ཆུ་རླངས་འབྲུག་བྱམས།
ཨ་ཁུ་བོད་པའམ་ཆུ་སྐྱེས་ཨ་ཁུ་བོད་པ༼ ཚེ་བརྟན་རྡོ་རྗེ༽ དམ་པ་དེ་ནི་མི་གཤིས་དྲང་ལ། སྤྱི་སེམས་ཆེ། བོད་མི་རིགས་ཀྱི་ལ་རྒྱ་ནི་དེ་བས་ཀྱང་ཆེ། ང་ཚོའི་སྡེ་མི་དང་ངེད་གྱི་ཕ་ཡུལ་ཕྱོགས་ཀྱི་མི་རྣམས་ནས་ཚེ་བརྟན་རྡོ་རྗེ་དམ་པ་དེ་ཉིད་ལ་ཨ་ཁུ་བོད་པའམ་ཆུ་སྐྱེས་ཨ་ཁུ་བོད་པ་ཞེས་འབོད་པ་ལས་ཁོང་གི་མཚན་དངོས་ཤེས་མཁན་ཧ་ལམ་མེད། ཕྱག་གཉིས་ལག་རྟེན་ལ་ཁེན་ནས་འགྲོ་མཁན་ཨ་ཁུ་བོད་པས་དབྱར་དགུན་སྟོན་དཔྱིད་མེད་པར་དཔེ་འབྲི་དང་མཚམས་རེར་འཚེམ་ལས་བྱེད་པ་ལས་གཞན་ལས་ཀ་གང་ཡང་མི་བྱེད།
ཕྲན་གྱིས་ཨ་ཁུ་བོད་པ་དྲན་ངོགས་སུ་ཟིན་དུས་ཕལ་ཆེར་ཁོང་དགུང་ལོ་བདུན་བཅུའི་ནང་དུ་སླེབས་འདུག་ཀྱང། ཞོགས་པ་སྔ་མོ་ནས་བཟུང་མཚན་ལ་མུན་རུབ་ཀྱང་རང་ཁྱིམ་ནས་སྣུམ་སྒྲོན་གྱི་འོག་ཏུ་ཕྱག་གཡོན་པས་གཡས་པ་སྐྱོར་བཞིན་འདུན་པ་དང་རེ་བའི་ཁེངས་ནས་རང་ཉིད་ཀྱིས་འབྲི་བཞིན་པའི་དཔེ་དེབ་དེ་དག་མཇུག་སྐྱོང་ཨེ་ཐུབ་བལྟ། ང་ཚོའི་སྡེ་བའི་ནང་གི་ན་གཞོན་ཚོས་ཨ་ཁུ་བོད་པ་ས་ཆ་གང་ཞིག་ནས་ཡོང་བ་དང། སྐྱེས་ཡུལ་གང་ཞིག་ཡིན་མིན་ཤེས་མཁན་མེད། འོན་ཀྱང། མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་ཟེར་བའི་དཔེ་བཞིན། ཨ་ཁུ་བོད་པས་རང་ཉིད་སྐྱེས་ཡུལ་དང་སྡེ་བའི་ལོ་རྒྱུས་ཡང་ནས་ཡང་དུ་བཤད། ལོ་དུས་ཏག་ཏག་ཞིག་བཤད་མི་ཐུབ་ཀྱང། ཨ་ཁུ་བོད་པ་མདོ་སྨད་ཕྱོགས་སུ་ཡོང་དུས་དགྱ་བོད་ལ་མ་སླེབས་པའི་སྔོན་ལ་རེད་ཟེར། ང་ཚོའི་སྡེ་བ་རུ་སླེབས་དུས་ཀྱང་དགྱ་ནག་པོ་བོད་ལ་སླེབས་མེད་པའི་སྐབས་ཤིག་རེད་འདུག ལྔ་བཅུ་ལྔ་བརྒྱད་ལོ་དང་རིག་གནས་གསར་བརྗེའི་སྐབས་སུ་ཨ་ཁུ་བོད་པ་ལ་དམིགས་བསལ་གྱི་དཀའ་ངལ་སྤྲད་པ་དེ་འདྲ་གང་ཡང་བྱུང་མི་འདུག་ཀྱང། དགྱ་ནག་སྲིད་གཞུང་གིས་ས་གནས་མི་མང་ལ་དཀའ་ངལ་ཚད་ལས་བརྒལ་བ་སྤྲད་པ་དང་བོད་ཀྱི་རིག་གནས་ཤུལ་མེད་བཟོས་པ་དེ་དག་གིས་ཁོང་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་འདྲ། རིག་གནས་གསར་བརྗེ་མཇུག་རྗོགས་རྗེས། བོད་ཀྱི་ས་ཁུལ་ཡོངས་སུ་རྗོགས་པ་ན་རིག་གནས་དང་དཔེ་དེབ་གཅིག་ཀྱང་ལྷག་མེད་ལ། གཅིག་ཡོད་པ་ནི་མའོ་ཙེ་ཏུང་གི་གསུང་བཏུས་དང་སློབ་གསོ་རེད།
མའོ་ཙེ་ཏུང་གི་སློབ་གསོའི་འོག་ནས་བོད་མི་རྣམས་རང་ཁྱིམ་ནས་སྡོད་དབང་མེད་པ་དང་རང་ས་རང་ཡུལ་ནས་མཐོང་ཆུང་དང་གཉའ་གནོན་གྱི་ཁྲོད་ནས་འཚོ་བ་སྐྱེལ་དགོས་བྱུང་ཡོད་ལ། ལྷག་པར་དུ་བོད་མི་ས་ཡ་གཅིག་དང་ཕྱེད་ཀའི་ཚེ་སྲོག་འཕྲོག་པ་དང་བོད་ཀྱི་རིག་གནས་དག་ཆེས་རྗེས་ལུས་དང་བེད་མེད་དུ་བརྩིས་ནས་མེ་ལ་བསྲེགས་པ་སོགས་ཤུལ་མེད་བཟོས་པ་འདི་དག་ནི་གུང་ཁྲན་གྱིས་བོད་ཀྱི་ཐོག་བཟུང་བའི་སྲིད་ཇུས་རེད་ལ། རྒྱ་མི་རིགས་ནས་ཀྱང་ངེས་པར་དུ་ཤེས་དགོས་པ་ཞིག་རེད། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ནང་དུ་བཀོད་དགོས་པ་ཞིག་དང། བོད་མི་དང་ཁྱད་པར་དུ་ན་གཞོན་རྣམས་ཀྱིས་དགྱ་གུང་ཁྲན་གྱི་བྱས་ཉེས་ངེས་པར་དུ་དྲན་དགོས་པ་དང། བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཆེས་སྡུག་རྩུབ་དང་ཆེས་ཡ་ང་བའི་ལོ་ཟླ་དག་ཀྱང་ཡིན། བོད་མི་རིགས་ཀྱི་རྩམ་དྲི་བྲོ་མཁན་ཞིག་དང་ལོ་རྒྱུས་ལ་དུང་བ་ཡོད་མཁན་ཞིག་ཡིན་ཕྱིན་ང་ཚོས་ལོ་རྒྱུས་ཀྱི་ནང་དུ་བྱུང་བའི་ཆེས་སྡུག་རྩུབ་ཅན་གྱི་དོན་དག་འདི་དག་ནམ་ཡང་བརྗེད་མི་རུང།
རྒྱུ་མཚན་དེའི་དབང་གིས་ཨ་ཁུ་བོད་པས་རང་ཉིད་གྱི་འཚོ་བ་སྐྱེལ་སྟངས་ཡོངས་སུ་དོར་ནས་རིག་གནས་གསར་བརྗེའི་སྐབས་གཏོར་ཤིག་དང་རྩ་མེད་དུ་བཏང་བའི་བོད་ཀྱི་སྔར་སྲོལ་གྱི་དཔེ་ཆ་དེ་དག་འབྲི་འགོ་བརྩམས། ཁྱད་པར་དུ་ང་ཚོའི་སྡེ་མི་ཚོས་སྐོམ་པ་ཆུ་འདོད་ལྟར་གཅེས་པའི་ཟླ་རེར་འཚོགས་བཞིན་པའི་རིག་འཛིན་གདུང་སྒྲུབ་དང་ཚེས་བཅུ་ལ་སོགས་པའི་དཔེ་དེབ་དེ་དག་ཉིན་མཚན་མེད་པར་དཀའ་བ་ཁྱད་དུ་སྤྱད་ནས་སྡེ་མི་ཚོར་མཁོ་འདོན་བྱས། རིམ་བཞིན་ཨ་ཁུ་བོད་པའི་ཕྱག་བྲིས་མ་དེ་དག་རེབ་ཀོང་ཕྱོགས་སུ་དར་ཁྱབ་དུ་སོང། ནང་སྒོས་སུ་རེབ་ཀོང་རྒྱལ་བོའི་ཕྱོགས་སུ་དར་ཁྱབ་ཧ་ཅང་ཆེ། ང་ཚོའི་སྡེ་བའི་མདུན་ཕྱོགས་ཀྱི་རི་འདབས་སུ་མཛེས་ཤིང་ལྟ་ན་སྡུག་པའི་རིལ་མ་ཐང་ཟེར་བའི་རྩ་ཐང་ཞིག་ཡོད་པ་དེ་ནི་ཨ་ཁུ་བོད་པས་དབྱར་ཁ་དཔེ་འབྲི་བྱེད་ས་ཡིན།
ཨ་ཁུ་བོད་པའི་སྐྱེལ་ཡུལ་བོད་ཡུལ་དབུས་ཀྱི་དགའ་ལྡན་དགོན་པའི་རི་འདབས་སུ་ཆགས་པའི་གྲོང་ཚོ་ཆུང་ཆུང་ཞིག་ནས་རེད། ཆུང་དུས་ནས་རྭ་སྒྲེང་དགོན་པ་རུ་གྲྭ་བ་བྱས། དགུང་ལོ་བཅུ་བདུན་གྱི་སྟེང་རང་ཉིད་དང་བློ་ཁ་མི་མཐུན་པ་ཞིག་དང་མཉམ་དུ་རྩོད་ཤོར་ནས་སྟབས་མ་ལེགས་པ་ཞིག་ལ་མི་དེས་བརླ་ཐོག་དུ་སྨྱུག་མ་ཞིག་གིས་བསྣུན་ནས་མི་དེ་རྐྱེན་ལམ་དུ་བཏང། རྒྱུ་མཚན་དེའི་དབང་གིས། ཨ་ཁུ་བོད་པ་རྭ་སྒྲེང་དགོན་པ་དང་ཁ་བྲལ་ནས་ནག་ཆུ་དང་མགོ་ལོག་ཕྱོགས་སུ་བྲོལ་བྱོལ་དུ་ཕྱིན། མཐར་རེབ་ཀོང་ལ་སླེབས། རེབ་ཀོང་རོང་བོ་དགོན་ཆེན་གྱི་ཤར་ཕྱོགས་སུ་ཡོད་པའི་རྒྱལ་བོ་ཆུ་སྐྱེས་སྡེ་བ་རུ་ཨ་ཁུ་བོད་པས་མི་འཚེ་ལྷག་མ་སྐྱེལ་ཅིང་གཞིས་ཁྱིམ་ཆགས། ངེད་གྱི་ཕ་ཡུལ་ཕྱོགས་ནས་ཁོང་ལ་ཨ་ཁུ་བོད་པར་འབོད་པ་ནི། མདོ་སྨད་ཕྱོགས་སུ་དབུས་པ་ལ་བོད་པ་རུ་འབོད་སྲོལ་ཡོད་པ་བཞིན། ཚེ་བརྟན་རྡོ་རྗེ་དམ་པ་དེ་ཉིད་དབུས་ནས་ཡོང་ཙང། ཁོང་ལ་ཨ་ཁུ་བོད་པ་རུ་ལས་ཁོང་གི་མཚན་དངོས་ནས་འབོད་མཁན་མེད། ཨ་ཁུ་བོད་པ་རུ་འབོད་པ་དེ་ཁྱད་གསོད་འདྲ་གང་ཡང་མིན་ལ། ཁོང་གིས་ཀྱང་ཨ་ཁུ་བོད་པ་ནི་མཚན་ལ་ངོས་འཛིན་བྱེད།
ཕྱི་ལོ་༡༩༩༥ ལོར་ཕྲན་ལྷ་ས་རུ་ཕྱིན་པ་ཡིན། སྐབས་དེར་ཨ་ཁུ་བོད་པའི་སྐྱེས་ཡུལ་དགའ་ལྡན་དགོན་པས་རི་འདབས་སུ་གནས་བའི་གྲོང་ཚོ་ཆུང་ཆུང་དེར་ཕྱིན་པ་ཡིན། ཁོང་གི་ནང་མི་རྩད་གཅོད་བྱེད་སྐབས་ཨ་ཁུ་བོད་པའི་སྤུན་དང་སྲིང་མོ་རྣམས་གཅིག་ཀྱང་ལྷག་མེད་པ་དང། ཚ་བོ་དང་ཚ་མོ་ཚོས་ཨ་ཁུ་བོད་པས་མཚན་གོ་མྱོང་ཡོད་ཀྱང་དེ་ཙམ་དོ་སྣང་མེད་པས་ཁ་བརྡ་ལྷོད་ལྷོད་དང་ཞིབ་ཚགས་པོ་ཞིག་རྒྱུས་ལོན་བྱེད་ཐུབ་མ་བྱུང། གྲོང་ཚོ་དེ་མི་ཚང་བདུན་བརྒྱད་ལས་གྲུབ་པའི་སྡེ་བ་ཆུང་ཆུང་ཞིག་རེད། ཕྱིར་ཕ་ཡུལ་ཕྱོགས་སུ་ལོག་སྐབས་ཨ་ཁུ་བོད་པའི་ཕ་ཡུལ་གྱི་གནས་ཚུལ་ཞིབ་ཚགས་ཤིག་རྒྱུས་ལོན་བྱེད་ཐུབ་མ་སོང་བསམ་ནས་སེམས་སྐྱིད་པོ་རང་མ་བྱུང། ལམ་བར་ནས་དེའི་སྐོར་ལ་བསལ་བློ་ཡང་ནས་ཡང་དུ་འཁོར། སྐབས་དེ་དུས་ལྷ་ས་ནས་རེབ་ཀོང་བར་རླངས་འཁོར་བསྡད་ནས་ཉིན་མཚན་ལྔ་ཡི་ལམ་ལ་འགྲོ་དགོས་ཀྱི་འདུག བོད་ཟླ་ལྔ་བའི་ཚེས་ཉི་ཤུའི་ཉིན་ཕ་ཡུལ་ལ་འབྱོར་སྐབས་ཐོས་འདོད་མེད་པས་གཏམ་ངན་དེ་ཐོས། ནང་ལ་སླེབས་དུས་ཨ་མ་དང་ཨ་མྱེས་བཅས་ནང་དུ་བསྡད་མི་འདུག་ཅིང་། ཨ་ཅེ་ཡིས་ང་ལ་ཨ་མྱེས་དང་ཨ་མ་བཅས་ཨ་ཁུ་བོད་པའི་འདས་མཆོད་ལ་བུད་སོང་ཟེར། གནས་ཚུལ་དེ་ནི་ང་སྐྱེས་ནས་ཐོས་འདོད་དང་མཐོང་འདོད་མེད་པའི་གཏམ་ངན་གཉིས་པ་དེ་ཡིན།
ང་ཕ་ཡུལ་ནས་ལྷ་སར་མ་སོང་བའི་སྔོན་ལ་ཨ་ཁུ་བོད་པའི་ཁྱིམ་ལ་སོང་པ་ཡིན། ཨ་ཁུ་བོད་པས་ང་ལ་བཤད་རྒྱུར། གལ་ཏེ་ཁྱོད་ལ་གོ་སྐབས་འདྲ་རེག་སོང་ན་ངེད་ཀྱི་ནང་མི་རྩད་གཅོད་ཞིག་གཏོང་རོགས་ཟེར་ནས་ང་ལ་རེ་སྐུལ་བྱས། ངའི་ཨ་ཁུ་བོད་པའི་རེ་སྐུལ་བཞིན་ཕ་ཡུལ་གྱི་གནས་ཚུལ་དང་ནང་མི་ཡི་གནས་སྟངས་གང་ཐུབ་ཀྱིས་རྒྱུས་ལོན་བྱས་ཤིང་། ཁོང་གི་གྲོང་ཚོ་པར་དུ་བཏབ་པ་བཅས་འཁྱེར་ཡོད། ཕྱིར་ཕ་ཡུལ་ལ་ལོག་དུས་ཨ་ཁུ་བོད་པ་ང་ཚོ་དང་གཏན་དུ་ཁ་བྲལ་འདུག སྐྱེས་ནས་འཆི་དགོས་པ་དེ་འགྲོ་བ་མི་ཡོངས་སུ་རྗོགས་པས་འདོད་ཀྱང་རུང་ལ་མ་འདོད་ཀྱང་རུང་གང་མཐར་མཐའ་མ་ལམ་ཁ་འདི་མ་གཏོགས་འགྲོ་ས་མེད་མོད། འོན་ཀྱང། ཨ་ཁུ་བོད་པའི་རེ་སྐུལ་བཞིན་ཁོང་གིས་ཕ་ཡུལ་དང་ནང་མི་ཡི་གནས་ཚུལ་བཅས་ཁོང་མ་གྲོངས་པའི་སྔོན་ལ་མཐོང་ཐུབ་ན་ཅི་མ་རུང་བསམ་ནས་སེམས་ལ་ན་ཟུག་ད་ལྟ་ཡང་སླེབས་ཀྱི་འདུག
བོད་ཟླ་ལྔ་བའི་ཚེས་བཅོ་ལྔའི་ཉིན་སྔགས་པ་རྣམས་ཞི་ཁྲོ་དམ་པ་རིགས་བརྒྱ་འཚོགས་བཞིན་པའི་སྐབས་ཤིག་ཏུ་ཨ་ཁུ་བོད་པ་དགུང་ལོ་བརྒྱ་བཅུ་གྱ་ལྔའི་སྟེང་ཐུགས་དམ་ལ་བཞུགས་ནས་ཕེབས་འདུག ང་ལ་མཚོན་ན་ཐུགས་དམ་ཟེར་ན་ཅི་ཡིན་མི་ཤེས་མོད། སྡེ་མི་ཚོས་བཤད་པ་ཡིན་ན་ཁོང་གིས་དགུང་ལོ་བདུན་བཅུ་དོན་ལྔ་ནས་ཨ་ལགས་ཤེས་རབ་རྒྱ་མཚོ་ཚང་རྩ་བའི་བླ་མར་བསྟེན་ནས་གསང་སྔགས་ཉམས་སུ་བླངས་པ་རེད་ཟེར། ཚེས་བཅོ་ལྔའི་ཉིན་གྱི་ཞོགས་པ་དེར་ཨ་ཁུ་བོད་པས་ངེད་གྱི་ཨ་མྱེས་དང་སྔགས་པ་པདྨ་དབང་ཆེན་གཉིས་ཁོང་གིས་ཁྱིམ་དུ་སྐད་བཏང་ནས་ཞལ་ཆེམས་འཇོག་འདོད་ཡོད་པ་འདྲ། འོན་ཀྱང། ཁོང་གཉིས་ཀྱིས་བཤད་པ་ཡིན་ན་དམ་པ་ཁོང་གི་གསུངས་སྐད་ཡག་པོ་ཞིག་གོ་ཐུབ་གྱི་མི་འདུག་པས་ཞལ་ཆེམས་ག་རེ་ཡིན་མིན་ཁོང་གཉིས་ཀྱིས་གོ་མི་འདུག ངེད་ཀྱི་ཨ་མྱེས་ཡིས་ཨ་ཁུ་བོད་པ་ལགས་སུ་རང་གི་རྩ་བའི་བླ་མར་གསོལ་པ་འདེབས་རོགས། ནང་མི་ལ་སེམས་ཁྲེལ་བྱེད་མི་དགོས་ཅེས་ཡར་ཞུ་སྐབས། ཨ་ཁུ་བོད་པས་མིག་གཉིས་ཅེར་རེར་ལྟོས། སྐུ་གཟུགས་དྲང་སེར་བསྡད། ཁ་ནས་ཨོཾ་ཨྰ་ཧྰུང་བཛྲ་གུ་རུ་པདྨ་སི་ངྷི་ཧུཾ་ཞེས་འདོན་བཞིན་ཕེབས་སོང་ཟེར། སྤྱིར་ཨ་ཁུ་བོད་པས་གཟུགས་སྟོབས་ཆེ་ལ་གཟུགས་པོའི་བདེ་ཐང་ཡང་དེ་འདྲ་ཡག་པོ་མེད་མོད། ཁོང་ཉིན་བདུན་གྱི་རིང་དུ་ཐུགས་དམ་ལ་བསྡད་འདུག་ཟེར། སྡེ་མི་དང་ས་ཕྱོགས་གཞན་ནས་ཡོང་བའི་མི་མང་པོ་ཞིག་དམ་པ་ཁོང་གི་འདས་མཆོད་ལ་འཛོམས། དམ་པ་ཁོང་གི་སྐུ་གཟུགས་ཆུང་ནས་ཆུང་རུ་ཕྱིན་ཏེ། འདས་མཆོད་གྱི་ཉིན་མོར་སྐུ་གཟིགས་ཆུང་ཆུང་བྱིས་པ་ལྟ་བུ་ཞིག་ཆགས་འདུག་པས་ཅི་འདྲའི་རང་དབང་ཞིག་དང་ཆོད་སེམས་ཅིག་ཡོད་པལའང།
དགའ་ལྡན་དགོན་པའི་རི་འདབས་སུ་སྐྱེས་ཤིང་རྭ་སྒྲེང་དགོན་དུ་རབ་ཏུ་བྱུང་བའི་མཐར་དགོན་པ་དང་སྐྱེས་ཡུལ་སོགས་དང་ཁ་བྲལ་ནས་མདོ་སྨད་རེབ་ཀོང་རྒྱལ་པོ་ཆུ་སྐྱེས་སྡེ་བ་ནས་རེབ་ཀོང་སྔགས་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཨ་ཁུ་བོད་པའམ་ཆུ་སྐྱེས་ཨ་ཁུ་བོད་པ་༼ ཚེ་བརྟན་རྡོ་རྗེ༽ དམ་པ་དེ་ཉིད་ང་ཚོ་དང་ཁ་བྲལ་ནས་ལོ་ངོ་ཉེར་ལྔ་འཁོར་རྗེས་༧རྒྱལ་བའི་བཞུགས་ཡུལ་རྡ་རམ་ས་ལ་ནས་དམ་པ་དེ་ཉིད་གྱི་ཆེད་མཆོད་མེ་ཞིག་དང་བསྔོ་བརྟེན་ཞིག་ཕུལ་ནས་རྗེས་དྲན་ཞུའོ།།