པདྨ་དགོས་འབྱོར།
རིག་གནས་དང་། ཆོས་ལུགས་ཀྱི་བྱེད་སྒོ། ཆས་གོས། གླུ་གཞས་སོགས་ཡོད་ཚད་གཅིག་ནས་གཅིག་ཏུ་དར་བའམ་ཤན་ཞུགས་པ་སོགས་སྤྱི་འགྲོས་ལྟར་སྣང་། ལར་དོལ་པོའི་དམངས་གཞས་སྐོར་ལ་ཕྱིར་འདང་ཞིག་བགྱིས་ཚེ་དོལ་པོ་རང་གི་མཐུན་མིན་དང་ཐུན་མོང་བ་བཅས་སྣ་ཚོགས་ཡོད་པ་ནི་གློ་བོ་དང་། མུ་གུམ། ཏབ་ལེ་རྫོང་པ་སོགས་ཀྱིས་ཚིག་དང་གདངས་རྣམས་གྲ་མ་ཉམས་ཤིང་། གྲུ་མ་ཞིག་པར་ངག་ནས་གྱེར་སྟངས་རེ་རེས་ཀྱང་གསལ་བརྗོད་བྱས་འོང་། དར་སྔ་ཕྱིའི་དབང་གིས་སམ་མདོར་ན་གང་ལྟར་ཡང་གླུ་གཅིག་ལ་དོལ་པོ་དང་། གློ་བོ། མུ་གུམ། ཤར་བ་སོགས་ཀྱི་བར་ན་གདངས་དང་། ཞབས་བྲོ། རོལ་ཆ་ལྡན་མིན་ཐད་ནས་ཁྱད་པར་རེ་རེ་ཡོད། དོལ་པོར་སྤྱི་ཡོངས་ཀྱི་ཐད་ནས་གནའ་བོའི་རིག་གཞུང་གི་ཁྱིམ་གཞིས་ཆུང་ཆུང་ཞིག་ཡིན་ཞེས་བརྗོད་ནའང་དོན་ལ་མི་གནས་རྒྱུ་ཅིའང་མི་འདུག རིག་གཞུང་གཙང་མ་ཇི་སྙེད་ཅིག་ཡོད་པ་རེ་རེ་བཞིན་འདིར་གླེང་བར་ངལ་སྟབས་དགོས་དོན་ལྷག་པར་གང་ཡང་དབེན་པས་ཉ་དང་ཉུང་མ་བསྲེས་ཏེ་ཅི་བྱ།
སྐབས་ཐོག་དོལ་པོའི་དམངས་གཞས་ཏེ་དམངས་ཁྲོད་ན་དར་བའི་གླུ་གཞས་སྐོར་གླེང་བར་བྱ་བ་ལ། དེ་དག་གི་རྣམ་གྲངས་ཙམ་བརྗོད་ན་སྒོར་གཞས་དང་། སྐྲ་གླུ། སྙི་གླུ། བག་གླུ། ཆང་གླུ། ཁ་ཤགས་སམ་སོར་གདུབ་གླུ། བྱིས་པ་གཉིད་གླུ་སོགས་ཡོད། དེ་དག་ལས་སྒོར་གཞས་གཅིག་པུར་གླུ་སྣ་མ་འདྲ་བ་བཞི་བརྒྱ་ལྷག་ཙམ་དང་། གླུ་སྣ་རེར་གདངས་དང་ཞབས་བྲོ་མ་འདྲ་བ་རེ། སྒོར་གཞས་ལའང་གླུ་གསར་དང་གླུ་རྙིང་གཉིས་སུ་ཕྱེ་སྲོལ་བཅས་ཀྱང་མཆིས།
གླུ་ཚིག་གི་ནང་དོན་ལ་གཞིགས་ན་མངའ་རིས་སོགས་བོད་ནས་དར་བའི་གླུ་གཞས་དང་། ཕ་མེས་རྣམས་མི་ཡུལ་སྣ་ཚོགས་འགྲིམས་དུས་བདེ་སྡུག་གི་ཚོར་བ། དོལ་པོ་རང་གི་རི་ཆུ་ནགས་གསུམ། བླ་མ་དང་གནས་ལ་བསྟོད་པ་བཅས་གཙོ་བོ་སྡེ་ཚན་བཞིར་འདུས་ཡོད། ཉེ་ཆར་བདག་གིས་སྤེལ་བའི་”རྒྱ་དར་རྩེ་མདོ་“ཞེས་པ་བོད་ཀྱི་གཞས་པ་ཚེ་རིང་འགྱུར་མེད་ལགས་དང་། དོལ་པོའི་གཞས་པ་ཀརྨ་ཆོས་སྐྱབས། གཞས་མ་པདྨ་ཚེ་རིང་གསུམ་གྱིས་བླངས་པའི་གླུ་གཞས་དེའི་སྐོར་ལ་དྲ་ལམ་ནས་གླེང་སློང་ཤུགས་ཆེར་བྱས་སོང་བས། དེ་དག་ལས་གླེང་བྱ་གཙོ་བོ་ནི་ཇ་དར་རྩེ་མདོ་དང་། བོད་དར་རྩེ་མདོ། རྒྱ་དར་རྩེ་མདོ་གསུམ་པོ་གང་ཞིག་འཐད་པ་ཡིན་མིན་སྐོར་ལ་རེད། དེའི་སྐོར་འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་མཆོག་གིས། “མི་ཞིག་ཐག་རིང་ལ་འཁྱམས་ནས་མཚེར་གླུ་བླངས་པ་ཡིན་སྟབས། ཐག་རིང་གི་དཔེ་དེ་རྒྱ་དར་རྩེ་མདོ་བཞག གླུ་དེའི་ནང་ལ། མི་མ་འདྲིས་རྒྱ་ལ་[མིན།] བོད་[མིན་]རེད། ཟེར་བས་ཀྱང་གསལ་པོ་བཤད་འདུག” ཅེས་དང་། ཡང་“འདི་ནི་དོལ་བ་ཞིག་གིས་མཚེར་གླུ་བླངས་པ་རེད་འདུག་ག མཚེར་དྲགས་ནས་ནམ་སྔ་ལངས་དང་ས་སྔ་རུབ་ལའང་འཁངས་འདུག་ག” ཅེས་གསུངས་པ་དེར་ཏན་ཏན་གོ་རྒྱུ་ཆེན་པོ་འདུག སྔོན་གྱི་མེས་པོ་ཚོ་ནང་མིར་ཁ་ཆེམས་བཞག་སྟེ་མི་ཡུལ་ལ་འགྲིམས་པའི་དོལ་པོའི་ཡིག་རྙིང་ཁག་ཏུ་གསལ། དཔེར་ན། “དབྱར་ཁ་སྐྱིད་རོང་སྐྱིད་བྱུང་། །དགུན་ཁ་བལ་བོ་སྐྱིད་བྱུང་།“ །ཞེས་དང་ཡང་། “བསམ་ནི་ཡམ་བུ་བསམ་སྟེ། །མཇལ་ནི་པོག་ར་མཇལ་བྱུང་། །པོག་རའི་མ་དང་མཁའ་འགྲོར། །ལུང་བསྟན་ཞུས་ནས་ལོག་ཡོད།“ །ཅེས་བླངས་པའི་གླུ་དེ་དག་ལས་ཀྱང་གསལ་པོར་རྟོགས་ཐུབ་པ་ལྟ་བུའོ།། །།
གཤམ་གྱི་དྲ་ཐག་ནས་གཞས་དེ་གསན་ཐུབ།
གོང་གི་གཞས་དེ་ནི་་་་
སྙན་ཡང་སྙན་སོང་སྐྱོ་ཡང་སྐྱོ་སོང། དགའ་སྐྱོ་གཉིས་ཀྱི་བར་ནས་།
ང་ཡི་ཕ་ཡུལ་དྲན་སོང། འདི་འདྲའི་བཅོས་མིན་རྣམ་འགྱུར་།
བསྟེན་པ་ཐུགས་རྗེ་ཆེ་སོང།
དོལ་པོ་ཞེས་པའི་ཡུལ་དེ་་་བོད་ཀྱི་ས་ཁུལ་ཡིན་ནམ་་་བལ་པོའི་ས་ཁུལ་རེད།
ཡང་ན་བོད་སྐྱིད་གྲོང་གི་ཁུངས་གཏོགས་ཇི་ཡིན་གསུང་དང་། ཤེས་པར་འདོད།
གཞས་པ་ཚེ་རིང་འགྱུར་མེད་ད་བོད་པ་རེད། བལ་ཡུལ་ནང་བཞུགས་ཀྱི་ཡོད་པ་རེད།
ཐུགས་རྗེ་ཆེ།
ཇ་དར་རྩེ་མདོ་ཟེར་བ་རེད། ངོ་སྤྲོད་ཀྱི་ཁ་བྱང་ཁོ་རང་ནོར་ཚར་འདུག བོད་ཀྱི་ལོ་རྒྱུས་དང་ས་མཚམས་ཆུ་མཚམས་ལ་ཆ་རྒྱུས་མེད་བཞིན་ དྲ་ཐོག་ལ་གལ་གནད་ཅན་གྱི་མིང་ཚིག་འདི་ནོར་ནས་སྤེལ་བ་ནི། ཧ་ཅང་རྫབ་ཆེན་རེད། ཇ་དར་རྩེ་མདོ་ཟེར་དོན་ནི་ཇ་ཉོ་ཚོང་བྱེད་སའི་ས་ཚུགས་ཡིན་པའི་ཆ་ནས་ལབ་ཀི་ཡོད་རེད། རྨོངས་རྒན་ཚོས་བོད་པའི་ཞབས་འདྲེན་མ་ཞུ་རོགས།
གླུ་གཞས་མིང་ལ་རྒྱ་དར་རྩེ་སྤྱད་ནས་ལོ་ངོ་བརྒྱ་ཕྲག་སོང་ཟིན་པ་རེད། དེ་ལ་ནོར་བ་ཡོད་སྲིད་རྒྱུ་རེད།
དོལ་པོའི་སྐོར་ལ་གཤམ་གྱི་དྲ་སྦྲེལ་ནས་གཟིགས་དང་།http://www.changdrok.com/ancient/2996.html
ཇ་དར་རྩེ་མདོ་ཟེར་བ་དེ་ལ་རྒྱ་དར་རྩེ་མདོ་ཟེར་ནས་མ་དག་རྒྱུན་འབྱམས་སུ་སོང་བ་རེད། མ་ཟད་དེ་གཉིས་སྒྲ་གདངས་འདྲ་བའི་ཆ་ནས་ཇ་ལ་རྒྱ་ལབ་བསྡད་པ་ལས། ཡིག་ཐོག་ལ་ཇ་འབྲི་དགོས་རེད།
རྒྱ་དར་རྩེ་ཟེར་དུས་དར་རྩེ་མདོ་རྒྱ་ཁོངས་ཡིན་པ་སྒྲུབ་བྱེད་ཅིག་མ་རེད། སྔོན་གྱི་དམངས་གཞས། དམངས་ཁྲོད་ཀྱི་བརྡ་ཆད་མང་དག་ཅིག་ལ་བལྟས་དུས་ཕྱོགས་གཞན་ནས་དར་བའི་རིག་གནས་དང་། ཅ་དངོས་གང་ཡིན་ལ་རྒྱ་ཞེས་སྤྱད་པ་མང་ཞེས་ངའི་གྲོགས་པོ་ཞིག་གིས་གླེང་བར་བདེན་ཁ་འདུག དཔེར་ན་དོལ་པོའི་དམངས་གཞས་གཅིག་གི་ནང་ན་རྒྱ་མུ་ཁུམ་ཡུལ་ནས། ཡང་མུ་གུམ་གྱི་གླུ་གཅིག་གི་ནང་དུ་རྒྱ་ལ་དྭགས་ཟེར་བ། རྒྱ་ཀྲས། ཟེར་བ་ལྟ་བུ་མང་།
རྒྱ་དར་རྩེ་མདོ་ཟེར་བ་ད་རེས་གསར་དུ་བེད་སྤྱོད་གཏང་བ་ཞིག་མ་རེད། སྔོན་ནས་ངག་ཐོག་ཡིག་ཐོག་གཉིས་ཆ་ནས་ཡོད་པ་ཞིག་རེད། དེ་ལ་དེ་ཙམ་དོགས་འདྲོག་བྱེད་དགོས་པ་ཅིག་མ་རེད། ང་ཚོའི་ཡུལ་ལུང་མང་པོ་ཅིག་ལ་རྒྱ་སྡེ་བོད་སྡེ་ཟེར་ནས་གནའ་སྔ་མོ་ནས་ཡོད་པ་ཞིག་རེད།
པདྨ་དགོས་འབྱོར་ལགས་ཀྱིས་ལེགས་རྩོམ་འགའ་ཞིག་དང་དོན་སྙིང་ལྡན་པའི་ལས་དོན་འགའ་ཞིག་བསྒྲུབས་པ་དྲྭ་རྒྱ་ཁག་ལས་མཇལ་བྱུང་། དོལ་པོའི་ལུང་པར་ཁྱེད་ལྟ་བུ་ཉུང་སྐྱོན་འདུག་ལ། ཕྱོགས་གཅིག་ནས་བཤད་ན། ཁྱེད་ལྟ་བུ་ཡོད་པ་དོལ་པོའི་བསོད་ནམས་རེད། ལེགས་གསོ་ཡོད། གནའ་སྔ་མོ་ང་ཚོར་ཆབ་སྲིད་ཀྱི་ཚོར་སྣང་ཤུགས་ཆེ་མེད་དུས་རྒྱ་ནག་དང་ཐག་ཉེར་ཡོད་པས་གང་བྱུང་དུ་རྒྱ་དར་རྩེ་མདོ། ཞེས་པ་འབོད་སྲོལ་ཞིག་ཆགས་པ་གཏན་ཁེལ་རེད། དོལ་པོ་ཙམ་མ་ཡིན་པར་དབུས་གཙང་ཁུལ་ལ་ཡང་དེ་ལྟར་འབོད་ཀྱི་འདུག འོན་ཀྱང་དར་རྩེ་མདོ་པ་ཚོ་རྒྱ་མི་ཡིན་ཞེས་གནའ་ནས་ད་བར་སུ་གཅིག་གིས་བཤད་ཀྱི་མ་རེད།
་་་་་་་་་་་་ གླུ་གཞས་དེའི་སྐོར་ལ་དྲ་ལམ་ནས་གླེང་སློང་ཤུགས་ཆེར་བྱས་སོང་བས། དེ་དག་ལས་གླེང་བྱ་གཙོ་བོ་ནི་ཇ་དར་རྩེ་མདོ་དང་། བོད་དར་རྩེ་མདོ། རྒྱ་དར་རྩེ་མདོ་གསུམ་པོ་གང་ཞིག་འཐད་པ་ཡིན་མིན་སྐོར་ལ་རེད། ་་་་་་་་་་་་་་་
རིག་གཞུང་རྒྱུན་འཛིན་དང་སླར་གསོའི་ལམ་མོ་ཞིག་ཏུ་ངོས་བཟུང་བྱུང་།
མདོར་ན་རྗེས་སུ་ཡིད་རང་དང་གང་གནང་པ་དེ་ལ་མངོན་པར་སྟོད་པ་བྱེད་དོ།
གནའ་བོའི་དོལ་པོའི་བོད་རིགས་རྣམས་ལ། བོད་རྒྱའི་ས་འཚམས་སྐོར་ལ་གཞས་བཏོང་དགོས་བྱུང་མེད་པས། རྒྱ་དར་རྩེ་མདོ་མིན་པ་མ་ཟད། བོད་དར་རྩེ་མདོ་ཡང་མིན་པས། དེས་ན་བོད་ཡོངས་དང་། ལྷག་པར་དོལ་པོ་རྣམས་ལ་དགོས་ངེས་ཅན་དེ་ནི། དེ་ནས་ཐོན་པའི་རྒྱ་ཇ་དེ། ནམ་ཞག་ཀུན་དང་ལྷག་པར་དུས་ཆེན་སྐབས་ལ་དགོས་པས། ཇ་དར་རྩེ་མདོ་ཞེས་བཏང་ན་ཁུངས་བཙུན་པ་མཐོང་ལགས།།
དོལ་པོའི་དམངས་གཞས་སྤྱི་དང་དམིགས་བསལ་“རྒྱ་དར་རྩེ་མདོ་“ཞེས་པའི་དམངས་གཞས་གླེང་པ།
ཡིག་སྐད་དུ། དམངས། ཞེས་པ། མངས། ཞེས་པ་ཡིན། སྒོ་མངས་མཆོད་རྟེན། རྒྱུད་མངས། སོ་མངས། ཞེས་པ་ལྟ་བུ།
དམངས་ནི། བོད་ཀྱི་སྔར་གྱི་གཞུང་ལུགས་ཀུན་ན། མི་རིགས་དམན་པ་ལ་འཇུག་པར་གསུངས་སོ།
ཡིག་ནོར་ཞུས་དག་མཛོད།
ལ་དྭགས་འཇམ་དཔལ་ལགས་ཀྱི་དགོངས་ཚུལ་ལ་དགའ་བསུ་ཞུ།
འོན་ཀྱང་། མིང་ཚིག་གཅིག་དོན་མང་པོར་འཇུག་པ་མཁྱེན་གསལ་ལྟར་རེད། རིགས་དང་འབྲེལ་ན་རྒྱ་གར་དུ་རྗེ་རིགས། དམངས་རིགས་ཟེར་བ་བྱུང་སྐོར་ལོ་རྒྱུས་ཡིག་ཆར་གསལ། འདིར་དམངས་ཞེས་པ་ནི་རིགས་དང་འབྲེལ་བ་མེད་ལ།དོགས་གཞི་ཙམ་ཡང་མིན་པར་འདོད། འདིར་དམངས་ནི་སྤྱི་ཚོགས་ཤིག་གི་མི་སྡེར་གོ་བ་ཡིན། དམངས་ཀྱི་བདེ་སྡུག མི་དམངས་ལྷན་འཛོམས་ཟེར་བ་ལྟ་བུའོ།།
ངས་དྲི་བར་ལན་མི་འདུག།
དོལ་པོ་བོད་ཁོངས་གཏོགས་རེད་། བལ་པོའི་ཁོངས་རེད་།
ཡང་ན་བོད་སྐྱིད་གྲོང་གི་ས་མཚམས་སུ་ཡོད་།
ངའི་བསམ་ཚོད་ལྟར་ན། དོལ་པོ། ལྷོ་ཆུ་མིག་བརྒྱད་རྩ། ཤར་ཁུམ་བུ་སོགས་རང་དབང་དུ་ཡོད་པ་ཡིན། ཕྱིས་སུ། བལ་པོ་རྒྱ་སྐྱེད་པས་བདག་བཟུང་བྱས།
ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་བྲིས་པའི་རྒྱུད་བླ་མའི་འགྲེལ་པ་མཆོག་ཏུ་གྱུར་པ་བཞུགས།
རྒྱ་ནག་ཏུ། མངས་གཙོ་འབྲི་དགོས་པ་ན། བསམ་བློ་མེད་པ་ཞིག་གིས། མངས་གཙོ་ལ། དམངས་གཙོ་བྲིས། དམངས། ཞེས་པ། དམན་པ་ལ་འཇུག་པའི་རྐྱེན་གྱིས་རིགས་དམན་པ་ལ། དམངས་རིགས། ཞེས་འབོད། བོད་ཀྱི་དག་ཡིག ངག་སྒྲོན་དུ་ཡང་། དམངས་རིགས་དམན། ཞེས་གསུངས། རྗེས་སུ། མང་གཙོ། ཞེས་དགོས་པ་གོང་སྨོས་ལྟར་ཡིན་ནོ།
གོང་དག་ཞུ། ཞུས་དག་དགོས་ཏེ། རྗེས་སུ། མང་གཙོ། ཞེས་ཞུས་དག་བྱས་ཀྱང་། མང་ལ་ས་ཡང་དགོས་པ། གོང་སྨོས་ལྟར་ཡིན་ཏོ།
དོལ་པོ་ནི་སྔ་མོ་མངའ་རིས་ཀྱི་ཁོངས་སུ་གཏོགས་ཡོད། ནུབ་སྦལ་ཏི་ནས། བལ་ཡུལ་ཡོལ་མོ་བར་དུ་། ཧི་མ་ལ་ཡའི་རི་བརྒྱུད་རྣམས་མངའ་རིས་ཀྱི་ཁོངས་སུ་གཏོགས་པ་རེད། དྲི་བ་ཞིག་ཞུ་རྒྱུ་ལ།
བསམ་ནི་ཡམ་བུ་བསམ་བྱུང་།།
མཇལ་ནི་པོག་ར་མཇལ་སོང་།།
པོག་རའི་མ་དང་མཁའ་འགྲོ།
ལུང་བསྟན་ཞུས་ནས་ལོག་ཡོད།།
ཅེས་པ་པོག་ར་ལ་མ་དང་མཁའ་འགྲོ་ཡོད་པ་དེ་ག་འདྲ་ཞིག་ལ་ངོས་འཛིན་ནམ།།
པོག་རའི་མ་དང་མཁའ་འགྲོ་ཞེས་པ་གླུ་རྙིང་ཁག་ལས་གསལ།
མ་དང་མཁའ་འགྲོ་ཟེར་བ་དེ་གང་འདྲ་ཞིག་ལ་གོ་དགོས་མིན་ཤེས་མ་སོང་།
གནའ་དུས་ཨོ་ཌི་ཡ་ནའི་མཁའ་འགྲོ་མ། །
བར་དུ་གར་ཞ་མཁའ་འགྲོའི་གླིང་ཞེས་གྲགས། །
པོག་རའང་མ་དང་མཁའ་འགྲོའི་གླིང་ཡིན་ན། །
ལྷ་ས་དྷ་སར་མཁའ་འགྲོ་མེད་དོན་ཅི། །