ་དེབ་རྒན་ཞིག་ཏུ་འགྲུབ་ཡོད་ལུགས་ཀྱང་བརྗོད་འདུག
ཕུ་བོ་ཆུང་དུས་ངས་སློབ་གྲྭ་འགྲོ་རྒྱུ་བདམས་པའི་དབང་གིས་ཁོང་སློབ་གྲྭར་འགྲོ་སྐལ་མ་ལྡན་ཡང་། ཁོང་གིས་ཨ་ཕའི་མཛུབ་སྟོན་ཕྲན་བུ་དང་འགྲོགས་ནས་རང་སྟོབས་ཀྱིས་བོད་ཡིག་བསླབས་ནས་ང་རང་སློབ་ཆུང་ནས་སློབ་མཐར་ཕྱིན་དུས་ཁོང་གིས་ཕྱུགས་ཟོག་འཚོ་ཞོར་དུ་སྦྱངས་པའི་བོད་ཡིག་གི་ཆུ་ཚད་ཧ་ལམ་ངའི་ཤེས་ཚད་དང་མཉམ་པར་གྱུར་འདུག ང་ཚོའི་སློབ་གྲྭའི་དབྱར་གནང་དང་དགུན་གནང་གི་སྐབས་སུ་ངས་རང་གི་སློབ་དེབ་དང་གཞན་པའི་དེབ་འགའ་རེ་ཕུ་བོའི་ཆེད་དུ་ཡུལ་ལ་འཁྱེར་ཡོང་གི་ཡོད་ཅིང་། ཁོང་ལ་དེབ་དེ་ཚོ་རག་དུས་ཀྱི་དགའ་སྤྲོ་དེ་ཚོའི་སྐོར་ལོ་མང་པོའི་རྗེས་སུ་ཡང་གླེང་མོལ་དུ་འདྲེན།
ཆོས་སྒོ་ཕྱེས་ནས་ཅུང་མ་འགོར་བར་ཕུ་བོ་ཀླུ་ཚང་དགོན་བཤད་སྒྲུབ་དགེ་འཕེལ་གླིང་དུ་སོང་ནས་དགེ་བཤེས་དགེ་འདུན་ཆེ་བ་དང་ངེད་ཅག་གི་ཨ་མའི་མིང་བོ་དགེ་འདུན་ཆུང་བ་གཉིས་ཀྱི་དགེ་ཕྲུག་བྱས་ཏེ་ཚད་མ་རིག་པ་དང་ཐུན་མོང་རིག་གནས་ལ་སྦྱངས། ཁོང་ཀླུ་ཚང་དགོན་པར་ཡོད་དུས་ཟླ་བ་ལྔ་དྲུག་རེའི་མཚམས་སུ་ང་ཁོང་ལ་བལྟ་རུ་འགྲོ་གི་ཡོད། ནུབ་ཚལ་འཐུངས་རྗེས་ངེད་གཉིས་ཀྱིས་ཁོང་གི་ཉལ་ཁང་དེའི་ནང་དུ་ཕྱོགས་ཡར་མར་གྱི་ཁ་བརྡ་བྱས་ནས་མཚན་གུང་མ་ཡོལ་བར་དུ་སྡོད་ཀྱི་ཡོད་ལ། ཕུ་བོ་སྡོད་སའི་དགོན་པའི་གྲྭ་ཤག་ཁམས་དྭངས་མོ་དེ་དང་དེའི་ནང་གི་དཔེ་ཆ་སྣ་རིང་དེ་དག ཉིན་མཚན་གྱི་དབྱེ་བ་མི་ཕྱེད་པའི་གློག་སྒྲོན་གྱི་འོད་སྣང་སོགས་ལ་ངས་སྐབས་དེར་ཡིད་སྨོན་ཆེན་པོ་ཞིག་བྱས་མྱོང་། ངས་སློབ་མཐར་ཕྱིན་རྗེས་ཟོག་ལུག་གི་རྫི་བོ་དང་ནུ་བོ་སྐལ་ལྡན་གཉོར་སྐྱོང་ལ་འབད་དེ་སློབ་སྦྱོང་མུ་མཐུད་དུ་བྱེད་མ་ཐུབ་ཀྱང་། ཕུ་བོས་དགོན་པ་ནས་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་སློབ་གཉེར་ཡག་པོ་བྱས་པས། ཁོང་དགོན་པར་བསྐྱོད་པའི་རྗེས་ཀྱི་ལོ་ཟླ་འགའི་རྗེས་སུ་ངེད་གཉིས་ཀྱིས་ཡི་གེ་འབྲི་དུས་ངས་བྱེད་འབྲེལ་གྱི་ཚིག་ཕྲད་འཇུག་ཡུལ་ཡང་བརྗེད་ཟིན་ཀྱང་། ཕུ་བོས་ནི་སུམ་རྟགས་གཉིས་ཀྱང་རང་རྐྱ་འཕེར་བ་ཞིག་ཤེས་ཚར་འདུག
རྗེས་སུ་ཕུ་བོ་ལྷ་སར་ཐེངས་ཤིག་བྲོས་ཏེ་ཕྱིར་བསླེབས་རྗེས་ལོ་འགའི་རིང་ང་རང་ཡོད་སའི་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་གི་ངའི་གྲྭ་ཤག་ཐེབས་ཆག་དེའི་ནང་དུ་བསྡད། སྐབས་དེར་ངས་རང་གིས་གཉོར་ནས་ལག་ཆགས་པའི་ནུ་བོ་སྐལ་ལྡན་ཡང་ལོ་དགུའི་སྟེང་དགོན་པར་ཁྲིད་ཡོང་ཡོད་པས། ངེད་སྤུན་གསུམ་པོ་བླ་ནག་ཚོ་བས་བླ་ནག་རི་ཁྲོད་པ་དང་ངེད་གཉིས་ཀྱི་ཆེད་དུ་བསྐྲུན་པའི་གྲྭ་ཤག་ཆུང་ཆུང་དེའི་ནང་དུ་བསྡད་དེ་སྐྱིད་སྡུག་མཉམ་མྱོང་བྱས། སྐབས་དེ་ཤེད་ཅིག་ནས་ང་ཚོའི་མི་རབས་དེའི་གཞོན་རབས་པ་མང་པོ་ཞིག་དང་འདྲ་བར་ཕུ་བོས་ཀྱང་ཡུལ་སྐོར་བ་དང་དཔའ་བོའི་ལོ་རྒྱུས་<>་སྣ་ཚོགས་དང་<>་བོད་འགྱུར་མ་དེབ་བཞི་སོགས་ལ་ལྟ་ཀློག་བྱས་ཤིང་། ཁོང་ཆུང་དུས་ནས་གློག་བརྙན་ལ་བལྟ་རྒྱུར་ཡང་ཧ་ཅང་དགའ་བོ་ཡོད་པས། ངེད་ཅག་སྐབས་རེར་མཚན་འགྲོས་ཀྱིས་རྫོང་མཁར་དུ་གློག་བརྙན་ལ་བལྟ་རུ་ཡང་ཐེངས་ཁ་ཤས་ཕྱིན་པ་དྲན། དངོས་བྱུང་དང་རྟོག་བཏགས་ཀྱི་གཏམ་རྒྱུད་དང་གློག་བརྙན་དེ་ཚོས་རྗེས་སུ་ཕུ་བོས་རྩོམ་ལུས་འདྲ་མིན་གྱི་རྩོམ་ཡིག་འབྲི་རྒྱུར་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད་པ་བརྗོད་ག་ལ་དགོས།
ཕུ་བོ་དགོན་པར་མ་སོང་སྔོན་ཙམ་དེར་ཕ་རྒན་གྱིས་ཉོས་ཡོང་བའི་བོད་ཡིག་གི་དེབ་མང་པོ་ཞིག་ཕུ་བོ་དང་ངེད་གཉིས་ལྟ་ཀློག་བྱས་ཤིང། དཔེར་ན་གོང་བརྗོད་ལྟར་<>་དང་<> <>་དང་<> ཧ་ལམ་དུས་ཚོད་དེ་འདྲ་ཞིག་གི་སྐབས་ནས་བཟུང་སྟེ་ཕུ་བོས་<>་དང་<>་སོགས་ལ་དགའ་མོས་ཆེན་པོ་བྱས་སོང་ལ། ང་རང་ལ་ཡང་ཁོང་གི་ཤུགས་རྐྱེན་གང་འཚམ་ཞིག་ཐེབས་ཏེ་སྒྱུ་རྩལ་རྩོམ་རིག་གི་དཔེ་དེབ་དེ་ཚོར་ཡང་ལྟ་སྐྱར་ཀློག་བྱས་པ་ཡིན། ད་ལྟ་བསམས་དུས་དེ་ནི་ཕྱོགས་གཅིག་ནས་དགའ་ཕྱོགས་ཤིག་དང་ཕྱོགས་གཞན་ཞིག་ནས་དགོན་པའི་ཆོས་སྤྱོད་དང་ལམ་རིམ་གྲུབ་མཐའི་དཔེ་ཆ་དག་གི་ནང་དོན་འཇིག་རྟེན་ཚེ་འདིའི་བྱ་དངོས་སམ་འཚོ་བ་དང་ཚིག་དང་ནང་དོན་གཉིས་ཀའི་ཕྱོགས་ནས་བར་ཐག་རིང་པོ་ཞིག་ཡོད་པས། ངེད་ཅག་གི་སེམས་ནང་དུ་སྟོང་ཆ་ཆེན་པོ་ཞིག་ལྷགས་ཏེ་སྒྱུ་རྩལ་རྩོམ་རིག་གི་དཔེ་ཆ་དང་དུས་དེབ་ཚགས་པར་སོགས་དང་བར་ཐག་ཤིན་ཏུ་ཉེ་བོ་ཞིག་ཆགས་སོང་བ་རེད་སྙམ།
རིམ་བཞིན་ཕུ་བོས་ཚོགས་ཆོས་གྲྭའི་བར་གསེང་གི་དུས་ཚོད་ཡོད་ཚད་སྒྱུ་རྩལ་རྩོམ་རིག་དང་ནང་བསྟན་གྲུབ་མཐའི་དཔེ་ཆ་དག་གི་ཕྱོགས་སུ་གཏོང་མགོ་བརྩམས་སོང་ལ། ཁོང་ཀླུ་ཚང་དགོན་པར་ཡོད་དུས་ནས་དཔེ་ཆ་བ་ཡག་པོའི་གྲས་སུ་ཚུད་འདུག་ཅིང་། ཐར་ཤུལ་དགོན་པར་སྡོད་དུས་ཀྱི་ཆོས་གྲྭའི་ནང་དུ་ཁོང་གི་གཞུང་ལུགས་ཀྱི་གོ་སྟོབས་དེ་ཧ་ཅང་ཡག་པོ་ཡོད་ལ། རྗེ་བླ་མ་ལྰ་མོའི་ཡོངས་འཛིན་རྡོ་རྗེ་འཆང་གིས་ཀྱང་ཕུ་བོར་ནམ་རྒྱུན་ཐུགས་མཉེས་པོ་གནང་གི་ཡོད་ཅིང་། རྗེ་བླ་མའིི་ཞབས་ཞུ་བ་ཚོའི་ངག་ནས་ཀྱང་དེ་ལྟར་ཡང་ཡང་ཐོས་རྒྱུ་འདུག ཕུ་བོའི་རིགས་སྟོབས་དེ་རིག་པའི་གནས་གང་ཞིག་ལ་གཏུགས་ཀྱང་རྣོ་ཁ་ལོག་རྒྱུ་མེད་པ་ཞིག་ཡོད། དཔེར་ན་དགེ་བཤེས་བཀའ་དྲིན་ཅན་བྱམས་པ་འཕྲིན་ལས་ཚང་གིས་ངེད་ཅག་ལ་<>དཔེ་ཁྲིད་གནང་དུས། ཕུ་བོས་བྲིས་པའི་སྙན་ངག་གི་དཔེར་བརྗོད་དག་ལ་ཐུགས་ཤིན་ཏུ་དགྱེས་ནས་འདི་དངོས་གནས་ཁྱོད་ཀྱིས་བྲིས་པ་ཡིན་ནམ་ཞེས་ཡང་ཡང་བཀའ་འདྲི་གནང་བ་ད་དུང་ཡང་དྲན་ངོགས་སུ་འདུག ལོ་གསར་སྐབས་སུ་ཕུ་བོ་ངེད་གཉིས་ཀྱིས་ངེད་ཚོའི་སྡེ་བའི་ནང་གི་མི་འདྲ་མིན་གྱི་མིང་ཚིག་ཤོ་ལོ་ཀ་གཅིག་གི་ནང་དུ་གང་སར་གཏོར་ནས་མི་སུའི་མིང་ཡིན་མིན་གྱི་ཚོད་དཔག་བྱེད་དུ་འཇུག་གི་ཡོད་ལ། དེ་ནི་ཧ་ཅང་སྐྱིད་སྣང་དོད་པའི་རྩོམ་རྩལ་གོང་མཐོར་གཏོང་ཐབས་ཀྱི་རོལ་རྩེད་ཅིག་ཀྱང་ཡིན།
ཐེངས་ཤིག་དགུན་བོད་ལོའི་ནང་ཞིག་ལ་ངེད་དགོན་པའི་གྲྭ་པ་འགའ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བསྐྱོད། ངེད་ཅག་གི་ཁྲོད་དུ་ཨ་ཁུ་དབུ་མཛད་ཀྱི་ཕ་རྒན་གཤེགས་པོ་དེ་ཡོད་ཅིང་། ཁོང་ནམ་རྒྱུན་ཚོགས་གསོག་སྒྲིབ་སྦྱོང་ལ་འབད་པ་རྩལ་དུ་འདོན་མཁན་ཞིག་ཡིན་པས། ཉིན་ཞིག་ངེད་སྤུན་གཉིས་ལ་ཁོང་དང་ལྷན་དུ་བླ་བྲང་དགོན་པའི་ཕྱི་སྐོར་ལ་བརྐྱངས་ཕྱག་འཚལ་འདོད་ཡོད་མེད་དྲིས་སོང་བར། ཕུ་བོས་ལམ་སེང་དེ་ལྟར་བྱ་ཟེར་ནས་ཐག་བཅད་སོང་མོད་ང་ནི་གང་འཚམ་རིང་སོམ་ཉིས་གདུངས། གང་ལྟར་སང་ཞོགས་ཆུ་ཚོད་བརྒྱད་པ་ཙམ་ལ་བརྐྱངས་ཕྱག་དེ་འཚལ་མགོ་བརྩམས། དེ་དུས་ཀྱི་བླ་བྲང་དགོན་པའི་མཐའ་སྐོར་ནི་དེང་དུས་བཞིན་མ་ཡིན་པར་གྲང་རླུང་གཡུག་ཚེ་གང་སར་ས་རྡུལ་འཐིབས་ཤིང་། སྐོར་ལམ་དུ་ཁྱི་མོ་ལྡོམ་པོ་དེ་འདྲ་ཚང་ལོག་ནས་ཁྱི་ཕྲུག་མང་པོ་ཞིག་འཁྱག་གྲིར་ཡང་འཆི་བ་དང་། ཁྱིའི་གཅིན་སྐྱག་ཀྱང་སྐོར་ལམ་དུ་ལུད་ཡོང་བ་སོགས་གང་ལྟར་གཙང་འདོད་ཡག་འདོད་ཅིག་གིས་བརྐྱངས་ཕྱག་འཚལ་ཐུབ་ས་ཞིག་མ་ཡིན། ངེད་གསུམ་གྱིས་བརྐྱངས་ཕྱག་འཚལ་མགོ་བརྩམས་ནས་ཅུང་མ་འགོར་བར་ངའི་རྐང་ལག་རིང་བས་མགྱོགས་པོར་སྔོན་ལ་ཤོར་ཚར་སོང་། ཡིན་ན་ཡང་ག་ལེ་ག་ལེར་ངའི་ལུས་ཤུགས་ཉི་ཚེ་བ་དེ་ཡོངས་སུ་ཟད་དེ་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཙམ་ལ་བརྐྱངས་ཕྱག་ཚར་གྲབ་ཡོད་དུས་ཕུ་བོ་ངའི་སྔོན་དུ་ཐག་རིང་པོའི་སར་ཤོར་འདུག
རྗེས་སུ་ཕུ་བོའི་རྩོམ་ཡིག་གང་འཚམ་ཞིག་བོད་ཁུལ་གྱི་གཞུང་གཉེར་དུས་དེབ་དང་ཚགས་པར་ཁ་ཤས་ཀྱི་སྟེང་དུ་བཀོད་བྱུང་ལ། དེས་ངའི་རྩོམ་ཡིག་འབྲི་བ་དང་སྤེལ་བར་ཡང་ཤུགས་རྐྱེན་གང་འཚམ་ཞིག་ཐེབས་བྱུང་། ཐེངས་ཤིག་ཕུ་བོ་དང་ང་རང་། ཆོས་གྲོགས་གཞན་པ་རེ་ཟུང་བཅས་ཀྱིས་དགོན་པའི་དུས་དེབ་སྔ་ཤོས་ཀྱི་གྲས་ལྗང་མྱུག་ཅེས་པའི་སྣུམ་དཔར་མ་ཞིག་ཀྱང་འདོན་སྤེལ་བྱས་ཤིང་། ཆད་ཆད་མཐུད་མཐུད་ཀྱིས་དུས་དེ་རིང་གི་བར་དུ་ཡོད་ལུགས་ཀྱང་ཐོས། ཕུ་བོ་དང་ངེད་གཉིས་ཀ་བྱིས་པ་ཡིན་པའི་སྐབས་ཟོག་རྫིར་འགྲོ་དུས་ཕུ་བོས་རྡོ་གཡའ་མའི་ངོས་སུ་རྡོ་རིལ་གཞན་ཞིག་མེར་བསྲེགས་པའི་ཚོན་གྱིས་མེ་ཏོག་དང་བྱེའུ་ལ་སོགས་པའི་རི་མོ་སྙིང་རྗེ་བོ་དེ་འདྲ་ཡང་འབྲི་ཤེས་ཀྱི་འདུག་མོད། ཕ་རྒན་གྱིས་རི་མོ་བྲིས་ན་གཤེ་ཞིང་ཡི་གེ་སྦྱངས་ན་བསྟོད་པས་རི་མོ་དེ་ཁོང་གིས་རྒྱུན་སྐྱོང་བྱེད་ཐུབ་མ་སོང་།
ང་རང་ཕ་ཡུལ་གྱི་དགོན་ཆུང་དང་རྩ་བའི་བླ་མར་བྲལ་བའི་ཉིན་མོ་དེ་ནི་དབྱར་གཞུང་གི་ཞོགས་པ་ཞིག་ཡིན་ཞིང་། སྐབས་དེར་ཕུ་བོའི་ནད་རྙིང་དེ་ཙམ་ཞིག་དྲགས་མེད་པས་ཚོགས་ཆོས་གྲྭར་ཡང་འགྲོ་མཚམས་བཞག་སྟེ་གྲྭ་ཤག་ཆུང་ཆུང་དེའི་ནང་དུ་ནད་གསོ་བྱེད་བཞིན་ཡོད། ངས་ཕུ་བོར་ང་རང་ཨ་ལགས་གུང་ཐང་ཚང་གི་དུས་འཁོར་དབང་ཆེན་ཞུ་གི་འགྲོ་རྒྱུ་ཡིན་ཞེས་རྫུན་ཞིག་བཤད་ཅིང་། ངེད་ཚང་གི་གྲྭ་ཤག་དེའི་ནང་ནས་ཕྱིར་འགྲོ་དུས་ཕུ་བོས་དཔེ་ཆ་ཞིག་ལ་ལྟ་བཞིན་ཡོད་ཅིང་། ནུ་བོ་ཆུང་ཆུང་སྐལ་ལྡན་གྱི་མགོར་བྱུགས་བྱུགས་ཤིག་བྱེད་ཞོར། ཨ་ཁུ་བཟང་པོའི་ཁ་ལོངས། ང་མགྱོགས་པོར་ཕྱིར་ལ་ཡོང་། ཞེས་བརྗོད་རྗེས་ལོ་ངོ་བཅུའི་དགའ་སྐྱོ་ཆགས་སྡང་གི་མི་ཚེ་བསྐྱལ་བའི་དབེན་དགོན་དེར་ཁ་བྲལ་བ་ཡིན།
ང་རྒྱ་གར་ལྷོ་གཅིག་དང་བལ་ཡུལ་དུ་སྡོད་པའི་ལོ་ཟླ་དེ་ཚོའི་དེ་ཚོའི་ནང་དུ། ཕུ་བོས་ཕ་ཡུལ་ནས་བསྐུར་ཡོང་བའི་འཕྲིན་ཡིག་དེ་ཚོ་ཁོ་ན་ནི་ང་དང་ཕ་ཡུལ་གྱི་འབྲེལ་ཐག་ཉག་གཅིག་དེ་ཡིན་ཞིང་། ལྷག་པར་དུ་རྒྱ་གར་ལྷོ་ཕྱོགས་སུ་ལོ་གཅིག་བསྡད་པའི་རིང་དེར་ཕུ་བོས་བསྐུར་ཡོང་བའི་འཕྲིན་ཡིག་དེ་ཚོ་ནི་ཕ་ཡུལ་དང་ཕ་མ་ཕུ་ནུ་དྲན་པའི་གདུང་བས་མནར་བའི་ཁོ་བོར་མཚོན་ན་དུས་ཐོག་ཆར་བ་དང་ཤི་སོས་ཀྱི་བདུད་རྩི་བཞིན་དུ་གྱུར་པ་ནམ་ཡང་བརྗེད་ཐབས་བྲལ། ངས་ཕུ་བོའི་འཕྲིན་ཡིག་དེ་ཚོ་ལོ་མང་པོའི་རིང་ཉར་ཚགས་བྱས་ཤིང་། རྗེས་སུ་ཨ་རིར་ཡོང་སྐབས་ཅ་ལག་འགའ་རྒྱ་གར་དུ་ལུས་པའི་ཁྲོད་ཁོང་གི་འཕྲིན་ཡིག་དེ་དག་ཀྱང་ཚུད་ནས་ད་བར་ལག་སོན་མ་བྱུང་བ་ནི་ཇི་འདྲའི་ཕངས་པ་ལ་ཨང་། སྐད་འཕྲིན་དར་ཁྱབ་བྱུང་བའི་ལོ་ཟླ་འདི་ཚོའི་རིང་ཕུ་བོར་འབྲེལ་གཏུགས་དེ་ཙམ་བྱེད་མ་ཐུབ་ཅིང་། དེ་རིང་ཁོང་གི་<>ཞེས་པ་དེ་ཀློག་སྐབས། ཁོང་གིས་འདི་འདྲ་ཞིག་བརྗོད་འདུག་སྟེ། “འདིར་ཞར་དུ་གླེང་རྒྱུ་ཞིག་ནི། ད་ལྟ་མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་ཁ་པར་དང་དྲ་ཚིགས། སྐད་འཕྲིན་སོགས་རྒྱ་ཁྱབ་ཏུ་དར་ཏེ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་ཐག་ཉིན་རེ་ལས་ཉིན་རེར་སྟུང་བཞིན་ཡོད་པས། ཡུལ་གྱིས་བསྐལ་བའི་ཕ་མ་དང་གཉེན་ཉེ། མཛའ་གྲོགས་སོགས་ཀྱིས་ཕན་ཚུན་ལ་ཁ་བརྡ་བྱ་འདོད་ན་ད་ལྟ་ཉིད་དུ་བྱས་ཆོག་ལ། གཟུགས་བརྙན་ལ་བལྟ་འདོད་ན་ད་ལྟ་ཉིད་དུ་བལྟས་ཆོག་པས། སྤྱིར་བཏང་གི་མི་ཞིག་ལ་མཚོན་ན་དགའ་འོས་པའི་དོན་དག་ཅིག་ཡིན་ཀྱང་། སྙན་ངག་པ་ཞིག་ལ་མཚོན་ན་དེ་ལས་ལྡོག་པའི་གནས་ཚུལ་ཞིག་སྟེ། སྙན་ངག་གི་བརྗོད་བྱ་གལ་ཆེན་དུ་གྱུར་པའི་རྟག་བརྟན་གྱི་བརྩེ་བའམ་དྲན་གདུང་ཞེས་པ་དེ་རྨེག་མེད་དུ་གྱུར་དང་འགྱུར་བཞིན་པས་སོ།།”
ཁོ་བོ་རྒྱ་བལ་དང་ཨ་རིར་བསྡད་པའི་ལོ་ཟླ་འདི་ཚོའི་རིང་ལ། ཕུ་བོས་ཀླུ་ཚང་དགོན་དང་མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པ་སོགས་སུ་བོད་རིག་པ་དོན་གཉེར་གྱི་སློབ་བུ་མང་པོར་དཔེ་ཁྲིད་ཀྱི་ཞོར་ལ་རྩོམ་ཡིག་སྣ་ཚོགས་ཤིག་བྲིས་ཏེ་བོད་ཁུལ་གྱི་གཞུང་སྒེར་གྱི་དུས་དེབ་དང་ཚགས་པར་དུ་མའི་སྟེང་བཀོད་ཅིང་། རྩོམ་ཡིག་མང་པོ་ཞིག་ལྷན་དུ་བསྒྲིགས་ཏེ་ཆེད་དེབ་དཔར་སྐྲུན་བྱས་འདུག དེ་དག་ལ་མང་པོ་ཞིག་དངོས་སུ་བཀླགས་ཤིང་མང་པོ་ཞིག་ཁ་བྱང་ཙམ་ལས་ལག་ཏུ་མ་ཆུད། ཕུ་བོར་སྔ་ཕྱིར་”སྦྲང་ཆར་རྩོམ་རིག་བྱ་དགའ”དང་”མང་ཚོགས་སྒྱུ་རྩལ་རྩོམ་རིག་བྱ་དགའ”་སོགས་རྩོམ་རིག་བྱ་དགའ་ཐེངས་འགར་ཐོབ་ཅིང་། ཁོང་གི་སྙན་ངག་དང་དཔྱད་རྩོམ་གང་ཞིག་ཡིན་པར་ཚིག་སྦྱོར་ཙམ་མ་ཟད་ནང་དོན་གནད་ལ་ཁེལ་ཡོད་པའི་ཚོར་བ་ཡང་འགོག་མེད་དུ་སྟེར། ངེད་ཕུ་ནུ་གཉིས་ཀྱི་ནམ་ཞིག་ཁ་བརྡ་བྱས་ན་ཡང་དེ་དག་ཕལ་མོ་ཆེ་ནི་རྩོམ་རིག་གི་སྐོར་ཡིན་ཞིང་། ཕུ་བོར་དགེ་ལུགས་པའི་དགེ་བཤེས་ཀྱི་དོན་དག་གང་ཞིག་ཡིན་ཡང་རིགས་པས་བརྡར་ཤ་གཅོད་དགོས་པའི་འདོད་ཚུལ་མཁྲེགས་པོ་ཞིག་ཀྱང་ཡོད།
ཟླ་གཅིག་ཙམ་གྱི་གོང་དུ་ངས་ཕུ་བོ་དང་ནུ་བོ་སྐལ་ལྡན་གཉིས་ལ་ངེད་གསུམ་གྱིས་ཨ་མ་དྲིན་ཆེན་མས་རང་རང་ལ་བཞག་པའི་མི་ཚེའི་བག་ཆགས་སམ་ཕྱིར་དྲན་ཕྱོགས་བསྡོམས་ཀྱི་རྩོམ་ཡིག་ཅུང་ཟད་རིང་པོ་རེ་འབྲི་རྒྱུ་དང་། རྗེས་དྲན་དེབ་ཆུང་དེའི་ཁ་བྱང་ལ་<>ཞེས་བཏགས་ཏེ་དཔར་སྐྲུན་བྱས་ན་ཞེས་གྲོས་མགོ་བཏོན་པར་ཕུ་བོ་དང་ནུ་བོ་གཉིས་ཀྱིས་ལམ་སེང་མོས་མཐུན་བྱས་ཤིང་། དེ་ནས་བཟུང་ཁོ་བོས་ཕལ་ཆེར་ཉི་མ་རེ་རེ་བཞིན་ཨ་མའི་མི་ཚེར་ཕྱིར་དྲན་བྱེད་ཞོར་རྩོམ་ཡིག་ཅིག་འབྲི་བཞིན་ཡོད་ཀྱང་། ད་ནི་ཨ་མའི་རྗེས་སུ་ཕུ་བོ་ཡང་མཚན་མོའི་ནམ་མཁར་འོད་ཀྱི་དྲན་ཤིིང་བཞག་སྟེ་ཡལ་བའི་སྐར་མདའ་བཞིན་ས་སྟེང་འདི་ནས་བཞུད་སོང་ལ། ཁོང་གིས་ཨ་མའི་རྗེས་དྲན་གྱི་རྩོམ་ཡིག་དེ་འབྲི་མགོ་བརྩམས་ཡོད་མེད་དང་ཅི་ཙམ་བྲིས་ཡོད་མེད་ཀྱང་རེ་ཞིག་རྟོགས་ཐབས་བྲལ། རྒྱུ་མཚན་ནི་དེང་སང་མི་ཕལ་མོ་ཆེའི་གློག་ཀླད་ལ་མི་སྒེར་གྱི་གསང་ཨང་ཡོད་པས། གལ་སྲིད་ཕུ་བོའི་གློག་ཀླད་ཀྱི་གསང་ཨང་ཤེས་མཁན་ཞིག་མེད་ཚེ་ཁོང་གི་རྩོམ་ཡིག་འབོར་ཆེན་ཞིག་དཔེ་སྐྲུན་དང་ལྟ་ཀློག་བྱེད་ཐབས་བྲལ་བ་མ་ཡིན་ནམ་བསམ་བཞིན་དངངས་འཚབ་ཐོལ་བ་ཞིག་ཀྱང་རང་ཤུགས་ཀྱིས་སྐྱེས་བྱུང་།
ཕུ་བོའི་ཤུལ་བཞག་བརྩམས་ཆོས་སྒམ་གསུམ།
ཟླ་འདིའི་ཚེས་བཅུ་བདུན་ཞོགས་པར་<>་འཁྱུག་ཙམ་རིང་ཉུལ་བས། དྲ་ངོས་དེར་ཕུ་བོས་<>སྟེང་བཀོད་པའི་རྩོམ་ཡིག་<>ཞེས་པ་ཞིག་འདྲེན་བཀོད་བྱས་འདུག་ཅིང་། རྩོམ་ཡིག་དེ་ལས་ཕུ་བོས་ལེགས་སྦྱར་གྱི་དགེ་རྒན་ཡང་བསྟེན་འདུག་པ་མཐོང་བས་རྗེས་སུ་ཡི་རང་གི་བསམ་བློ་ཞིག་ཀྱང་འཁོར་ཞིང་། རྩོམ་ཡིག་དེ་བཀླགས་གྲུབ་རྗེས་འདི་ག་ཨ་རིའི་མཐོ་སློབ་ཅིག་ཏུ་འབུམ་རམས་པའི་སློབ་གཉེར་ལ་གྲ་སྒྲིག་བྱེད་བཞིན་པའི་ཕུ་བོའི་སློབ་མ་ཡིན་པ། ཕ་ཡུལ་གཅིག་པའི་སློབ་མ་འབྲོག་མོ་ཞིག་ཡོད་པར་ཕུ་བོའི་རྩོམ་ཡིག་དེ་འདྲེན་བསྐུར་བྱས། དེའི་རྗེས་ཀྱི་ཆུ་ཚོད་འགའི་འཕྲོ་ནས་ནུ་བོའི་སྐད་འཕྲིན་ལས་ཆེས་ཐོས་མི་འདོད་པའི་གནས་ཚུལ་མི་སྙན་པ་དེ་ཐོས་བྱུང་ལ། ཉིན་འགའི་སྔོན་རང་གིས་ངོ་དེབ་དང་སྐད་འཕྲིན་གྱི་རྒྱབ་ངོས་སུ་བདག་ཅག་གི་སྟོན་པའི་གསུང་ཚིག་གྲགས་ཅན།
སྐར་མ་རབ་རིབ་མར་མེ་དང་། །
སྒྱུ་མ་ཟིལ་བ་ཆུ་བུར་དང་། །
རྨི་ལམ་གློག་དང་སྤྲིན་ལྟ་བུར། །
འདུས་བྱས་དེ་ལྟར་བལྟ་བར་བྱ།།
ཞེས་པ་དེ་བཀོད་པ་ཡང་དྲན་བྱུང་ལ། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱི་སྐུ་ཚེའི་ལོ་རྒྱུས་གློག་བརྙན་གནས་བརྟན་སྡེ་བའི་ལུགས་བཞིན་བཟོ་སྐྲུན་བྱས་པ་<>འམ་<>ཞེས་པའི་མཇུག་དེར། སྟོན་པ་ཁོང་སྐུ་མྱ་ངན་ལས་འདའ་ཁར་ཀུན་དགའ་བོ་སོགས་སློབ་མའི་ཚོགས་ལ་ཞལ་ཆེམས་མཐའ་མའི་ཚུལ་དུ། “ཡོད་ཚད་མིག་ལ་འཕུར་འཕུར་བྱས་པའི་རྗེས་ཀྱི་རབ་རིབ་བཞིན་བལྟ་བར་གྱིས།” ཞེས་གསུངས་པ་དེ་ཡང་དྲན་བྱུང་།
དཔེ་ཆ་དང་གློག་བརྙན། འཚོ་བ་དང་རྨི་ལམ་སོགས་ཀྱི་ནང་དུ་མཐོང་བའི་སྐྱེ་རྒ་ན་འཆིའི་སྤྱི་འགྲོས་གཡོལ་ཐབས་མེད་པ་འདི་དང་། བདག་ཅག་གི་སྟོན་པས་<>ལས།
སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །
རི་གཟར་རྦབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་དང་།
རྒྱལ་སྲས་ཞི་བ་ལྷས།
ཉིན་མཚན་སྡོད་པ་ཡོངས་མེད་པར། །
ཚེ་འདི་རྟག་ཏུ་གོལ་འགྱུར་ཞིང་། །
སྣོན་པའང་གུད་ནས་འོང་མིན་ན། །
བདག་ལྟ་འཆི་བར་ཅིས་མི་འགྱུར།། ཞེས་དང་།
སྒྲ་བསྒྱུར་མར་པས་མི་ལ་རས་པར།
ཕ་ཡུལ་ཞེན་པའི་མཁར་ཞིང་ན།།
མི་རྟག་སྒྱུ་མའི་སློབ་དཔོན་ཡོད།། ཅེས་དང་།
རྒྱལ་དབང་སྐལ་བཟང་རྒྱ་མཚོས།
སྐྱེས་ནས་སྐད་ཅིག་ཙམ་ཡང་སྡོད་དབང་ནི་མེད་པར། །
འཆི་བདག་གཤིན་རྗེའི་དྲུང་དུ་བང་རྩལ་གྱིས་རྒྱུག་པས། །
གསོན་པོ་ཟེར་ཡང་འཆི་བའི་ལམ་ཆེན་དུ་ཞུགས་འདུག །
ཉེས་ཅན་གསོད་སར་འཁྲིད་པའི་སྣང་ཚུལ་འདིས་སྐྱོ་ཨང་།། ཞེས་དང་།
དགེ་འདུན་ཆོས་འཕེལ་གྱིས་<>དྲན་ལས།
མ་བརྟགས་སེམས་ཀྱི་འཆར་ཚུལ་ཞིག་ལ།།
ད་དུང་དྲུང་ན་ཡོད་ཡོད་འདྲ་བ།།
དྲན་པའི་གཞུ་མོ་ནང་དུ་བཀུགས་ཚེ།།
སྙིང་ཁོང་སྟོང་བའི་རྒྱུ་ལས་མི་འདུག། ཅེས་དང་།
སྲིད་པའི་འབྱོར་བ་ལ་ཁའི་ན་བུན།།
འདུས་པའི་གཉེན་གྲོགས་ཚོང་འདུས་མགྲོན་པོ།།
མ་ངེས་སྐྱིད་སྡུག་མདང་གི་རྨི་ལམ།།
བསམ་ཞིང་བསམ་ན་སྙིང་པོ་མི་འདུག།ཅེས་དང་།
སློབ་ཆུང་སྐབས་ཀྱི་དགེ་རྒན་བསོད་ནམས་རྒྱལ་གྱི་ལེགས་བཤད་ཅིག་སྟེ། “ན་བ་བྱེའུ་ཆུང་རྡོ་ཕོག་འདྲ།” ཞེས་སོགས་འཆི་བ་མི་རྟག་པ་སྟོན་པའི་ལེགས་བཤད་མང་པོ་ཞིག་ཀླད་པའི་ནང་དུ་རེས་མོས་ཀྱི་འཁོར་རྒྱུག་བྱེད་ཅིང་། འདས་ཟིན་པའི་ལོ་ཟླ་འདི་དག་གི་རིང་ལ་ཕུ་བོར་འབྲེལ་འདྲིས་དེ་ཙམ་ཞིག་བྱེད་མ་ཐུབ་པར་ཕངས་སེམས་ལྕི་མོ་ཞིག་ཀྱང་རང་ཤུགས་ཀྱིས་སྐྱེས་བྱུང་།
འདི་ལྟར་མི་གཞི་བཟང་ཞིང་ཡོན་ཏན་ཅན་གྱི་ཕུ་བོ་ཞིག་དང་། བོད་རིག་པའི་ཞིབ་འཇུག་པ་ཞིག རྫ་སུལ་གྱི་སྙན་ངག་པ་ཞིག སྟོན་པ་ཤྰཀྱ་ཐུབ་པའི་རྗེས་སུ་ཞུགས་པའི་དགེ་སློང་རྣམ་དག་ཅིག ཕྱི་ཐག་རིང་ཞིང་ངོ་ལྐོག་མེད་པའི་གྲོགས་མཆོག་ཅིག་མེད་སོང་བ་རེད། ལ་ཁའི་ན་བུན་དང་རྩྭ་རྩེའི་ཟིལ་བ་བཞིན། ཁ་སང་ཡོད་ཀྱང་དེ་རིང་ཡལ་སོང་བ་རེད། ཁྱེད་ཀྱི་སྙིང་ལ་ཆེས་བག་ཆགས་ཟབ་པའི་མི་དེ་བཞུད་སོང་བ་རེད། ཐམས་ཅད་མི་རྟག་པ་ཡིན་པའི་གོ་བརྡ་གསལ་བོ་ཞིག་སྤྲད་ནས་བུད་སོང་བ་རེད། སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞིའི་བཞུར་རྒྱུན་དང་འགྲོགས་ནས་ཆས་སོང་བ་རེད། དཔེ་ཆ་སྣ་རིང་དང་མགོ་བཙེམས་མ་མང་པོ་ཞིག་ཤུལ་དུ་བཞག་ནས་ཕེབས་སོང་བ་རེད། རྩོམ་ཡིག་དེ་ཙམ་ཞིག་འབྲི་འཕྲོ་བཙན་གྱིས་བཞག་ནས་མི་རྟག་པའི་སྒྱུ་མའི་ཀློང་དུ་གློ་བུར་ཐིམ་ཟིན་པ་རེད། དེ་རིང་ནས་བཟུང་ང་ཚོས་ཁོང་གི་འགྲོ་སྟངས་འདུག་སྟངས། གད་མོ་དགོད་སྟངས་དང་ཡི་གེ་འབྲི་སྟངས། གཏམ་བཤད་བྱེད་སྟངས་དང་ཀུ་རེ་རྩེད་སྟངས་སོགས་ཚང་མ་ནམ་ཡང་མཐོང་སྲིད་ཀྱི་མ་རེད།
དེ་རིང་ནས་བཟུང་ང་ཚོས་ཀླུ་ཚང་དགོན་པའི་འདབས་ཀྱི་ཟམ་པ་དེའི་སྟེང་དུ་ཁོང་ཕར་འགྲོ་ཚུར་འོང་བྱེད་པ་མཐོང་མི་སྲིད་ལ། སྒེར་བདག་དང་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ཨ་མྱེས་གླང་ཆེན་གྱི་རྫ་འདབས་སུ་ཁྱིམ་མི་གཉེན་ཉེ་ཚོར་ཐུག་འཕྲད་དུ་བསྐྱོད་པ་ཡང་དུས་གཏན་དུ་མཐོང་མི་སྲིད། འདི་ནི་འདུས་བྱས་ཀྱི་འཕྲོད་སྦྱོར་ཞིག་སྟངས་ཤིག་རེད་ལ། འདི་ནི་རྡུལ་ཕྲན་གྱི་འབྱར་རྫས་འཐོར་སྟངས་ཤིག་ཀྱང་རེད། འདི་ནི་ཁ་ཆེ་ཕ་ལུས། དོན་དུ་འོང་མི་ཐམས་ཅད་འགྲོ་མི་ཡིན། ཞེས་པའི་ཚིག་བཅད་དེ་ལ་འགྲེལ་བཤད་གསལ་བོ་རྒྱག་སྟངས་ཤིག་རེད་ལ། འདི་ནི་འཆི་བ་མི་རྟག་པ་ཞེས་པ་དེ་ལམ་རིམ་ཆེན་མོའི་ཤོག་ངོས་ནས་དངོས་ཡོད་འཚོ་བའི་ཁྲོད་དུ་དམར་རྗེན་རྗེན་དུ་བཤམས་པ་ཞིག་ཀྱང་རེད།
ངའི་སྙིང་ཉེ་བའི་ཕུ་བོ་ལགས། དེ་རིང་ནས་བཟུང་འུ་ཅག་ཚེ་འདི་དང་ཕྱི་མ་ཞེས་པའི་འཇིག་རྟེན་མི་འདྲ་བ་གཉིས་སུ་གྱེས་ཚར་བས། མངོན་པ་མཛོད་སོགས་ལས་གསུངས་པ་བཞིན། ཁྱེད་ལ་དབང་པོ་ཀུན་ཚང་ཞིང་སྲིད་པ་གསུམ་གྱི་གནས་རིས་གང་ཞིག་ཏུ་བགྲོད་འདོད་ཀྱང་ཐོགས་པ་མེད་པའི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་ཞིང་། ཁྱེད་ཀྱིས་རང་གི་དབུ་སྐྲ་དཀར་བའི་ཕ་རྒན་དང་སྐྱོ་གདུང་གིས་མནར་བའི་ནུ་བོ་ངེད་ཅག་སོགས་ནང་མི་གཉེན་འབྲེལ་རྣམས་དང་། ཁྱེད་ཀྱི་དཔེ་ཁྲིད་དགེ་རྒན་རྣམ་པ་དང་ཆོས་གྲོགས་རྩོམ་གྲོགས་རྣམ་པ་སོགས་ཕར་མཐོང་ལ་ཚུར་མི་མཐོང་བ་སོགས། མདོར་ན་སྲིད་པ་བར་དོའི་འགྲོ་བ་ཞིག་ལ་ཇི་ལྟར་ཚང་བའི་ཁྱད་ཆོས་དེ་དག་ཁྱེད་ལ་ཡང་ཚང་ཡོད་ངེས་ཅན་ཞིག་ཡིན་ལ། བར་སྲིད་པའི་གྲོང་ཁྱེར་དེ་ཡང་འཇིག་རྟེན་མི་ཡུལ་དང་འདྲ་བར་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཧ་ཅང་སྐྱེན་པའི་སྒྱུ་མའི་ཞིང་ཁམས་གཞན་ཞིག་ཡིན་པས། ཁྱེད་ཀྱིས་རང་གི་རྩ་བའི་བླ་མ་རྣམ་པར་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་དྲག་པོ་ཐོབས། བླ་མ་དཀོན་མཆོག་ལ་འགྱུར་མེད་དད་མོས་རྒྱུན་ཆད་མེད་པར་གནོངས་དང་། ཁྱེད་ཀྱི་རྒྱང་རིང་གི་ནུ་བོ་བདག་གིས་གནས་མཆོག་རྡོ་རྗེ་གདན་དང་མཆོད་རྟེན་བྱ་རུང་ཁ་ཤོར་སོགས་ཀྱི་དྲུང་དུ་སྣང་གསལ་མར་མེ་མང་པོའི་འོད་སྣང་ཁྱེད་ལ་བཀྱེས་ཡོད། ཁྱད་པར་དུ་རིས་མེད་ཆོས་བརྒྱུད་ཀྱི་བླ་མ་སྐྱེས་བུ་དམ་པ་སངས་རྒྱས་མི་གཟུགས་ཀྱི་བླ་ཆེན་རྣམ་པས་ཁྱེད་ལ་ལམ་སྟོན་གྱི་འཕོ་བ་གསུང་བཞིན་ཡོད། གྲྭ་ས་སེ་འབྲས་དགེ་གསུམ་དང་བླ་རུང་ཆོས་གྲྭ་ཆེན་མོ་སོགས་སུ་དགེ་འདུན་འདུས་པ་རྒྱ་མཚོས་ཁྱེད་ལ་བསྔོ་སྨོན་ཆོས་ཀྱི་སྒྲ་དབྱངས་སྒྲོག་པར་བསྐུལ་ཡོད།
ལོ་མང་པོ་ཞིག་གི་རྗེས་སུ་ང་ཚོས་ཡང་སྐྱར་ཁོང་གི་སྐོར་གླེང་ཡང་སྲིད། དེ་དུས་ང་ཚོས་ད་དུང་ཁོང་གི་ན་བཟའ་ངན་ངོན་དེ་ཚོ་དང་མིག་ཤེལ་ནག་པོ་དེ། གྲྭ་ལྷམ་ཟུར་ཟད་དེ་དང་ལག་ཁུག་རྙིང་པ་དེ་ལ་སོགས་པ་ཡང་སྐྱར་དྲན་ཡང་སྲིད་ལ་གླེང་ཡང་སྲིད། དེ་དུས་ང་ཚོས་ཁོང་གི་ཤུལ་བཞག་བརྩམས་ཆོས་དེ་ཚོའི་སྐོར་ནས་བགྲོ་གླེང་རེ་བྱེད་ཀྱང་སྲིད། དེ་དུས་ང་ཚོས་ཁོང་གི་ཆེས་སྟབས་བདེ་དང་རིང་རྒྱུ་ཐུང་རྒྱུ་མེད་པའི་མི་ཚེའི་གཏམ་རྒྱུད་འགའ་རེ་ཕྱིར་དྲན་བྱེད་ཀྱང་སྲིད། ཡིན་ན་ཡང་ང་ཚོའི་ཁྲོད་ཀྱི་མི་ཅི་ཙམ་ཞིག་ལོ་མང་པོའི་རྗེས་སུ་ད་དུང་འཚོ་གནས་བྱེད་བཞིན་ཡོད་མེད་སུས་ཀྱང་མི་ཤེས་ཏེ། རྒྱུ་མཚན་ནི་ང་ཚོ་ཚང་མ་མི་རྟག་པ་ཞེས་པའི་མཚན་མོའི་ནམ་མཁའ་ཆེན་པོ་དེའི་ཀློང་ན་སྐད་ཅིག་སྐད་ཅིག་ལ་སྣང་ཙམ་ཡལ་ཙམ་བྱེད་པའི་སྐར་མ་རེ་རེ་ཡིན་པས་སོ།།
ཕུ་བོ་གཤེགས་ནས་ཆུ་ཚོད་ཁ་ཤས་ལས་མ་འགོར་བར་ཁོང་གི་ལས་རིགས་གཅིག་པའི་རྩོམ་པ་པོ་མང་པོ་ཞིག་གིས་ཁོང་ལ་མྱ་ངན་ཞུ་རྩོམ་ཧ་ཅང་མང་པོ་ཞིག་བརྩམས་ནས་སྐད་འཕྲིན་སོགས་སུ་སྤེལ་ཡོང་བ་དང་། རྩོམ་ཡིག་དེ་ཚོའི་གྲས་ནས་བདམས་གསེས་ཀྱིས་ལེགས་ཤོས་སྐོར་ཞིག་མཉམ་དུ་རྗེས་དྲན་དེབ་ཆུང་ཞིག་ཏུ་ལོ་གསར་ཚེས་བཅོ་ལྔའི་སྔོན་དུ་དཔར་སྐྲུན་བྱེད་འཆར་ཡོད་ཚུལ་ཐོས་པ་དང་། དེ་རིང་ནུ་བོས་ཁོང་གི་ཤུལ་བཞག་བརྩམས་ཆོས་ཉར་ཚགས་བྱེད་སའི་ལྕགས་སྒམ་གཉིས་དང་ཤིང་སྒམ་ཞིག་གི་འདྲ་པར་བསྐུར་འདུག་པ་ཡང་མྱ་ངན་ཐོལ་བ་ཞིག་གི་སྣོན་མ་དང་སྤོབས་པ་མཐོན་པོ་ཞིག་གི་མཚོན་རྟགས་སུ་གྱུར་ཅིང་། ཕུ་བོར་དགེ་འདུན་ཆོས་འཕེལ་ལྟ་བུའི་སྐུ་ཡོན་ཡོད་མི་སྲིད་ཀྱང་། དགེ་འདུན་ཆོས་འཕེལ་གྱི་སྤྲོས་མེད་སྟབས་བདེའི་འཚོ་བ་རོལ་སྟངས་དང་། སྤྲང་པོའི་མི་ཚེ་ལྕགས་ཀྱི་སྨྱུ་གུ་དང་མཉམ་དུ་རྫོགས་པ། མི་ཚེ་གང་བོར་བོད་རིག་པ་གོང་འཕེལ་དང་སློབ་གཉེར་ཁོ་ནར་བཏང་བའི་ཆ་ནས། དགེ་འདུན་ཆོས་འཕེལ་གྱི་བཞུད་ལམ་དེར་ཞབས་རྗེས་འོད་དུ་འཚེར་བཞིན་ཕེབས་ཟིན་པ་ཞིག་ཀྱང་ཡིན་པར་སེམས་སོ།།
སྤྱི་ལོ་ 2020 ཟླ་ 1 ཚེས་ 23 ཉིན་ཨ་རིའི་ནུབ་ཕྱོགས་ཝ་ཞིང་ཁྲོན་ཞིང་ཆེན་གྱི་རི་ཆུའི་གྲོང་བརྡལ་དུ་འབོད་པར་གནས་བཅས་པའི་ཧེ་རུ་ཀ་ཆོས་ཚོགས་སུ་སྐྱོ་གདུང་དྲག་པོ་དང་བཅས་བྲིས།།
-བོད་ཀྱི་དུས་བབ་ལས་དྲངས།
ལུས་ངག་ཡིད་གསུམ་དམ་ཆོས་ལ་མི་དད།
ལུས་ངག་ཡིད་གསུམ་དད་གུས་སྙིང་ནས་མེད།
འདི་དང་འདི་འདྲའི་སྐབས་ཀྱི་ངན་དད་ལ།
དམ་པའི་ཆོས་ཀྱི་མཐུ་ནུས་གང་ནས་ཡོང།
ལུས་ངག་ཡིད་གསུམ་དམ་ཆོས་ལ་མི་དད།
ལུས་ངག་ཡིད་གསུམ་དད་གུས་སྙིང་ནས་མེད།
འདི་དང་འདི་འདྲའི་སྐབས་ཀྱི་ངན་ནད་ལ།
དམ་པའི་ཆོས་ཀྱི་མཐུ་ནུས་གང་ནས་ཡོང།
ཀླུ་སྨྱོན་ལགས་ལ་གདུང་སེམས་མཉམ་བསྐྱེད་ཡོད།
སེམས་གསོ་ཞུ།
སྤྲུལ་སྐུ་ཡེ་ཤེས་ཚང་སེམས་མ་སྐྱོ། ངས་ཁྱོད་ལ་མ་ཎིའི་གདུང་སེམས་ཞུ།
་་་་་་་་་་་་་ ཁྱེད་ཀྱི་དཔེ་ཁྲིད་དགེ་རྒན་རྣམ་པ་དང་ཆོས་གྲོགས་རྩོམ་གྲོགས་རྣམ་པ་སོགས་ཕར་མཐོང་ལ་ཚུར་མི་མཐོང་བ་སོགས། མདོར་ན་སྲིད་པ་བར་དོའི་འགྲོ་བ་ཞིག་ལ་ཇི་ལྟར་ཚང་བའི་ཁྱད་ཆོས་དེ་དག་ཁྱེད་ལ་ཡང་ཚང་ཡོད་ངེས་ཅན་ཞིག་ཡིན་ལ། ་་་་་་་་་་ ཟེར་བ་ཞིག་བྲིས་འདུག
གསོན་ལུས་མི་དང་བར་སྲིད་བར་གྱི་ཕར་མཐོང་ལ་ཚུར་མི་མཐོང་ཞེས་པ་མི་ཐད་དེ། ཕར་མཐོང་བ་འདི་གྲོང་གསེབ་པའི་ཆོས་ལུགས་ཙམ་ལས་དཔེ་ཆ་ཁུངས་ལྡན་གང་ཡང་མེད་ལ། ད་དུང་བར་སྲིད་ཁོ་རང་ཚུར་མཐོང་བ་ཡོད་དགོས་ཏེ། བླ་མ་དང་གྲུབ་ཆེན་ཚོ་ལ་དངོས་ཤེས་ཡོད་པས་སོ།། །།
ཀླུ་སྨྱོན་མྱ་ངན་བྱེད་སྐབས་སུ་དགག་བཞག་བྱས་པར་དགོངས་དག་ཞུ་བ་དང་ཆབས་ཅིག གུས་ནས་ཀྱང་ཕུ་བོས་ནུ་བོ་འདས་པར་མྱ་ངན་གུས་དུད་དང་། དུང་སེམས་མཉམ་བསྐྱེད་ཡོད་དོ།། །།
མཛོད་ལས།
རིགས་མཐུན་ལྷ་མིག་དག་པས་མཐོང་། །
ཞེས་པས་རང་རིགས་མཐུན་པའི་བར་སྲིད་ནང་ཚུན་དང་། ལྷ་ཡི་མིག་དག་པ་སྟེ། དངོས་ཤེས་སམ། དངོས་ཤེས་ཅན་ལ་གོ་དགོས་འདུག་སྙམ་མོ།།