གཡུ་སྒང་དགེ་འདུན།
དེ་རིང་འདིར་རང་ཉིད་ཀྱི་མཐོང་སྣང་ལས་བྱུང་བའི་བསམ་ཚུལ་ཐུང་ཐུང་ཞིག་བརྗོད་འདོད་བྱུང་ཞིང་། དེ་ཡང་བསམ་ཐོས་མཐོང་གསུམ་རྒྱ་ཆེ་མཁན་ཚོ་ལ་དགོད་བྲོ་བ་ཞིག་ཡིན་རྒྱུ་རེད་དེ། ངས་རང་ཉིད་ཤེས་རྒྱ་མཐོང་རྒྱ་ཆུང་བའི་མི་ཞིག་གིས་མཐོང་ཐོས་ཀྱི་ཚོར་ཤུགས་ཡིན་སྟབས་དེ་དོན་ཐོག་ཏུ་འགྲོ་དང་མི་འགྲོ་ཕ་རོལ་བོའི་མི་སོ་སོའི་ངོས་ནས་ལྟ་རྒྱུ་ལས་གཞན་ཅི་ཡང་མེད། ད་ལྟའི་དུས་སྐབས་འདིར་སློབ་གྲྭའི་སློབ་ཕྲུག་གི་ཤེས་ཚད་དང་མི་གཞི་སྐྱོ་རུ་འགྲོ་བཞིན་པའི་གནས་སྟངས་ཀྱི་ཐད་ནས་བསམ་ཚུལ་རེ་གཉིས་ཞུ་འདོད་ཀྱིས། ལེགས་བཤད་བྱིས་པ་ལོ་གསུམ་གྱི་ཁ་ནས་ཀྱང་ལེན་རྒྱུ་ཡོད་པའི་དཔེ་ལྟར། ང་ལ་ཤེས་ཡོན་དང་ཉམས་མྱོང་གི་ཆ་ནས་གང་ཡང་མེད་ནའང་ལེགས་ཉེས་འབྱེད་པའི་བསམ་བློ་རྣལ་དུ་གནས་མཁན་ཞིག་ཡིན་པས་རང་ཉིད་ཀྱིས་མཐོང་སྣང་ཞིག་བཀོད་ན། དང་པོ། སློབ་གྲྭའི་ཤེས་ཚད་དང་མི་གཞི་སྐྱོ་རུ་འགྲོ་བཞིན་པ། གཉིས་པ། སློབ་མའི་ཕ་མ། གསུམ་པ་སློབ་གྲྭའི་འཛིན་སྐྱོང་། བཞི་པ་དགེ་རྒན། ལྔ་པ་སློབ་གྲྭའི་ཁྱིམ་ཚང་ཨ་མ། དྲུག་པ་སློབ་ཕྲུག་བཅས་ཀྱི་ཐད་ནས་ཡིན་ལ། ༡༽ སྤྱིར་ང་ཚོ་རྒན་གཞོན་ཚང་མའི་ཁ་ནང་དུ་བོད་ཡིག་བོད་སྐད་ཅེས་བཤད་ཁུལ་བྱེད་ཀྱི་ཡོད་པ་རེད། ད་ལྟའི་སློབ་ཕྲུག་ཚོས་སྤྱིའི་ཤེས་ཚད་དང་མི་གཞིའི་རྨང་གཞི་ག་འདྲ་ཡིན་མིན་ལ་བསམ་ཞིབ་བཏང་ན། ༡༩༥༩ ནས་ ༡༩༧༩ བར་གྱི་སློབ་ཕྲུག་དང་། ༡༩༨༠ ནས་ད་ལྟའི་སློབ་མ་ཚོའི་བར་གྱི་སྤྱིའི་ཤེས་ཚད་དང་མི་གཞིའི་བར་ཚད་ཅིག་གཞལ་ན་ལྕི་ཡང་གི་ཁྱད་པར་ཆེན་པོ་ཡོད། ཁྱད་པར་དེ་དཔལ་འབྱོར་གྱི་མཐུན་རྐྱེན་དང་། ཟང་ཟིང་དང་འདུ་འཛུ་སོགས་རྣམ་གཡང་བྱེད་ས་ཡོད་མེད་ཀྱིས་ཡིན་ནམ། ཡང་ན་མི་གཞི་དང་ཀུན་སློང་གིས་ཡིན་ནམ། གང་ལྟར་བརྒྱད་ཅུ་གྱ་གྲངས་ཀྱི་སློབ་ཕྲུག་ཚོ་ཕལ་ཆེར་ཤེས་ཚད་དང་མི་གཞི་ཡག་པོ་ཡོད་པ་དང་། ད་ལྟའི་སློབ་ཕྲུག་གི་ཤེས་ཚད་དང་མི་གཞི་སྐྱོ་རུ་འགྲོ་བཞིན་པ་དོན་དངོས་རེད། དཔེར་ན། ༡༩༦༠ ནས་ ༡༩༩༠ བར་གྱི་སློབ་ཕྲུག་ཚོ་ལ་མཚོན་ན། སྦྱང་ཡོད་པ་ཙམ་གྱིས་ངས་ཤེས་ངས་འཇོན་ཞེས་འུད་ཤོབ་རྒྱག་པའི་རིགས་ཧ་ཅང་ཉུང་། རང་ཉིད་ཀྱིས་དོན་དངོས་གང་འཇོན་གང་ཐུབ་ཀྱིས་གོམ་པ་རིམ་འཛེགས་བྱེད། ༡༩༩༡ ནས་བཟུང་བའི་ད་ལྟའི་བར་གྱི་སློབ་ཕྲུག་ཚོས་ཏོག་ཅིག་སྦྱང་ཡོད་པ་ཙམ་གྱིས་ངས་ཤེས་ངས་འཇོན་ཞེས་འུད་ཤོབ་ཆེན་པོས་ལམ་སང་རང་ཉིད་ཡར་མཐོ་སར་གང་མགྱོགས་འཛེགས་ཨེ་ཐུབ་ལྟ། འདི་ལྟར་བཤད་དུས་ད་ལྟའི་སློབ་ཕྲུག་ཕལ་ཆེར་ཤེས་བྱ་སྣ་མང་ཤེས་པས་སློབ་སྦྱོང་ཡག་པོ་ཡོད་པ་རེད་ཅེས་ལབ་མཁན་ཡོད་མདོག་ཁ་པོ་རེད། ད་ལྟའི་སློབ་ཕྲུག་ཕལ་ཆེར་གྱིས་ཤེས་པ་དེ་ཁ་ལག་གཡོས་སྦྱོར་གྱི་བྲོ་རྫས་དང་སྤྲིས་མ་ལྟ་བུ་རེད། མཐར་དེད་ན་གང་ལའང་རང་རྐྱ་འཕེར་བ་ཞིག་དཀོན་པོ་རེད། ཕྱི་ལོ་དྲུག་ཅུ་ནས་དགུ་བཅུ་བར་གྱི་སློབ་ཕྲུག་ཚོས་གང་སྦྱང་བའམ་གང་ཤེས་པ་དེ་ཞོ་ཆགས་པ་ལྟར་རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་ལ་ཐིམ་ཡོད་པའི་ཁྱད་པར་དེ་ངེས་པར་དུ་ཤེས་དགོས།
དེ་འདྲ་ཡིན་དུས་སློབ་གྲྭའི་སློབ་ཕྲུག་གི་ཤེས་ཚད་དང་མི་གཞི་སྐྱོ་རུ་འགྲོ་བཞིན་པའི་རྒྱུ་དང་རྐྱེན་ནི་སློབ་ཕྲུག་གི་ཕ་མ་ལས་འབྱུང་གི་ཡོད་དམ། ཡང་ན་སློབ་གྲྭའི་ཁོར་ཡུག་དང་འཛིན་སྐྱོང་སོགས་ནས་འབྱུང་གི་ཡོད། ཡང་ན་དགེ་རྒན་དང་སློབ་ཕྲུག་གི་ཀུན་སྤྱོད་ལ་ཐུག་པ་རེད། ཡང་ན་དགེ་རྒན་ཡག་ཤོས་ཀྱི་རིགས་ཚང་མ་འགྲོ་ཚར་དུས་ལྷག་ཡོད་པ་དེ་ཕལ་ཆེར་སྡུག་ཤོས་དེ་ལྷག་པ་དང་། དེས་སློབ་ཕྲུག་བསྐྱངས་ནའང་རང་དང་འདྲ་བོ་ཞིག་མ་གཏོགས་སྐྱོང་མི་ཐུབ་པ་རེད། འོ་ན་ཤེས་ཚད་དང་མི་གཞི་སྐྱོ་རུ་འགྲོ་བའི་རྒྱུ་རྐྱེན་ག་རེ་ལྷན་ཅིག་ཏུ་ཚོགས་པས་རེད། ཁྱད་པར་དེ་ཅི་ལྟར་བྱུང་བ་རེད། རྒྱུ་རྐྱེན་ཅི་ལྟར་འཚོལ་དགོས་ཞེས་དྲི་བ་ཞིག་རང་བཞིན་གྱིས་ཡོང་། ངས་གོང་དུ་བརྗོད་པའི་དོན་ཚན་ཁག་ཅིག་བགྲང་ཡོད་པ་དེ་ཤེས་ཚད་དང་མི་གཞི་སྐྱོ་རུ་འགྲོ་བཞིན་པའི་རྒྱུ་རྐྱེན་དང་འགྲེལ་ཆགས་མིན་བཤད་ཁག་པོ་རེད་དེ། ཡིན་ནའང་སློབ་གྲྭ་དང་སློབ་ཕྲུག་གི་འཐུས་ཤོར་ལ་འབྲེལ་བ་ཡོད་ཐག་ཆོད་ཡིན། མདོར་ན། སློབ་ཕྲུག་གི་ཕ་མ་དང་། འཛིན་སྐྱོང་། དགེ་རྒན། ཁྱིམ་ཚང་ཕ་ཚབ་མ་ཚབ་བཅས་ཚང་མས་ང་རང་ཚོའི་ཆོས་དང་རིག་གཞུང་། ཡ་རབས་སྤྱོད་བཟང་སོགས་གོམས་གཤིས་བཟང་པོའི་རིགས་ཕྲུ་གུའི་ཤ་ཁྲག་རུས་གསུམ་ལ་འཐིམ་པ་ཞིག་བྱེད་པ། ད་དུང་ཕྲུ་གུའི་འཕྲོད་བསྟེན་གང་ལེགས་བསྐྲུན་ཐབས་བྱེད་དགོས་པ་སོགས་ཡོལ་ཐབས་མེད་པའི་འགན་འཁུར་ཞིག་རེད། རྒྱུ་མཚན་དེར་བརྟེན་གཤམ་འཁོད་དོན་ཚན་གཉིས་པ་ནས་དྲུག་པ་བར་སོ་སོའི་འགན་ལ་སོ་སོས་ཕྱི་མིག་བལྟས་ཏེ། རང་ཉིད་ཀྱིས་སྐྱོན་ག་འདྲ་ཤོར་མིན་རང་ཉིད་ཀྱིས་དཔྱད་ཞིབ་བྱེད་རྒྱུའི་བརྡ་སྟོན་ཙམ་རེད།
༢༽ སློབ་མའི་ཕ་མ་རེད། ཕ་མ་ཚོའི་སེམས་ནང་ལ་རང་ཉིད་ཀྱི་བུ་ཕྲུག་ལ་སློབ་སྦྱོང་གི་ཤེས་ཚད་དང་མི་གཞི་ཡག་པོ་བྱུང་ན་བསམ་མཁན་ཤ་སྟག་ཡིན། ལྷག་པར་དུ་བོད་ཡིག་ཡག་པོ་ཤེས་ན་བསམ་གྱི་ཡོད་པ་རེད། ཡིན་ནའང་གནས་སྟངས་ཀྱི་དབང་གིས་ཕ་མ་མང་ཆེ་བའི་རང་ཉིད་ནས་འགོ་བརྩམས་ཏེ་བོད་ཡིག་དང་བོད་སྐད་ལ་བསྲེ་ལྷད་ཀྱིས་སྦྲགས་སྐད་བཤད་ཀྱི་ཡོད་པ་ཙམ་མ་ཟད། ཕྲུ་གུའི་སློབ་སྦྱོང་གི་མཐའ་མའི་གནད་འགག་སྐབས་སུ་དབྱིན་ཡིག་ཐོག་འགྲོ་དགོས་དུས་བོད་ཡིག་ལ་མིད་པ་ཡན་གྱི་སྐད་ཆ་བཤད་རྒྱུ་ལས་དོན་དངོས་ཀྱི་ཐོག་ནས་བོད་ཡིག་ལ་དོ་སྣང་ཤུགས་ཆེ་སྤྲོད་རྒྱུ་ཁག་པོ་ཆགས་ཡོད་པ་རེད། དཔེར་ན། འགོ་སྲིད་སྐྱོང་ནས་གཞུང་ཞབས་དང་། མང་ཚོགས་དཀྱུས་མ་བཅས་ཀྱི་བུ་ཕྲུག་སོགས་ལ་བལྟས་ན། མང་ཆེ་བས་བོད་ཡིག་གཙོ་བོར་འཛིན་བཅུག་འདུག་གམ། ཡང་ན་སྐད་ཡིག་གཞན་གཙོ་བོར་བཟུང་འདུག་གམ། དེའང་ཞིབ་ལྟ་བྱེད་དགོས་ས་ཞིག་རེད། བོད་ཡིག་རྨང་གཞི་ཡོད་ན་མེད་ན་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་བཅུ་པ་བར་རེད། དེ་ནས་བཟུང་བོད་ཡིག་སྐྱོ་རུ་འགྲོ་འགོ་ཚུགས་པ་རེད། བོད་ཡིག་དང་བོད་སྐད་ཅེས་ཨུ་ཚུགས་རྒྱག་མཁན་ནི། རང་ཉིད་ཀྱི་དོན་དག་མི་འཁྱོང་བར་ད་དུང་སྤྱི་སེམས་འཁུར་ཁུལ་བྱེད་པའི་མང་ཚོགས་དཀྱུས་མའི་གྲས་དག་ཡིན། ཁོང་ཚོ་རང་ཉིད་དེ་ག་རང་ཤ་ཞེན་རྣལ་བ་ཞིག་གིས་རེ་བ་བརྒྱབ་པ་རེད་དེ། མཐའ་མར་གྱོང་རེག་ས་དེ་རང་དང་རང་གི་བུ་ཕྲུག་ཆགས་ཀྱི་ཡོད་པ་གཞི་ནས་གསལ་གྱི་ཡོད་པའི་ཁུལ་རེད། ཆུ་མགོ་ནས་རྙོག་ན་དྭངས་མེད། སྒྲིག་མགོ་ནས་བཤིག་ན་གཞུག་མེད། ཅེས་པའི་དཔེ་ལྟར་འགོ་བཀའ་བློན་ལས་ཟུར་དང་ལས་ཐོག་རྣམ་པ་ཚོས་གཙོས་པའི་གཞུང་ཞབས་འཇོན་པོ་དང་སྤྱང་པོ་དེ་ཚོ་ཁ་ཤས་ཀྱིས་རྐང་པ་ཡ་གཅིག་ཕྱི་རྒྱལ་དང་། ཡ་གཅིག་རྒྱ་གར་དུ་བཙུགས་ཡོད་ལ་རང་ཉིད་ཀྱི་བུ་ཕྲུག་ཀྱང་རྐང་པ་འཇོག་ས་ལག་པས་བཙལ་ནས་བཞག་ཡོད་པ་དེ་ཡང་ཧ་གོ་དོན་གསལ་རེད། དེ་འདྲ་ཡིན་དུས་མཐའ་མའི་དཀའ་ངལ་འཕྲད་ས་ནི་རྐང་པ་གང་ལའང་འཛུགས་མ་ཐུབ་པར་ལྷག་ཡོད་པ་དག་ཡིན་པ་དང་། ནམ་ཞིག་ཁོ་ཚོ་རྒྱ་གར་གྱིས་གད་སྙིགས་སུ་གཡུགས་རྒྱུ་གདོན་མི་ཟ་བའི་བསམ་བློ་ཞིག་འཁོར་ཡོང་གི་ཡོད། སྐབས་དེ་འདྲ་ཞིག་ཤར་དུས་འཕྱིས་དྲག་པ་རེད་སྙམ་སྟེ། འཁྱོང་དང་མ་འཁྱོང་གནས་ཚུལ་ཁག་ཁག་རེད་མ་གཏོགས། འགོ་ཁྲིད་རྣམ་པ་ཚོས་རང་གི་བུ་ཕྲུག་ལ་གནང་སྟངས་དེ་མི་སེར་དཀྱུས་མའི་སློབ་ཕྲུག་གི་ཕ་མས་ཀྱང་ཨེ་འཇོན་ལྟ་གི་ཡོད་པ་རེད། དེ་ནི་ང་ཚོས་རང་གི་སྐད་དང་རིག་གཞུང་ལ་རང་གིས་འགྲམ་ལྕག་གཞུ་བྱེད་ཀྱི་རྒྱུ་རྐྱེན་ཞིག་ཡིན་པ་རེད། འདི་བོད་ཡིག་གི་ཐོག་ནས་ཞོར་འཕྲོས་ཙམ།
ད་ལྟའི་དུས་སུ་ཕྲུ་གུ་བོད་ནས་ཡོང་མཁན་རེ་ཟུང་མ་གཏོགས་ཡོད་མ་རེད། བརྒྱ་ཆའི་དགུ་བཅུ་གོ་དགུ་རྒྱ་བལ་འབྲུག་གསུམ་ནས་སྐྱེས་པ་ཤ་སྟག་རེད། དེར་བརྟེན། དང་པོ་ཕྲུ་གུའི་ཕ་མར་མཚོན་ན། ཕ་མས་ངོས་ནས་ཕྲུ་གུས་རང་གི་ཕ་མར་བརྩེ་བ་ནི་རྔན་པ་ཐོབ་པའི་ཆེད་ཙམ་མ་ཡིན་པར་བརྩེ་བ་རྣལ་མ་ཞིག་འབྱུང་གི་འཇུག་དགོས་པ་མ་ཟད། ཕ་མས་ཅི་བཤད་ཁ་ལ་ཉན་པོ་བྱེད་པ་ཞིག་ཆགས་འཇུག་དགོས་པ་དེ་འགན་འཁྲི་གཙོ་བོ་རེད། དེ་ཐབས་ལམ་ག་འདྲ་ཞིག་བྱེད་དགོས་མིན་རང་རང་གི་བུ་ཕྲུག་གི་གཤིས་ཀ་ཕ་མའི་ངོས་ནས་ཧ་གོ་བར་བྱས་ཏེ་བཅོས་དགོས་པ་གལ་ཆེན་པོ་རེད། རང་ཉིད་ཀྱི་ཕྲུ་གུའི་གཤིས་སྤྱོད་མ་ཤེས་པར་རང་ཉིད་ཀྱི་བུ་ཕྲུག་ཡག་པོ་ཡོད་ཤག་དང་། ཕ་རོལ་པོ་དགེ་རྒན་དང་ཁྱིམ་ཚང་ཕ་མ། འཛིན་སྐྱོང་བཅས་ཀྱི་འགན་ཤ་སྟག་ལ་ངོས་བཟུང་སྟེ། ཕ་རོལ་བོར་སྐྱོན་འགེལ་རྐྱང་བྱས་ན། དེ་ནོར་འཁྲུལ་ཆེན་པོ་རེད། རང་ཉིད་ཀྱི་ཕྲུ་གུའི་སྐྱོན་ཐོག་མར་ཕ་མས་ཧ་གོ་བ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དང་པོ་ཕ་མས་ཤེས་ན་ཆུ་མ་ཡོང་གོང་གི་རག་ཅེས་པའི་དཔེ་ལྟར། ཕྲུ་གུས་སྐྱོན་ག་རེས་བྱས་ན་ལམ་སང་མཛུབ་མོ་འཛུགས་དགོས་པ་དང་། ཡ་རབས་སྤྱོད་བཟང་གི་ཕྱོགས་ལ་ཕ་མ་རང་ཉིད་ཀྱིས་འགོ་ངེས་པར་དུ་ཁྲིད་དེ་ཕྲུ་གུས་མིག་དཔེ་ལྟ་ས་ཞིག་བྱེད་དགོས་པ་མ་ཟད། ང་ཚོའི་ཆོས་དང་རིག་གཞུང་། གོམས་གཤིས་བཟང་པོ་རྣམས་ཕྲུ་གུའི་སེམས་ནང་འཇགས་ཐུབ་པའི་ཐབས་ཤེས་བྱེད་དགོས་པ་ནི་འགན་འཁྲི་ཡོལ་ཐབས་མེད་པ་ཞིག་རེད། འོན་ཀྱང་ཕྲུ་གུ་རེ་གཉིས་གླེགས་མ་ཁེལ་བ་དེ་འདྲ་ཡོང་སྲིད་པ་རེད། དེའི་རིགས་ལ་དེ་དང་དཔགས་པས་ཐབས་ལམ་ཞི་རྒྱས་དབང་དྲག་གང་བེད་སྤྱོད་དགོས་ན་ཕ་མ་དང་འཛིན་སྐྱོང་སོགས་མཉམ་རུབ་ཀྱིས་གཅིག་གྲོགས་གཅིག་བརྟེན་ཀྱིས་བཅོས་དགོས་པ་གལ་ཆེན་པོ་མཐོང་། དེ་ལྟར་བྱས་ན་ཕྲུ་གུའི་ཀུན་སྤྱོད་ལང་ཤོར་རིགས་ཀྱང་བཅོས་མི་ཐུབ་པའི་ངེས་པ་མེད།
༣༽ སློབ་གྲྭའི་འཛིན་སྐྱོང་རེད། འཛིན་སྐྱོང་གི་ངོས་ནས་བཤད་ན། འགན་འཁུར་མཁན་ཚོས་དཀའ་ལས་རྒྱག་གི་ཡོད་རྒྱུ་རེད་དེ། དེ་དོན་དངོས་དང་མཐུན་པའི་སྒོ་ནས་ལས་དོན་ཚགས་ཚུད་པོ་ཡོང་གི་མེད་པའི་བཟོ་ལྟ་ཞིག་ཤར་ཡོང་གི་ཡོད་པ་རེད། དགེ་ལས་གང་ཡིན་ཡང་སྒྲིག་གཞི་སྤྱི་མ་སྦོམ་ཞིག་བཞག་ནས་དེའི་རྒྱ་ལས་མ་འདས་ན་འགྲིག་རྟགས་རྒྱག་གི་ཡོད་པ་རེད། དགེ་ལས་རེ་རེའི་ལས་དོན་ཐད་དོ་དོ་ཏན་ཏན་གྱིས་མཐའ་འདེད་བྱེད་མ་ཐུབ་པར་སྒྱིད་ལིག་ཏུ་ལྷག་གི་ཡོད་པ་མིག་མཐོང་ལག་ཟིན་མང་པོ་ཡོད་པ་རེད། འདི་ཕལ་ཆེར་འགན་འཛིན་ཚོས་ཤེས་ཀྱི་ཡོད་ཀྱང་མ་ཤེས་ཁུལ་མི་བྱེད་ཐུ་མེད་ཡིན། འདིའི་རིགས་མཐའ་འདེད་བྱས་ན་རང་ཉིད་ཀྱི་རྐུབ་སྟེགས་ཀྱང་ཤོར་བར་ཉེན་ཁ་ཡོད་པས། གནས་ལུགས་མང་པོ་ཞིག་བགྲང་སྟེ་ཡག་རབ་རྒྱན་རབ་སོགས་བཤད་ཀྱི་ཡོད། འདི་སློབ་གྲྭའི་ཉམས་རྒུད་ཀྱི་རྒྱུ་རྐྱེན་ཞིག་རེད། འཛིན་སྐྱོང་གི་ངོས་ནས་དགེ་རྒན་དང་ཁྱིམ་ཚང་ཨ་མ་སོགས་ཀྱིས་ཕྱག་ལས་གནང་སྟངས་ཀྱི་ཐད་ལ་སྟངས་འཛིན་ཚགས་ཚུད་པོ་ཞིག་བྱེད་རྒྱུ་དེ་གལ་ཆེན་པོ་རེད། བཟང་ཁ་མཐུན་ཕྱོགས་དང་། ཁ་ཆེན་ངོ་ཆེན་སོགས་ཀྱི་ཕྱོགས་སུ་མ་ལྷུང་བར་དཀར་ནག་གི་དབྱེ་བ་ངེས་པར་དུ་ཕྱེ་ཐུབ་པ་བྱེད་དགོས། དགེ་རྒན་ཡིན་ནའང་རེད་ཁྱིམ་ཚང་ཨ་མ་ཡིན་ནའང་རེད། གང་ལྟར་ལས་ཀ་བྱེད་མཁན་སུ་ཡིན་ནའང་དེས་རང་གི་འགན་སྤུས་དག་པོ་ཞིག་མི་འཇོན་ན་ཉི་མ་གང་འཁྱོལ་དུ་འཇོག་རྒྱུ་ཡོད་པ་མ་རེད། ང་ཚོས་འཐུས་ཤོར་གྱི་འགག་རྩ་འདིའི་རིགས་ཀྱིས་འབྱུང་གི་ཡོད། དེའི་རིགས་ཕྱིར་ཕུད་གཏོང་མ་ཐུབ་ན། མུ་མཐུད་དུ་སྤུས་ཚད་མར་ཟག་པ་ལས་ཡར་གཏན་ནས་འགྲོ་མི་ཐུབ། དེའི་རྐྱེན་གྱིས་གོང་དུ་བཤད་ཟིན་པའི་གནད་དོན་དེར་གཟབ་ནན་བྱེད་དགོས། གཞན་འཛིན་སྐྱོང་དང་ཁྱིམ་ཚང་ཨ་མ། དགེ་རྒན་སོགས་གང་རུང་ཞིག་དང་ཕྲུ་གུའི་ཕ་མའི་བར་སྒེར་གྱིས་མ་འཆམ་པ་དེ་འདྲ་བྱུང་བ་ཡིན་ནའང་། ལས་བྱེད་དེས་སོ་སོའི་སྒེར་གྱི་མི་དགའ་བའི་བྱེད་ཐབས་ཕ་རོལ་བོའི་ཕྲུ་གུའི་སྒང་ལ་བེད་སྤྱོད་གཏོང་བ་ལྟ་བུའི་རིགས་སྔ་མའང་བྱུང་མྱོང་ཡོད་པ་རེད་ལ། ད་ལྟའང་ཡོད་ངེས། མ་འོངས་པའང་འབྱུང་གི་རེད། འདི་ལྟ་བུའི་གཞུང་གི་ལས་གནས་སྒེར་གྱི་འཁོན་ལན་ལ་བེད་སྤྱོད་མཁན་གྱི་རིགས་སོགས་སློབ་གྲྭའི་ཁོར་ཡུག་ཏུ་གནོད་པའི་རིགས་མ་དག་རྒྱུད་འབྱམས་སུ་མི་གཏོང་བར་འགོག་རྒོལ་བྱེད་པའི་ཁྲིམས་སྒྲིག་ཁ་བཤད་ལག་བསྟར་དུ་བྱེད་རྒྱུ་གལ་གནད་དུ་མཐོང་། འདི་འདྲའི་རིགས་སོགས་འགེབ་སྲུང་བྱེད་མཁན་གྱིས་འཛིན་སྐྱོང་ཞིག་ཆགས་ན་ཁོར་ཡུག་དེར་བཀྲ་ཤིས་བདེ་ལེགས་འབྱུང་དཀའ།
༤༽ དགེ་རྒན་རེད། དགེ་རྒན་ལ་མཚོན་ན་ལས་སླ་བོ་ཞིག་རྩ་བ་ཉིད་ནས་ཡོད་པ་མ་རེད། ཡིན་ནའང་དགེ་རྒན་གྱི་ལས་གནས་དེར་ཞུགས་ཟིན་པའི་རྗེས་སུ་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་ར་བ་དེའི་སློབ་ཕྲུག་ཚོའི་ཆེད་དུ་ལྷག་བསམ་རྣམ་དག་གིས་ངལ་བ་བསྟེན་དགོས་པ་ནི་ཟློག་ཏུ་མེད་པའི་འགན་འཁྲི་ཞིག་རེད། སློབ་ཕྲུག་གི་ཆེད་དུ་རང་ཉིད་ཀྱི་ཉིན་མོ་ཟས་དང་མཚན་མོ་གཉིད་ཆག་ཀྱང་ཡོད་ཚད་སློབ་ཕྲུག་གི་སློབ་སྦྱོང་ཆེད་གཏོང་ཐུབ་པ་ཞིག་དགོས། ངས་འཛིན་གྲྭར་འཚོགས་པའི་སྐབས་སུ་མར་བསླབ་ཟིན་པ་ཡིན། རྗེས་ལ་ཤེས་སུ་འཇུག་དང་མི་འཇུག་སློབ་ཕྲུག་སོ་སོ་རག་ལས་པ་ལས་ང་ལ་འགན་མེད་མདོག་མདོག་གིས་རང་ཉིད་དགེ་རྒན་ཡག་པོ་ཞིག་གི་ཉམས་དོད་ནས་སྡོད་པ་ལས་སློབ་ཕྲུག་རེ་རེར་སློབ་ཚན་ཁྲིད་པ་དེ་ཤེས་འཇུག་པར་མཐའ་འདེད་བྱེད་པའི་ཀུན་སློང་དང་བྲལ། ཁོང་ཚོས་སློབ་ཕྲུག་ལ་གཤེ་གཤེ་ཡང་གཏོང་མི་ཆོག་པའི་བཟོ་འདྲ་པོ་ཞིག་ལབ། ལྷག་བསམ་རྣམ་དག་གིས་སློབ་ཕྲུག་གི་སེམས་ཁམས་རྒྱུས་ལོན་བྱས་ཏེ་ཐབས་ལམ་སྣ་ཚོགས་འཐེན་པ་དང་། རང་ཉིད་ཀྱིས་མ་འཇོན་ན་དགེ་རྒན་གཞན་དང་བཀའ་གྲོས་གནང་ནས་ཐབས་ལམ་འཐེན་རྒྱུ་ཕར་བཞག ད་དུང་རང་དང་སློབ་ཕྲུག་གི་སྐྱོན་གསང་ཅི་ཐུབ་བྱས་ཏེ་མཐར་རྫུན་རྐུབ་རྡོལ་ཡོང་དུས་རིག་པ་སྤྱང་མདོག་གིས་སྐྱོན་ཡོད་ཚད་ཕྲུ་གུའི་སྒང་དུ་བཞག འཛིན་སྐྱོང་ལ་སྤྲེལ་ལད་ཅིག་འཁྲབ་སྟེ་རང་ཉིད་དཀར་པོ་དཀར་རྐྱང་བཟོ་རྒྱུའི་རིགས་ལམ་ཞིག་བཀོད་རྒྱུར་བརྩོན་ན། དེས་སློབ་མའི་གཤིས་ཀ་དང་སློབ་སྦྱོང་གི་སྤུས་ཀ སློབ་གྲྭའི་ཁོར་ཡུག་སོགས་འབག་བཙོག་བཟོ་བྱེད་ལས་གཞན་དགེ་མཚན་གང་ཡང་མེད། གལ་སྲིད་རང་ཉིད་དགེ་རྒན་ཚུལ་ལྡན་ཞིག་བྱེད་འདོད་ན་རང་རྒྱུད་ལ་དགེ་རྒན་གྱི་མཚན་ཉིད་ཚང་བ་ཞིག་ངེས་པར་དུ་ཡིན་དགོས། དེ་མིན་ལག་འཁྱེར་ཙམ་ཀྱིས་དགེ་རྒན་བྱས་ཏེ་རང་རྒྱུད་ལ་མི་དགོས་པའི་ཀུན་སྤྱོད་ཀྱིས་ཁྱབ་བསྡད་ན། དེས་སློབ་ཕྲུག་ཀྱང་རང་ཉིད་གཅིག་པ་གཅིག་རྐྱང་ཞིག་ལས་སྐྱོང་མི་ཐུབ། འདི་ལྟར་བཤད་དུས་དགེ་རྒན་མང་པོ་ཞིག་གིས་སྣང་བ་མི་འགྲོ་བ་ཞིག་ཆགས་སྲིད། འཛིན་གྲྭར་སློབ་ཕྲུག་གི་གཤིས་སྤྱོད་ཀྱི་ཡག་ཉེས་དང་། རྣམ་དཔྱོད་ཀྱི་བཟང་ངན། སློབ་ཁྲིད་བྱེད་སྐབས་སློབ་ཕྲུག་གིས་སློན་ཚན་ལ་དོ་སྣང་སྤྲད་སྟངས་སོགས་ལ་རྒྱུས་ལོན་བྱེད་པ། ལྷག་པར་དུ་སློབ་ཕྲུག་གིས་གཤིས་སྤྱོད་དང་སློབ་སྦྱོང་བྱེད་སྟངས་རྒྱུས་གང་ལོན་པ་དེ་ལས་གཤིས་སྤྱོད་ངན་པའི་རིགས་རབ་བྱུང་ན་ཕ་མ་དང་འབྲེལ་ལམ་གནང་རྒྱུ་གལ་ཆེ། དེ་མ་བྱུང་ན་ཕྲུ་གུའི་ཕ་མར་འབྲེལ་བ་བྱེད་ཆེད་ཁྱིམ་ཚང་ཨ་མར་ལམ་སང་འགྲེལ་བརྗོད་གནང་རྒྱུ་གནད་འགག་རེད། ཕྲུ་གུའི་ཕ་མ་དགེ་རྒན་དང་ཐུག་འཕྲད་བྱེད་རྒྱུ་དུས་ཚོད་ཏག་ཏག་ཅིག་ཁེལ་ཐུབ་མིན་གྱི་ཁྱད་པར་ཡོད་མོད། འོན་ཀྱང་ཁྱིམ་ཚང་ཨ་མར་འབྲེལ་ལམ་གང་འཚམས་བྱུང་གི་ཡོད་པར་བརྟེན་ཐུག་འཕྲད་སྟབས་ཅུང་བདེ་བ་ཡོད་པ་རེད། དེར་བརྟེན་ཁོང་ཚོས་ཤ་ཚ་ཚ་དང་སྙིང་ཉེ་ཉེའི་སྒོ་ནས་ཕྲུ་གུའི་ཕ་མར་འགྲེལ་བརྗོད་བྱས་ན་ཕ་མ་དག་གིས་རང་ཉིད་ཀྱི་བུ་ཕྲུག་ལ་རྒྱུས་ཡོད་ཀྱི་ཐོག་ནས་བསླབ་བྱ་གཏོང་ཆོག་པའམ་གཏོང་དགོས་ངེས་ཤིག་ཆགས་ཡོད། དེ་འདྲ་མ་ཡིན་པར་ལོ་གཅིག་གི་ནང་ལ་ཐེངས་གཅིག་བྲེལ་བ་ཚུབ་ཚུབ་ཀྱིས་དགེ་རྒན་དག་ལ་ཐུག་ཁུལ་བྱས་པ་དེས་ཏག་ཏག་ཅིག་ཕན་དང་མི་ཕན་ཐེ་ཚོམ་ཆེན་པོ་རེད། དེར་བརྟེན་ཐབས་ལམ་སྣ་ཚོགས་ཀྱིས་ལམ་སང་ཕ་མར་འབྲེལ་བ་བྱེད་རྒྱུ་གལ་ཆེན་པོར་མཐོང་། ཕྲུ་གུའི་གཤིས་སྤྱོད་ངན་གོམས་ལོ་གཅིག་རིང་ལིང་ཤོར་ཆགས་པ་དང་། དེ་ནས་ཕ་མར་འགྲེལ་བརྗོད་བྱས་ན་འཕྱི་དྲགས་པའི་སྐྱོན་ཅིག་ཏན་ཏན་འདུག་བསམ། སློབ་གྲྭ་དང་ཐག་ཉེ་བ་དང་ཐག་རིང་བའི་ཕ་མའི་རིགས་གང་ལའང་དེང་སྐབས་ཁ་པར་སོགས་འབྲེལ་བ་བྱེད་སྟངས་ཐབས་ལམ་གང་མང་ཞིག་ཡོད་པས་འབྲེལ་བ་བྱེད་མི་ཐུབ་པའི་ངེས་པ་གཏན་ནས་མེད། འགན་མ་འཁུར་བའི་སྐད་ཆ་བཤད་ན་གནས་ཚུལ་ཁག་ཁག་རེད་མ་གཏོགས་འཛིན་གྲྭ་གཅིག་ལ་དགེ་རྒན་བཞི་ལྔ་ཞིག་ཡོད་པས་ས་ཆ་གང་ལའང་འབྲེལ་བ་བྱེད་དགོས་ན་དཀའ་ངལ་མེད་པ་ཐག་ཆོད་པའི་སྒོ་ནས་བཤད་ཆོག་པ་ཞིག་རེད།
༥༽ ཁྱིམ་ཚང་ཨ་མ་རེད། ཁྱིམ་ཨ་མ་ནི་མེད་དུ་མི་རུང་བའི་ཕྲུ་གུ་ཚོའི་འཕྲོད་བསྟེན་དང་འགྲོ་འདུག་ཉལ་གསུམ་བཅས་ཀྱི་གནད་འགག་ཆེ་སར་ཡོད་ལ། ཁོང་ཚོས་ཕྲུ་གུར་ཁར་ཟ་རྒྱུ་དང་རྒྱབ་ལ་གྱོན་རྒྱུ། ད་དུང་གཤིས་སྤྱོད་ག་འདྲ་འགྱུར་གྱི་ཡོད་མེད་སོགས་དོ་སྣང་སྤྲད་དགོས་པའི་འགན་འཁྲི་ཡོལ་ཐབས་མེད་པ་ཞིག་ཡིན། ངས་འདི་ལྟར་བཤད་དུས་ཁྱིམ་ཚང་ཨ་མ་མི་གཅིག་གིས་ཕྲུ་གུ་བཅོ་ལྔ་ཉི་ཤུ་ལ་ལྟ་དགོས་དུས་རེ་རེ་བྱས་ཏེ་ཡོང་གི་མ་རེད་ཅེས་ལབ་མདོག་ཁ་པོ་རེད། ཚིག་འདི་ལས་དོན་འཐུས་ཤོར་འགྲོ་བྱེད་ཀྱི་ཐབས་ལམ་སྡུག་ཤོས་དེ་ཡིན། འདིའི་རིགས་སྔོན་འགོག་བྱེད་དགོས་པ་ཞིག་རེད། ཨ་མ་གཅིག་གིས་ཕྲུ་གུ་བཅོ་ལྔ་ཉི་ཤུ་ལ་ལྟ་རྟོགས་ཞིབ་ཚགས་པོ་ཞིག་བྱེད་མི་ཐུབ་ན་ཨུ་ཚུགས་རྒྱབ་ནས་སྡོད་མ་བཅུག་ན་ཡག་གི་རེད། འདི་འཛིན་སྐྱོང་གིས་མཁྱེན་དགོས་པ་ཞིག་རེད། ངས་བཤད་པའི་ཚིག་འདི་ལ་འཛིན་སྐྱོང་གིས་དེ་འདྲས་དམ་དྲག་བྱས་ན་ལས་ཀ་བྱེད་མཁན་རྙེད་ཀྱི་མི་འདུག་ཅེས་གསུང་མདོག་ཁ་པོ་རེད་དེ། ལས་ཀ་གང་ཞིག་ཚགས་ཚུད་པོ་བཟོ་ན་སྒྲིག་གཞི་དམ་པོ་ཞིག་མེད་ན་ཡག་པོ་ཡོང་ཐབས་མེད་པ་དེའང་མཁྱེན་དགོས་པ་དེ་ལས་ཀྱང་གལ་ཆེ་བ་ཞིག་རེད། རང་ཉིད་ཀྱི་འགན་འཁྲི་ཕྲུ་གུ་ཚང་མར་རང་ཉིད་ཀྱི་བུ་ཕྲུག་གི་འདུ་ཤེས་བཞག་ནས་དེའི་ཉི་མ་རེ་རེའི་ཟ་འཐུང་དང་འགྲོ་འདུག འཕྲོད་བསྟེན། ཀུན་སྤྱོད་སོགས་ཀྱི་འགྱུར་ལྡོག་ལ་ལྟ་རྟོགས་བྱེད་པའི་འགན་ཆ་ཚང་འཁུར་དགོས་པ་རེད། དེ་མ་གཏོགས་རང་ཉིད་ཀྱི་ཕོག་ལེན་ཐབས་ཙམ་བྱས་ཏེ། ཕྲུ་གུ་ཚོ་ལ་ཕྱིའི་རྣམ་པ་ཤ་ཚ་མདོག་ཁ་པོ་བྱས་པ་ཙམ་གྱིས་ཕན་ཐོགས་གང་ཡང་ཡོད་པ་མ་རེད། དོན་དངོས་ཀྱི་ཐོག་ནས་ཁྱིམ་ཚང་ཨ་མ་ཚད་ལྡན་ཞིག་བྱེད་དགོས་པ་གནད་འགག་རེད། ཕྲུ་གུ་ཆུང་ཆུང་རེད་ངས་ཁོ་ཚོ་ལ་གཤེ་གཤེ་མ་བཏང་བར་ཨ་མ་འཇམ་པོ་ཞིག་གི་མིང་ཐོག་ནས་འཛིན་སྐྱོང་ལ་སྤྲེལ་ལད་ཁྲབ་ཐུབ་ན་འགྲིག་པར་འདོད་པའི་ཀུན་སློང་ཞིག་གིས་ཉི་མ་གང་འཁྱོལ་བྱས་ན། རང་ཉིད་ལ་ཕོག་ཐོབ་པ་ཙམ་གྱིས་འགྲིག་ཡོད་རྒྱུ་རེད་དེ། ཁྱིམ་ཚང་གཅིག་ལ་ཕྲུ་གུ་བཅོ་ལྔ་ཉི་ཤུ་ཡོད་པ་དེ་ཚོ་ལ་མཚོན་ན། གོང་སྨྲས་ཀྱི་འགན་འཁྲི་དག་འཐུས་ཤོར་སོང་ན། མ་འོངས་པའི་མི་ཚེའི་འགྲོ་སྟངས་མང་པོ་ཞིག་འཕྲོ་བརླག་ཏུ་འགྲོ་གི་ཡོད་པས་ཧ་ཅང་གཟབ་ནན་གྱིས་དོ་ཁུར་བྱེད་དགོས་པ་ཞིག་རེད། དཔེ་མཚོན་ཆུང་ས་ཞིག་ནས་བཤད་ན། སློབ་གྲྭའི་ཁྱིམ་ཚང་ཨ་མ་ཁ་ཤས་ཀྱིས་ནམ་རྒྱུན་ཕྲུ་གུ་ཚོར་སློབ་གྲྭའི་སྤྲད་པའི་གདན་གཡོག་རས་རྐྱང་(Bed sheet)བཏིང་མི་འཇུག་པར་སློབ་ཕྲུག་རང་ཉིད་ཀྱི་སྟེང་ལ་གོན་རྒྱུའི་གཟན་ཡོལ་ལམ་ཤོལ་(Shawl)གདན་སྟེང་དུ་བཏིང་བཅུགས། སློབ་གྲྭའི་འགན་འཛིན་སོགས་གཟིགས་སྐོར་ལ་ཕེབས་སྐབས་ལམ་སང་སློབ་གྲྭའི་སྤྲད་པའི་གདན་གཡོག་རས་རྐྱང་དེ་བཏིང་འཇུག་པ་ལྟ་བུ་སྤྲེལ་ལད་ཀྱི་རྣམ་པའི་རིགས་མ་ཡིན་པར་དོན་དངོས་ཀྱི་ལས་ཀ་དྲང་བཞག་ཅིག་གནང་རྒྱུ་གལ་ཆེ།
༦༽ སློབ་ཕྲུག་རེད། སློབ་ཕྲུག་ལ་མཚོན་ན། རྣམ་དཔྱོད་དང་ལང་ཚོ་སོགས་ཡོད་ཚད་ལྗང་མྱུག་བཞིན་འབུས་ནས་ཡོང་བཞིན་པའི་སྐབས་ཡིན་པས་གཙོ་བོ་ཕ་མ་དང་འཛིན་སྐྱོང་། དགེ་རྒན། ཁྱིམ་ཚང་ཨ་མ་བཅས་ལ་རག་ལས་ཡོད། འོན་ཀྱང་། ཕྲུ་གུ་ཁོ་རང་ཚོ་ལའང་འབྲེལ་བ་མེད་པ་གཏན་ནས་མིན། ཁོང་ཚོའི་ཀུན་སྤྱོད་ལ་འབྲེལ་བ་དམ་ཟབ་ཡོད། སློབ་གྲྭའི་སྒྲིག་གཞི་ལྟར་ན། ང་ཚོ་ལ་འཛིན་སྐྱོང་དང་དགེ་རྒན། ཁྱིམ་ཚང་ཨ་མ་བཅས་ཀྱིས་གཤེ་གཤེ་གཏོང་ཆོག་གི་མ་རེད་བསམ་པའི་མ་རབས་ཐ་ཤལ་གྱི་ཀུན་སློང་གི་རིགས་རྩ་བ་ཉིད་ནས་བྱེད་རྒྱུ་མེད། རང་ཉིད་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་སློབ་གྲྭར་སྡོད་སྐབས་དང་ཕྱི་ལ་འགྲོ་སྐབས་གང་ཡིན་ཡང་སློབ་ཕྲུག་གི་ཀུན་སྤྱོད་དང་ནམ་ཡང་འབྲལ་མི་རུང་། རང་ཉིད་ཀྱི་ལུས་ངག་ཡིད་གསུམ་སློབ་སྦྱོང་ཁོ་ནར་བརྩོན་པ་དང་། སོ་སོའི་ཀུན་སྤྱོད་ཡ་རབས་སྤྱོད་བཟང་བྱེད་དགོས། འཛིན་སྐྱོང་དང་། དགེ་རྒན། ཁྱིམ་ཚང་ཨ་མ་སོགས་ལ་རང་ཉིད་ཀྱི་ཕ་མ་ལྟར་གུས་བཀུར་དང་ཁ་ལེན་ཚིག་བརྩི་བྱེད་དགོས། རང་ཉིད་ཕ་མ་དང་ཁ་གྱེས་ཏེ་སློབ་གྲྭར་སླེབས་པ་ནས་སློབ་གྲྭའི་སྒྲིག་གཞི་དང་འགལ། སྤྱོད་པ་གང་བྱུང་མང་བྱུང་ཁྲབ། དགེ་རྒན་དང་ཁྱིམ་ཚང་ཨ་མར་ཡ་ལན་སྤྲད། རང་ཉིད་ཀྱི་དགའ་ཕྱོགས་སྤྱོད་ངན་མར་བལྟས་ཁོ་ན་བྱས་ཏེ་རང་གཞན་ཀུན་ལ་གནོད་པའི་རིགས་ཤ་སྟག་བྱས། དེ་འགྲིག་ཐག་ཆོད་ཡིན་སྙམ་ནས་བསྡད་ན། དེས་རང་ཉིད་བརླག་པ་ཙམ་མ་ཟད། རང་གཞུང་གིས་འགྲོ་གྲོན་གང་མང་བཏང་བ་ཐམས་ཅད་ཆུད་ཟོས་དང་། ལྷག་བསམ་ཅན་གྱི་འཛིན་སྐྱོང་དང་དགེ་རྒན་སོགས་ལ་བློ་ཕམ། སློབ་ཕྲུག་ཡ་རབས་སྤྱོད་བཟང་ཚོའི་སློབ་སྦྱོང་སོགས་ལ་བར་ཆད། སློབ་གྲྭའི་ཁོར་ཡུག་ལ་ངན་གོམས་ཀྱི་འབག་བཙོག ཐ་ན་འཇིག་རྟེན་འདིའི་སྒང་རང་ཉིད་ལ་ཆེས་ཤ་ཚ་ཞིང་སྙིང་ཉེ་བའི་ཕ་མ་གཉིས་ཀྱང་སྡུག་བསྔུལ་གྱི་རྒྱ་མཚོ་ཞིག་གི་ནང་གཡུགས་པར་འགྱུར་བས། ཆེ་ས་ནས་བཤད་ན་མི་རིགས་དང་། ཆོས། རིག་གཞུང་སོགས་གལ་ཆེན་དོན་ཆེན་དུ་ཤེས་ནས་སློབ་སྦྱོང་བྱེད་དགོས་ལ། དེ་འདྲའི་བསམ་བློ་འཁོར་མ་ཐུབ་ན་ཡང་། ཆུང་ས་ནས་རང་ཉིད་ཀྱི་ཁེ་ཕན་དང་ཕ་མས་རང་ཉིད་ཀྱི་བུ་ཕྲུག་ཀུན་སློང་དང་སྤྱོད་པ། སློབ་སྦྱོང་སོགས་ཡག་པོ་བྱུང་ན་སྙམ་པའི་རེ་བ་དེའི་ཆེད་དུ་རང་ཉིད་ཀུན་སྤྱོད་ཡ་རབས་ཤིག་དང་རྣམ་དཔྱོད་ཀྱི་ཡག་ཉེས་ཁག་ཁག་རེད་མ་གཏོགས་ངས་སློབ་སྦྱོང་གང་ཐུབ་ཅི་ཐུབ་བྱེད་དགོས་བསམ་པའི་ཀུན་སློང་ཞིག་ངེས་པར་དུ་དགོས་པ་དེ་སློབ་ཕྲུག་ཚོའི་འགན་འཁྲི་ཟློག་ཏུ་མེད་པ་ཞིག་ཡིན།
མཐའ་སྡོམ། སློབ་ཕྲུག་གི་འཕྲོད་བསྟེན་ཆེད་སྨན་ཞབས་ཚོར་རེ་སྐུལ་ཅིག་མི་ཞུ་ཐུ་མེད་རེད། སློབ་ཕྲུག་ཚོར་ན་ཚ་ཆེ་འབྲིང་ཆུང་གསུམ་ག་རེ་བྱུང་ན། ཐོག་མར་སྨན་ཞབས་ཚོས་གཟིགས་ཀྱི་ཡོད་པས་ཕྲུ་གུར་ག་རེ་ན་བཞིན་པ་མི་ཤེས་ཤེས་ཁུལ་གྱིས་ཡུན་བསྲིང་སྟེ་ན་ཚ་རྙིང་པར་མི་འགྲོ་བ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་རེད། སྨན་ཞབས་ཚོའི་ཁྲོད་དུ་འབྱུང་བཞིན་པ་ཞིག་ནི། སློབ་ཕྲུག་གང་རུང་སྨན་ཞབས་ཀྱི་སར་སླེབས་དུས་དོན་དངོས་མ་ཤེས་པའི་རྐྱེན་གྱིས་ཕྲུ་གུ་ཡར་སླེབས་མ་ཐག་གཤེ་གཤེ་གཏོང་རྐྱང་བྱས་ཏེ་ཕྲུ་གུ་སྨན་འཐུང་གི་འགྲོ་རྒྱུ་ཡང་ཞེ་ཐག་ཆོད་པ་དེ་འདྲ་ཡོད་པ་དངོས་ཡོད་གནས་ཚུལ་རེད། ཕྲུ་གུ་འཁྲེབ་ཏོ་དག་གིས་ཁྲབ་སྟངས་ལ་རྣམ་འགྱུར་དེ་འགྲིག་པ་ཡིན་རྒྱུ་རེད། ཡིན་ནའང་ཚང་མ་དེ་འདྲ་མིན་པས་གཉོམ་ཆུང་དེ་ཚོར་སྨན་ཁང་ལ་སླེབས་ཙམ་ནས་གཤེ་གཤེ་བཏང་ན་དཀའ་ངལ་འཕར་མ་ཞིག་ཡོད་པ་རེད། མ་བསྟན་ན་ན་ཚའི་དཀའ་ངལ། བསྟན་ན་གཤེ་གཤེ་གཏོང་གི་ཡོད་པས་དཀའ་ངལ་ཞིག་ཡོད་པ་རེད། དེ་ཙམ་མ་ཟད་ཕྲུ་གུ་ཚོའི་ཁྲོད་དུ་འཆམ་པ་ན་ནས་ཟླ་གཅིག་གཉིས་འགོར་ནའང་འཆམ་པ་དེ་འདྲ་སྐྱོན་ཡོད་པ་མ་རེད་ཅེས་སྣང་མེད་དུ་བཞག་ན། ཕྲུ་གུ་དེ་ཅུང་ཙམ་དྲག་པའི་སྲོལ་བྱུང་ནའང་འཆམ་པ་ལམ་སང་ཕོག་ཆོག་ཆོག་དང་། འཆམ་པ་ཕོག་དུས་ཡུན་རིང་མ་དྲག་པའི་དཀའ་ངལ་འཕར་མ་ཞིག་ཏན་ཏན་ཡོད་པ་རེད། གཞན་སྨན་ཞབས་ཁོང་ཚོས་བཤད་སྟངས་ལ་ང་ཚོས་སྨན་སྤྲད་ཀྱི་ཡོད། ཡིན་ནའང་ཕྲུ་གུ་དེ་ཚོ་སྨན་འཐུང་དུ་མི་ཡོང་གི་ཞེས་ཟེར་སྟངས་ཤིག་ཡོད་པ་རེད། སློབ་ཕྲུག་ནི་བྱིས་པའི་བསམ་བློའི་རང་བཞིན་ཡིན་པས་རང་གིས་རང་ལ་འཕྲོད་བསྟེན་དང་བདག་པོ་རྒྱབ་ཏེ་སྨན་དུས་ཐོག་ཏུ་ཏག་ཏག་འཐུང་གི་འགྲོ་མི་ཐུབ་པས། དེའི་འགན་གཙོ་བོ་ཁྱེད་རང་སྨན་ཞབས་ཚོས་འཁུར་དགོས་པ་རེད། དོན་དངོས་ཀྱིས་ཕྲུ་གུ་ཞིག་ལ་ན་ཚ་ཆེ་འབྲིང་ཆུང་གསུམ་གང་འདྲ་ཞིག་ན་བཞིན་ཡོད་ནའང་། ཁྱིམ་ཚང་ཨ་མ་དང་འཛིན་དགེ་སོགས་ལ་འབྲེལ་བ་བྱས་ཏེ་སྨན་དུས་ཐོག་ཏུ་འཐུང་བར་སྨན་ཁང་ལ་གཏོང་དགོས་པའི་བརྡ་གཏོང་རྒྱུའི་འགན་སྨན་ཞབས་ཀྱིས་ཏན་ཏན་འཁུར་དགོས་ཀྱི་ཡོད་པ་རེད། ང་ཚོ་སྨན་ཞབས་གཉིས་གསུམ་ཞིག་ལས་ཡོད་པ་མ་རེད། སློབ་ཕྲུག་ནད་པ་མང་པས་རེ་རེའི་ཆེད་དུ་དེ་འདྲ་ཡོང་གི་མ་རེད་ཅེས་ཟེར་སྲིད་མོད། ཁྱེད་ཚོའི་འགན་སློབ་ཕྲུག་གི་ན་ཚ་དང་འཕྲོད་བསྟེན་གྱི་ཐད་ཡིན་པས་དེ་རིགས་ངེས་པར་དུ་ཐུབ་དགོས་པ་ཞིག་ཡིན། དེ་འདྲ་ཞིག་ཀྱང་མ་ཐུབ་ན་སློབ་གྲྭའི་སྨན་ཞབས་སུ་མ་བཞུགས་ན་ཡག་གི་རེད། འདི་སློབ་ཕྲུག་གི་མི་ཚེའི་བདེ་ཐང་དང་འབྲེལ་བ་ཡོད་པས་འཛིན་སྐྱོང་གིས་ཀྱང་སྣང་མེད་དུ་མ་བཞག་པར་དོ་སྣང་ཤུགས་ཆེར་སྤྲད་དགོས་པ་ཞིག་རེད། ང་ཚོའི་བཙན་བྱོལ་ཁྲོད་ཀྱི་སློབ་གྲྭ་ཁག་གིས་ལས་བསྡོམས་གསལ་བསྒྲགས་དག་མཐོང་ཡོང་དུས་བཀྲ་ཤིས་ལོ་ལེགས་རྐྱང་རྐྱང་ལས་བཀོད་མེད། ང་ཚོའི་སྐྱོན་ཆ་ཆེ་ཤོས་ནི། འཐུས་ཤོར་འབྱུང་གི་ཡོད་པ་ཤེས་བཞིན་དུ་འབྱུང་སའི་གཞི་དེའི་རྒྱབ་རྩ་ལངས་ནས་གནས་ལུགས་དང་དཀའ་ངལ་མང་པོ་ཞིག་འདོན་སྲོལ་ཞིག་རྒྱུད་འབྱམས་སུ་སོང་ཡོད། དེར་བརྟེན་ངས་བཤད་པ་འདི་ལའང་མུག་ཤི་མི་བགྲང་བའི་ངེས་པ་མེད། བགྲང་མཁན་དག་གིས་བགྲང་ན་འགྲིག་གི་རེད། འོན་ཀྱང་འགོ་བཀའ་སྤྱི་ནས་བཟུང་སྟེ་བར་སློབ་གྲྭའི་འཛིན་སྐྱོང་དང་ཕ་མ། མཇུག་སློབ་ཕྲུག་བར་བཅས་ཀྱིས་ངའི་གཏམ་འདིར་ཕན་པའི་ཚིག་རེ་ཡོད་ན་སེམས་ལ་བཟུང་སྟེ་དོ་སྣང་སྤྲོད། མི་ཕན་ན་རྣ་བའི་རྒྱབ་ཏུ་གཡུགས།
མཇུག་ཏུ་ ༢༠༢༠ ཟླ་ ༣ ཚེས་ ༣ ཉིན་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་རྣམས་དུས་ཡུན་ངེས་མེད་གུང་སེང་བཏང་བའི་ཐད་ཚིག་རེ་གཉིས་ཞུ་འདོད་བྱུང་། མ་སུ་རི་བོད་ཁྱིམ་སློབ་གྲྭ་དངོས་སུ་མགོ་འཛུགས་བྱེད་ཀྱི་ཡོད་པ་དང་། བལ་ཡུལ་ནས་ཡོང་མཁན་སློབ་ཕྲུག་ཚང་མར་ཟླ་གཅིག་སྔོན་ནས་གཞུང་སྨན་ཁང་ནས་ཏོག་དབྱིབས་ནད་དུག་ཕོག་མེད་པའི་ལག་འཁྱེར་དགོས་པའི་བརྡ་ཁྱབ་བཏང་ཡོད་པ། སློབ་ཕྲུག་གཞན་རྣམས་ལ་འགྲིམ་འགྲུལ་གྱི་ལོ་རྒྱུས་རྒྱུས་ལོན་ཆེད་འགེངས་ཤོག་དགང་དགོས་ཀྱི་ཡོད་པ། དོགས་ཡོད་སློབ་ཕྲུག་ལ་སྨན་ཁང་ནང་ཟུར་དུ་སྡོད་གནས་གྲ་སྒྲིག་བྱས་ཏེ་ལྟ་རྟོག་བྱ་འཆར་ཡོད་པ་བཅས་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་ཀརྨ་ཆུང་བདག་ལགས་ཀྱིས་བཀའ་མོལ་ཡག་པོ་གནང་འདུག འཛིན་སྐྱོང་གིས་སློབ་གྲྭར་འགན་ཚད་ལྡན་ཞིག་ཁུར་འདུག་པར་བཀའ་དྲིན་ཆེ།
ཞོར་འཕྲོས་སུ་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་ཐག་གཅོད་དེ་གནང་དགོས་དོན་གང་ཡིན་སྐོར་གསུང་བར་རྒྱུ་མཚན་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་གི་ཡོད་དེ། དེ་འདྲའི་དོགས་ཟོན་བྱེད་རྒྱུ་ཡིན་ན། ཟླ་གཅིག་གི་སྔོན་ནས་བརྡ་ཁྱབ་མ་བཏང་བ་དེ་གནད་དོན་ཆེན་པོ་ཞིག་རེད། ཕྱོགས་གང་ས་གང་ནས་རྡ་སར་འདུས་ཚར་བ་དང་། སློབ་ཕྲུག་ཚང་མ་སློབ་གྲྭར་འཛོམས་ཟིན་པའི་རྗེས་སུ་སློབ་གྲྭ་འཚོགས་རྒྱུ་འགྱུར་བ་བཏང་བ་དེ་ཧ་ལས་པའི་ཐབས་སྐྱོ་བོ་རེད། གལ་སྲིད་སློབ་ཕྲུག་གཅིག་ལ་ནད་ཡོད་པའི་དབང་དུ་བཏང་ན། འགོས་རྒྱུའི་གོ་སྐབས་དེ་སྤྲད་ཟིན་པས་འདི་སློབ་གྲྭའི་དབུ་འཛིན་ཞིག་གིས་བྱེད་སྟངས་རྩ་བ་ཉིད་ནས་མ་རེད། ཕྱག་ལས་གནང་སྟངས་རྫོབ་ཆེན་ཞིག་རེད་ཅེས་བརྗོད་འདོད་བྱུང་།
ཞེས་གཡུ་སྒང་དགེ་འདུན་གྱིས་ ༢༠༢༠ ། ཟླ་ ༠༣། ཚེས་ ༠༤། ཉིན།
གཡུ་སྒང་ལགས། བཀྲ་ཤིས་བདེ་ལེགས། སྐུ་ཉིད་ཀྱི་རྩོམ་ཡིག་ཆ་ཚང་ཞིབ་པར་བཀླགས་པ་ཡིན། ཀློག་དགོས་དོན་ནི། བོད་པའི་སློབ་གྲྭའི་གནས་སྟངས་ཅུང་ཟད་མཐོང་རེས་བཀླགས་པ་ཡིན། རྩོམ་ཡིག་བཀླགས་པ་དང་ཕྲན་གྱིས་དོན་དག་གཉིས་ཚོད་དཔག་བྱེད་དགོས་བྱུང་། དང་པོ། སྐུ་ཉིད་སློབ་གྲྭའི་དགེ་རྒན་ནམ་ཡང་ན་སློབ་གསོའི་ར་བའི་ནང་གི་མི་སྣ་ཞིག་མིན་ནམ། ཡང་ན། རྒྱུན་དུ་ཤེས་ཡོན་སློབ་གསོའི་བྱ་གཞག་ལ་ཐུགས་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་པའི་ཚོད་དཔག་བྱས་པ་ཡིན། གཉིས་པ། སྐུ་ཉིད་ཀྱི་རྩོམ་ཡིག་དེ་ནི་གོ་སླ་བ་དང་ཞིབ་འབྲི་གནང་བ་ཞིག་ཡིན་སྟབས་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན། ཕ་མ། ཁྱིམ་ཚང་ཕ་ཚབ་མ་ཚབ། ད་དུང་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་རྣམ་པས་ཀློག་དགོས་ངེས་ཡིན་ནའང་། ཕྲན་གྱིས་ཚོད་དཔག་བྱས་ན་བོད་ཡིག་ཀློག་རྒྱུ་བལྟ་ཅི། ཁ་བརྡ་སོགས་བོད་ཡིག་དྲ་ཚིགས་ད་བར་ཁ་ཕྱེ་མྱོང་མེད་མཁན་འབྲེལ་ཡོད་དགེ་རྒན་དང་ཕ་མ་མང་བས་ཀློག་དགོས་མཁན་མང་པོས་བལྟ་ཀློག་ཐུབ་ཀྱི་མ་རེད་སྙམ། གང་ལྟར། རྩོམ་ཡིག་བྲིས་པར་ཐུགས་རྗེ་ཆེ།
ད་ལྟའི་སློབ་ཕྲུག་འདི་ཚོ་མ་འོངས་པའེ་དགེ་རྒན་གྱི་འབྱུང་ཁུངས་ཆགས་དགོས། འདི་ལྟར་ལུགས་ལྡོག་བྱས་ནས་བཙལ་ན། ༼ད་ལྟའི་དུས་སྐབས་འདིར་སློབ་གྲྭའི་སློབ་ཕྲུག་གི་ཤེས་ཚད་དང་མི་གཞི་སྐྱོ་རུ་འགྲོ་བཞིན་པའི་གནས་སྟངས༽ཤེས་ཐུབ།