རོང་བོ་དགེ་འདུན་དར་རྒྱས།
༄༅།། ཡོངས་གྲགས་སུ་འཇའ་མོ་ཨ་ཁུ་ཚང་ངམ་༧རྗེ་བཙུན་དགེ་འདུན་ཆོས་འཕེལ་དཔལ་བཟང་པོའི་རྟོགས་པ་བརྗོད་པ་དགེ་ལེགས་ཨོཾ་ཡིག་འཁྱིལ་བའི་རང་སྒྲ་ཞེས་བྱ་བ་བཞུགས་སོ།།
༄༅།།ཨོཾ་བདེ་ལེགས་སུ་གྱུར་ཅིག
སྤྲོས་བྲལ་སྙིང་རྗེ་ཟུང་དུ་འཇུག་པའི་རྒྱ་ཆེན་སྤྱོད་པའི་ཆུ་གཏེར་ལས།།
བཞད་པའི་བྱང་ཆུབ་ལམ་གྱི་རིམ་པའི་ལེགས་འདོམས་ག་བུར་འཛིན་པ་ཡིས།།
རྨོངས་པའི་སྐྱེ་རྒུ་ཐར་བའི་ས་ལ་ཐབས་ཀྱིས་འཁྲིད་པར་མཛད་པ་ཅན།།
བདེ་ལེགས་གྲངས་མེད་རྒྱུ་སྐར་མཐོངས་སུ་འོད་ཀྱིས་འཕགས་པ་དེ་ལ་འདུད།།
ལུས་ངག་ཡིད་ཀྱི་པད་མོའི་ཐོང་གར་དགེ༵་ལེགས་བཅུ་ཡི་འདབ་མ་གཡོ༷།།
གཡོ༷་བའི་གེ་སར་འདུ༵ན་པ་དག་ལ་མངོན་མཐོ་ངེས་པར་ལེགས་པའི་ཚུ༷ལ།།
ཚུ༷ལ་བཞིན་མ་ནོར་ཆོ༵ས་ཀྱི་ལམ་དུ་དཀྲི་བར་མཛད་པ་སེམས་དཔའི་སྤྱོ༷ད།།
སྤྱོ༷ད་པ་ཕྱིན་དྲུག་ཡོངས་སུ་འཕེ༵ལ་བའི་མཁན་ཆེན་བླ་མ་རྒྱལ་གྱུར་ཅིག།
ངོ་མཚར་མིག་གི་ཡུལ་ལས་འགོངས་པའི་གསང་བ་གསུམ་གྱི་མཛད་པའི་འཕྲུ༷ལ།།
འཕྲུ༷ལ་གྱི་རི་མོའི་ལེགས་བྲིས་མདོངས་མཐའ་སོ་སོར་བསལ་བའི་བློ་གྲོས་སྟོ༷བས།།
སྟོ༷བས་བཅུ་མངའ་བའི་ཀུན་མཁྱེན་གྱིས་ཀྱང་ངལ་བའི་སྟེགས་བུར་བསྟེན་བྱས་ན༷།།
ན༷་ཀྲ་འཁོར་བའི་མཆེ་བར་ལྷུང་བའི་ཚུར་མཐོང་སྐྱེ་བོས་ཇི་ལྟར་གཞལ།།
འོན་ཏང་མཐོང་ཐོས་ས་འཛིན་དཀར་པོར་དད་གསུམ་འོད་རིས་བྲན་པ་ལས།།
སྒྲོ་བཏགས་གཡམ་རྒྱུག་ར་རི་བྲལ་བའི་དྭངས་གཙང་འོ་མའི་ཐིགས་པ་ཞིག།
རྣམ་དཔྱོད་སོར་མོའི་འཕྲུལ་གྱིས་བཏེགས་ཏེ་ལུས་ཅན་འགྲོ་བའི་རོ་འཛིན་དུ།།
ལོངས་སུ་བསྟར་བའི་དྲི་མེད་སྤོབས་པ་སྙན་ངག་དམ་པའི་བློ་ཡིས་བྱིན།།
རྗོད་བྱེད་ཚིག་གི་ཕྲེང་བར་བརྒྱུས་པའི་བརྗོད་བྱ་བྱང་གྲོལ་ལྟ་བའི་མིག།
འབྱེད་པའི་དགེ་ལེགས་བྱེ་བའི་འབྱུང་གནས་རྟོགས་བརྗོད་ཨོཾ་ཡིག་འཁྱིལ་བ་རུ།།
རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་ལྷ་མོའི་འཛུམ་ཞལ་རང་མདངས་རྒོད་པའི་སྒྲ།།
དད་གུས་ཉམས་འགྱུར་བཞིན་དུ་གསལ་ཏེ་སྐལ་ལྡན་རྣ་བའི་དཔྱིད་དུ་ལོངས།།
དབང་ཆེན་གསེར་གྱི་ས་གཞིར་རི་བདུན་གྱིས།།
ཡོངས་སུ་བསྐོར་བའི་མཛེས་སྡུག་མུ་ཁྱུད་དབུས།།
རིན་ཆེན་མཐོངས་སུ་བརྩེགས་པའི་དྲེགས་པ་ཅན།།
ཁ་དོག་བཞི་ཡི་བླ་རེ་ཕྱོགས་སུ་བྲེས།།
ཨིནྡྲ་ནཱི་ལའི་མདངས་འཛིན་ལྷོ༷་ཡི་ལྗོན།།
འཛད་མེད་རོ་མཆོག་ཁུར་བ་འཛ༷མ་བུ༷འི་འབྲས།།
མ་དྲོས་མཚོ་རུ་ལྷུང་བའི་གླི༷ང་གི་མཆོག།
ཆུ་བོ་རྣམ་བཞིས་གཡས་འཁྱིལ་ནོར་བུ་འབྲི།།
དབུས་ཀྱི་བྱང་རྒྱུད་གཡུ་ཡི་མཚོ་མོ་དང་།།
ག༷ངས་རི༷འི་མེ་ཏོག་ཕྱོགས་སུ་བཞད་པའི་རྩེར།།
རིགས་གསུམ་ཀུན་འདུས་སྒྱུ་འཕྲུལ་བློ༵་བཟ༵ང་གྲ༵གས།།
མདོ་སྔགས་ཟུང་འབྲེལ་སྤེལ་བའི་ཞི༷ང་དུ་བསྔགས།།
ས་ལ་དགེ་བཅུའི་གསེ༷ར་ཞུན་འཁྱིལ་བ་ལས།།
བཅུ་ཕྲག་རིག་གཞུང་སྦྲང་རྩིའི་དོག་པ་ཅན།།
ཕྱོགས་མེད་སྐ༵ལ་ལྡ༵ན་འགྲོ་བའི་ལོངས་སྤྱོད་དུ།།
སྟེར་མཁས་རིན་ཆེན་རྒྱ༵་མཚོ༵་འཕྱུར་བའི་ལྗོ༷ངས།།
ཕྱོགས་མཚམས་བཀྲ་ཤིས་རྟགས་ཀྱིས་མཚན་པའི་གཞིར།།
ཟག་མེད་བདེ་ཆེན་རོལ་བའི་དགའ་སྟོན་གྱིས།།
ཡ་མཚན་གྲུ༵བ་པ་བརྙེས་པའི་གན༵ས་བརྒྱ༵ད་དང་།།
དགུ་ཟུང་ཆོས་ཀྱི་སྡེ་རྣམས་མུ་ཏིག་བཞིན།།
དེ་ཡི་སྙིང་བོར་རྡོ་རྗེ་འཛིན་མའི་གྲྭར།།
བཤད་སྒྲུབ་ཆུ་གཏེར་གཡས་སུ་འཁྱིལ་བ་ལས།།
ལྷོ་རྒྱུད་རོ༷ང་བོ༷་དཔལ་གྱི་དགོ༷ན་ཆེ༷ན་ཞེས།།
གྲགས་པའི་མུ་ཁྱུད་ཆུ་སྒྲོག་མཐའ་ལ་བཅིངས།།
ཤར་རྒྱུད་ནགས་ཀྱི་ཤྭ་ན་རི།།
ལེགས་བྱས་འཇ༷འ་གུར་འཁྱུད་པ་ལས།།
དགེ་ལེགས་གྲུ་ཆར་སྔོན་མོ༷འི་རྒྱུན།།
འབབ་པའི་སྡེ་ནི་ཚོམ་བུ་བཞིན།།
རབ་བྱུང་བཅོ་ལྔའི་གསེར་ལྡན་མར།།
ཆུ་མོ་སྤུ་རེངས་རྒྱུ་བའི་ཚེ།།
གང་སྐུ་ལང་ཚོ་པད་དཀར་ལྗོན།།
དྲི་མེད་མདངས་ཀྱིས་མངོན་པར་འཕགས།།
རིགས་ཀྱི་སྲས་པོ་ས་ལེ་སྦྲམ།།
གཡང་དུ་འཁྱིལ་ཞིང་སྤྲོ་དགའི་ཉམས།།
ཞལ་དུ་འཛུམ་པའི་ཡབ་ཡུམ་གྱིས།།
སྙི༵ང་དཀ༵ར་ཚེ༵་རི༵ང་ཞེས་སུ་གསོལ།།
སྐྱེ་རྒུའི་མིག་ལ་མཚན་དཔེའི་རིས།།
ཡལ་འདབ་སྟོང་གིས་བསྐྲུན་མིན་ཡང་།།
ལྕུག་ཕྲན་ལང་ཚོ་དྲིའི་སྙིང་བོར།།
བག་ཡོད་སྤྱོད་པའི་ངད་ཀྱིས་ལྡང་།།
སྡུག་བསྔལ་གསུམ་གྱི་རླབས་འཁྲིགས་པའི།།
འཁོར་བ་ཆུ་སྲིན་འབྱུང་གནས་ཆེར།།
ངེས་པར་འབྱུང་བའི་གྲུ་བརྡར་གྱིས།།
ཐར་བའི་ཐེམ་སྐས་གྲོགས་སུ་བཀུག།
དགེ༵་བའི་དགུང་གྲངས་བདག་གིར་བཞེས་པའི་ཚེ༷།།
ཚེ༷་རབས་གཏན་འདུ༵ན་བླ་མ་བསེ༵་དགེ༵་བཤེ༵ས༷།།
བཤེ༷ས་ཀྱི་དང་པོར་མཆོད་པའི་ཆོ༵ས་འབྲེལ་ལ༷ས།།
ལ༷ས་དཀར་ཡོན་ཏན་འཕེ༵ལ་བའི་ངུར་སྨྲིག་གསོལ།།
སྐྱབས་སེམས་དགེ་ཚུལ་བསླབ་ཁྲིམས་དབུགས།།
བཅས་མཚམས་གླིང་བུ་ལ་སྦྲན་ཏེ།།
སོ་སོར་ཐར་བའི་རྡོ་རྗེའི་དབྱངས།།
དགུ་ཀློང་སྔོན་མོའི་རྒྱུན་དང་བསྡེབས།།
རྟོགས་སད་སྐལ་ལྡན་ཤིང་རྟ་ཡིས།།
རྟེན་འབྲེལ་ཡན་ལག་བཅུ་གཉིས་མེ།།
རྣམ་པར་བཅིལ་བའི་བྱང་ཁོག་ན།།
བྱང་གྲོལ་མཛེས་སྡུག་སྣུམ་གྱིས་བྱེར།།
ཐོ༷ས་པ་བསམ༷་གཏན་འཁྱིལ་བའི་རོ་ལྡན་མར།།
དགའ་དད་གསེར་མིག་རྒྱས་པའི་མིག་མི་འཛུམ།།
ཤེས་བརྩོན་རྣ༷མ་པ༷ར་རྒྱ༷ལ་བ༷འི་གཤོག་རླབས་ཀྱིས།།
རིག་གྲོལ་འཕགས་ཚོགས་ནོར་བུའི་གླི༷ང་དུ་གཤེགས།།
ཡོན་ཏན་མཛོད་ཀྱི་ཆུ༵་ཁུར་འཛིན་པ་ལས།།
མ༷་ནོར་ལམ་གྱི་མཛུབ་ཁྲིད་དགེ༵་བའི་རྒྱུན།།
ངོམ་མེད་སློ༵ང་བས་འཕྲལ་སྦྱོར་ཀློག་འདོན་སོགས།།
དགེ༵་ལེགས་འདུ༵ན་མའི་པད་དཀར་ད༵ར་ཞིང་རྒྱ༵ས།།
བསམ་སྦྱོར་ཆུ་སྲེལ་ཀློང་ལས་འཕྱུར་བ་ཡི།།
ཨ༵རྱ༵འི་མཚན་ཅན་དྲག་པོའི་གཙུག་རྒྱན་གྱིས།།
ཚད་མའི་བསྡུས་གཞུང་འོད་དཀར་འབྱེད་པ་ན།།
རིགས་འཕྲུལ་སྟོང་གི་སྒོ་འཕར་དང་པོ་ཕྱེས།།
ཆོས་གྲྭ་པད་མ་ཅན་གྱི་ཆུའི་སྙིང་བོར།།
ལུང་རིགས་འདབ་གཤོག་རྐྱོང་བའི་རི་སྐྱེས་ཚོགས།།
དག་བྱེད་རྒྱུན་བཞིན་ལྷན་ཅིག་འཕུར་ལྡིང་གིས།།
ཐུབ་བསྟན་སྦྲང་རྩིའི་རོ་མངར་གཞིབ་པར་བརྩོན།།
སྨྲ་ལ་འབབ་སྟེགས་འཁྱིལ་བའི་དབུགས་དབྱུང་གིས།།
རིམ་བཞིན་བསེ་བསྡུས་རྒྱན་འགྲེལ་དོན་གསལ་གྱི།།
སྒྲ་དག་གསལ་གསུམ་གཡས་སུ་འཁྱིལ་བའི་དུང་།།
འདུས་ཚོགས་མཁས་མང་རྒྱ་མཚོའི་དབུས་སུ་བུས།།
བཅུ་ཕྲག་རིག་གནས་ཡོ༵ངས་སུ་གྲོལ་བའི་རིས།།
འཛི༵ན་མེད་བློ༵་གྲོས་བཟ༵ང་པོའི་པད་ཀོར་གྱིས།།
དཔ༵ལ་ལྡ༵ན་རྒྱུ་སྐར་ཕྲེང་བའི་ཆོས་དབྱིངས་སུ།།
འགྲེམ་མཁས་ལྷ་ཡི་བཟོ་བོ་མགོན་དུ་བྱོན།།
མི་འགྱུར་རྡོ༷་རྗེ༷་ཚིག་གི་གོམ་འགྲོས་ཀྱིས།།
བླ་མེད་བྱ༵ང་ཆུ༵བ་ལུ༵ང་རྟོ༵གས་ནོར་འཛིན་ཁྱོན།།
ཅིག་ཅར་རྣམ་རྒྱ༷ལ་ཐོགས་མེད་བློ༵་གྲོ༵ས་ཤུགས།།
རྒྱ༵༷༷་མཚོ༵འི་རླབས་བཞིན་འཕྱོ་རྣམས་ཐོད་དུ་བླངས།།
སྨྲ་བའི་སེང་གེ་ཁྱུ་ཡི་ཞབས་སྐྱེས་རྡུལ།།
དུས་ཀུན་སྤྱི་བོར་བཅིངས་པའི་རལ་བ་ལས།།
བཀའ་པོད་གཙོ་བྱས་རིག་གནས་ཡན་ལག་གི།
ཛ་ཧུའི་བུ་མོ་སྒྲ་འཛིན་ཁྱིམ་དུ་བསུས།།
ཁྱེད་ཀྱི་ལྟ་བའི་མིག་དང་ཡིད་ཀྱི་སྙིང་།།
གཞུང་དཔེ་ཐོས་འཛིན་བཤར་སྦྱངས་མཛའ་ན་མོར།།
ཉིན་དང་མཚན་དུ་འགྲོགས་པའི་རོལ་གར་གྱིས།།
གོ་དོན་ཟབ་མོའི་དགའ་བདེ་ངང་གིས་རྒྱས།།
ཐོས་དོན་ཕྱོགས་རེ་ཙམ་དུ་མ་སོང་བར།།
འཕགས་བོད་མཁས་པའི་བསྟན་བཅོས་གཞིར་བཅོལ་ཏེ།།
སྤྱི་མཐའ་མཐིལ་དུ་བཟུང་བའི་སྡུག་རུས་ཀྱིས།།
གཞུང་ཆེན་བཀའ་པོད་རྣམ་ལྔ་ཞིབ་པར་སྦྱངས།།
རྣ༷མ་དཔྱོད་རྣ༷མ་པར་དར་བའི་འཁྲི་ཤིང་ལ།།
ཚིག་འཕྲུལ་ལོ་མ༷་ཁོ་ནས་མ༷་བསྒྲིབས་པར།།
ཡ༷ང་དག་རིག་པའི་གོ་དོན་ཡ༷ང་སྙིང་འབྲས།།
རབ་ཏུ་དུ༷ད་པས་མཁས་དགུའི་མགོ་བོ་དུ༷ད།།
གྲུབ་མཐའི་ཁྱད་པར་གཞི་ལམ་འབྲས་གསུམ་གནད།།
ཕྲ་ཞིང་འཛིངས་པ་རྨ་བྱའི་སྒྲོ་ཡི་མདོངས།།
མཁྱེན་དཔྱོད་མིག་གིས་སོ་སོར་བསལ་བས་ན།།
རྟོག་གེ་བ་དག་སྐྱེངས་པས་འོབས་སུ་བྱེར།།
ཐོས་བསམ་ནང་དུ་བཀུག་པའི་གནམ་རུའི་རྒྱུད།།
ཚུལ་གསུམ་ཤུགས་ཀྱིས་འཐེན་པའི་རྩེ་མོ་ཅན།།
ཕྲ་རགས་ཤེས་བྱའི་དེ་ཉིད་བསྣུན་པ་ན།།
དྲན་དབང་རཱ་མ་ཎ་ཡང་མགོ་བོ་སྨད།།
ས་ལམ་བགྲོད་པའི་མེ་ལོང་ངོས།།
བདག་འཛིན་རྡུལ་འཚུབ་མ་གོས་ཏེ།།
བཏགས་ཙམ་རྟེན་འབྲེལ་སྣང་བའི་ཆ།།
སྒྱུ་མའི་གར་དུ་ཁྱོད་ཀྱིས་གཟིགས།།
མཁྱེན་གསུམ་སྦྱོར་བཞི་ཆོས་སྐུ་ཡི།།
མི་ཕམ་ཞལ་གསུང་དྲོན་མོའི་རྒྱུན།
ཐབས་ཤེས་སྙིང་དུ་བསྲེལ་བ་ལས།།
རྒྱལ་ཀུན་བགྲོད་པའི་ལམ་ཡིག་རྙེད།།
ཞི་གནས་མར་ཁུ་དང་འགྲོགས་པའི།།
ལྷག་མཐོང་སྒྲོན་མེའི་འོད་རིས་ཀྱིས།།
ཆོས་ཀུན་དེ་ཉིད་སྟོང་བ་ཉིད།།
ཡེ་ཤེས་སྤྱན་གྱིས་མངོན་པར་གཟིགས།།
འཁོར་ལོ་གསུམ་གྱི་བཀའ་སྲོལ་ཆེ།།
དྲང་དང་ངེས་པའི་ཁྱད་པར་ངང་།།
གདམས་པའི་ཆུ་བོ་ཆིག་དྲིལ་གྱིས།།
ཐུབ་པའི་དགོངས་པ་མཐར་ཐུག་རྙེད།།
ལུང་གིས་ལུས་སྟོབས་རབ་རྒྱགས་ཤིང་།།
རིགས་འཕྲུལ་རྣོན་པོའི་གད་རྒྱངས་ཀྱིས།།
རྒོལ་ངན་གཉིས་འཐུང་མ་ལུས་པའི།།
ལོག་རྟོག་མྱོས་བུམ་ཅིག་ཅར་དྲལ།།
ཆོས་ཀུན་བདེན་འཛིན་རྨོངས་པ་མཐར་བྱེད་ཅིང་།།
ཐ་སྙད་ཚད་མར་སྣང་བའི་རྟ་ལྗང་ཅན།།
རྟག་ཆད་དྲི་མའི་ཀུ་མུད་ཟུམ་བྱེད་དེ།།
མཐའ་བྲལ་དབུ་མའི་པད་དཀར་འཛུམ་གྱིས་བཏེགས།།
རང་སྤྱི་ཤེས་བྱའི་ངོ་བོ་ལུས་པ།།
གནས་བརྒྱད་གཞི་ལྔར་བསྡུས་པ་ཆོས་ཀྱི་མཛོད།།
ཀུ་ཤའི་རྩེ་བཞིན་སོ་སོར་བཀྲལ་བ་ལ།།
ཀུན་མཁྱེན་དབྱིག་གཉེན་མཆོག་དང་གཉིས་སུ་མེད།།
མཁྱེན་དཔྱོད་རླུང་གི་ཤིང་རྟ་ལས།།
རིགས་པའི་ཟེགས་མ་རྡོ་རྗེའི་ཆར།།
ལྟ་ངན་མཁྲེག་གིས་རབ་ཁེངས་པའི།།
མུ་སྟེགས་བྲག་རིའི་གཤེད་དུ་འབེབས།།
དེ་ཚེ་བསྟན་དང་སྟོན་པ་ལ།།
གནོད་བྱེད་གཟུགས་ཅན་གཟུགས་མེད་དཔུང་།།
དྲེགས་པའི་ཅོད་པན་རྐང་སྟེགས་ཀྱིས།།
བྲེད་ཤ་འདར་བཞིན་བྲོས་ཤིང་བྱེར།།
ཨ༵་དོན་སྤྲོས་བྲལ་རོ༵ལ་བའི་དགའ་སྟོན་གྱིས།།
བློ་༵བཟ༵ང་རྒྱལ་བའི་སྙན་བརྒྱུད་ལུ༵ང་རྟོ༵གས་ནོར།།
མཛོད་དུ་དཀྲིགས་པས་མདོ་སྔགས་བསྟ༵ན་པ༵འི་ཆར།།
ས་གསུམ་འབེབས་ལ་རྒྱ༵ལ་བ་མཚ༵ན་ཅན་དངོས།།
གང་གི་ཐུགས་རྗེ་གཡོ་བའི་ཁྱུང་སྔོན་སྐྱེས།།
ཚངས་སྤྱོད་བསྙེན་རྫོགས་སྣང་བའི་མུ་ཁྱུད་ཅན།།
སྟོབས་བཅུ་ཟུང་གི་ལང་ཚོ་ཉེར་སྒེག་པའི།།
ཁྱོད་ཐུགས་ཆོས་ཀྱི་དབྱིངས་སུ་འོད་ཀྱིས་བཏེགས།།
འཇི༵གས་མེ༵ད་སྨྲ་བའི་ཨ་རོལ་སྐུ་མཆེད་ཟུང་།།
སྤྱི་བོར་མཆོད་དེ་ད༵མ་པའི་མན་ངག་རྒྱུན།།
དབང་ཁྲིད་ཆོ༵ས་བཀའ་ཧུབ་ཀྱིས་ལེགས་གསོལ་བས།།
དྲེགས་ལྡན་རྒྱ༵་མཚོ༵འི་མགོན་དུ་ཁྱོད་ཀྱིས་བཞེངས།།
རིག་འབྱུང་ཞིང་གི་སྐྱ༵བས་དང་མགོ༵ན་གཅིག་པུ།།
དད་གསུམ་མཛེས་པའི་ཁྱིམ་དུ་རབ་བསྙེན་པས།།
ཁ་སྦྱོར་བདུ༵ན་ལྡན་གསུང་སྐྱེས་རྒྱུད་སྡེའི་དོན།།
དྲི་མེད་མཁྱེན་པ༵འི་རྫིང་བུར་མེར་གྱིས་ལྟེམས།།
རྣམ་པར་དག་པའི་དབང་བཞིས་རྒྱུད་སྨིན་ཅིང་།།
དམ་ཚིག་སྡོམ་པ་ཚུལ་བཞིན་ལེགས་བསྲུངས་ཏེ།།
རིམ་གཉིས་ཟབ་མོའི་རྣལ་འབྱོར་གོམས་པའི་མཐུས།།
རྡོ་རྗེ་ཐེག་པའི་སློབ་དཔོན་དབང་རབ་བསྐུར།།
ཚེ་སྔོན་ལེགས་བྱས་བཀྲ་བའི་ཤེད་མོང་གིས།།
ཟབ་གསལ་གཉིས་མེད་མདོ་རྒྱུད་ནམ་མཁའི་ནོར།།
འགྱུར་མེད་ཁྱོད་ཐུགས་ལྷ་ཡི་རྫིང་རིང་དུ།།
འཆར་བའི་འོད་རླབས་སྲིད་ཞིའི་མཐའ་ལ་འཁྲིལ།།
འོན་ཏེ་ལྔ་བདོའི་རང་མཚང་བརྡོལ་བ་ལས།།
དུཿ་ཁའི་ཆུ་སྲིན་དཔུང་ཁ་རབ་དར་བས།།
ཁ་བའི་གཤིས་སུ་ཆགས་པའི་སྣོད་དང་བཅུད།།
ལོག་སྤྱོད་དུས་ཀྱི་བེ་ཅོན་ཁྲག་གིས་སྦགས།།
རྣམ་འཕྱང་དུས་འགྱུར་སྒྲ་གཅན་གྱིས།།
མཁའ་ཁྱབ་ཐུབ་བསྟན་འོད་དཀར་ཡང་།།
ཁྱུར་གྱིས་མིད་པའི་བྱ་བྲལ་དུ།།
ཤ་ཟ་ཁྲག་འཐུང་སྟོབས་ཀྱིས་རྒྱུ།།
ལུས་སེམས་སོ་སོར་འབྲལ་བ་དང་།།
མ་བྲལ་གསོན་པོའི་སྡུག་བསྔལ་གྱིས།།
མནར་བའི་འོ་དོད་ཆོ་ངེའི་དབྱངས།།
གཤིན་རྗེའི་གྲོང་ཡང་བག་ཡོད་སྦྱིན།།
དུག་ཆེན་ཟས་སུ་བསྟེན་པ་ཡི།།
ཝ་སྐྱེས་ཁྱུ་ཡི་མདའ་མཚོན་མང་།།
སྲོག་ལ་རྒོལ་བའི་རྨ་བཏབ་ཀྱང་།།
བཟོད་པའི་གོ་ཆས་ཡ་ལད་སྤྲད།།
ཁྱད་པར་བསྟན་ལ་གཤེད་ཀྱང་རུང་།།
བཅས་མཚམས་སྲོག་ཕྱིར་མི་གཏོང་བའི།།
གང་གི་སྡོམ་གསུམ་ས་འཛིན་དབང་།།
ཅུང་ཟད་ཙམ་ཡང་བསྒུལ་མ་ནུས།།
གཟུགས་ཀྱི་འདོད་ཡོན་སྟོང་བས་ཀྱང་།།
ཡན་ལག་བདུན་པའི་ཏིང་འཛིན་ཟས།།
དུས་ཀུན་བསྟེན་པའི་ཟུངས་བཅུད་ཀྱིས།།
ལྷ་དང་བླ་མའི་དྲོད་ཁོལ་རེག།
འགྲོ་འཆག་ཉལ་འདུག་སྤྱོད་པ་ལའང་།།
རང་དབང་བྲལ་ཡང་ཉིན་དང་མཚན།།
གཅིག་པུར་ལུས་པའི་གོ་སྐབས་སུ།།
པོ་ཏིའི་མཛའ་མོ་གྲོགས་སུ་བསྡེབས།།
ཉིན་ཞིག་ཡབ་རྗེའི་①མགུར་འབུམ་གྱི།།
གླེགས་བམ་མེ་ཏོག་གྲོལ་བའི་འཛུམ།།
ཆགས་པའི་དམར་མདངས་རྒྱས་ཞལ་ལས།།
གསོལ་འདེབས་ཟློ་བཞིན་རེ་ཞིག་གཟིམས།།
མནལ་ལམ་རོང་བོ་ཆོས་ཀྱི་སྡེར།།
འདུས་མང་ཆོས་རྩོད་སྨྲ་སེང་དབུས།།
ཚུལ་ཁྲིམས་གཡག་རྔ་ལྟར་མཛད་ཅེས།།
བླ་མས་རྣ་བར་བསྒྲོན་ཏེ་ཡལ།།
དོན་དམ་གསེར་ལྗོངས་འབྲོམ་སྟོན་གྱི།།
གདུང་འཚོབ་བཞེངས་པའི་བརྡ་རུ་ངེས།།
དེ་ཚེ་གང་གི་ཐུགས་རྒྱུད་དུ།།
སྔོན་མེད་རྟོགས་པ་ཁྱད་པར་འཁྲུངས།།
དུས་ངན་འགྲོ་འོང་ཉེར་གསུམ་ཡུན།།
ཕལ་བའི་ལས་ལ་འཇུག་ཟོལ་གྱིས།།
པད་མའི་སྦུབས་བཞིན་ལེགས་གཙང་བའི།།
བཀའ་གདམས་གསར་བའི་རྣམ་ཐར་བསྐྱངས།།
ལྕགས་ཕོ་སྤྲེལ་ལོར་པཎ་ཆེན་ཆོས་ཀྱི་རྒྱལ།།
ཞབས་པད་རྡོ་རྗེའི་འཛིན་མར་རྒོད་པའི་ཚེ།།
ཁྱེད་ཀྱི་སེམས་བསྐྱེད་བགྲོ་གླེང་དྲི་བསུང་གིས།།
ཡང་དར་བསྟན་པའི་ཀ་བ་མཐོངས་སུ་བཏེགས།།
ཐོས་པ་ངོམས་མེད་འཚོལ་བའི་བརྡ་ཐབས་སུ།།
གསེར་ལྗོངས་ཞིང་གི་རྒྱལ་ཚབ་རྣམ་གཉིས་②དང་།།
ངེས་དོན་རིག་པའི་དབང་ཕྱུག་ཤར་གདོང་མཆོག།
བསེ་སྤྲུལ་རྡོ་རྗེ་འཆང་རྣམས་བཤེས་སུ་བཀུར།།
ལྷ༵་ར༵མས་པྲོག་ཞུ་འཛིན་པ༵འི་དཀྱིལ་འཁོར་དུ།།
ཤེ༵ས་ར༵བ་ཐོགས་མེད་འཕྱོ་བའི་བདུད་རྩི་འང་།།
རང་རྒྱུད་འདུལ་བའི་གསོས་སུ་ལེགས་བཞེས་པས།།
སྐུ་གསུང་ཐུགས་གསུམ་ཆུ་ཤེལ་ལྟ་བུར་འཕགས།།
དུས་ཀུན་ཞོགས་པའི་ཆུ་ཚོད་མེ་ཡི་གྲངས།།
ཞལ་འདོན་ནཱ་དའི་མཆོད་ཡོན་ལེགས་བསྟར་ཏེ།།
རི་གླིང་ཉི་ཟླའི་འོད་ཚོགས་བྱེ་བ་ཡི།།
སྟོང་གསུམ་འཇིག་རྟེན་སྤྲུལ་བའི་མཎྜལ་འབུལ།།
བཤགས་པ་བླ་མེད་སྟོབས་བཞིའི་མེ་དཔུང་གིས།།
ཉེས་ལྟུང་ནགས་ཀླུང་དྲུངས་ནས་འཇོམས་མཛད་ཅིང་།།
བསླབ་གསུམ་ཟླུམ་པོར་གསོལ་བའི་མཉམ་བཞག་ལ།།
འཕགས་པ་ཉེ་བར་འཁོར་ཡང་ཆགས་པ་སློང་།།
འདུ་འཛིས་མ་གོས་ཞི་བའི་སྤྱོད་ལམ་མཛེས།།
དུས་ཀུན་གཞན་ལ་མི་བལྟ་རང་རྒྱུད་རྟོག།
ཐུན་དྲུག་རྣལ་འབྱོར་རོལ་བའི་དགའ་སྟོན་གྱིས།།
ངེས་དོན་གནས་བརྟན་པ་ཞེས་སྙན་པ་འཕུར།།
ལྟ་སྒོམ་སྤྱོད་གསུམ་གཞན་ལས་ཟས་མ་རེག།
མཁས་བཙུན་བཟང་གསུམ་གཞན་ལས་གྲོགས་མ་རྙེད།།
ཆོས་གོས་རྣམ་གསུམ་གཞན་ལས་ནོར་མ་དམིགས།།
མི་ཚེའི་ཕྲེང་བ་འདི་གསུམ་ཐ་གུས་སྒྲིལ།།
ཉམས་ལེན་ནོར་གྱིས་སྟོང་བའི་ཆུ་སྒྲོག་ན།།
ཚིག་འཕྲུལ་རྣམ་པར་འགྱུ་བའི་སྒྲ་བརྒྱ་བ།།
དྲེགས་ལྡན་སྐྱེས་བུར་རློམ་པའི་མེ་ཆར་གྱིས།།
སྒོམ་སྒྲུབ་རི་དབང་བསྙིལ་བའི་མཁས་པ་མིན།།
བསྟན་པའི་གནད་ལ་སྒྲོ་འདོགས་མ་ཆོད་པར།།
རི་སུལ་སྟོང་བར་དཀའ་ཐུབ་ལྷུར་ལེན་གྱིས།།
ཆོས་མིན་ཆོས་སུ་དམིགས་པའི་རྫུ་བག་ལས།།
འབྱུང་འགྱུར་ལུང་དུ་སྟོན་པའི་གྲུབ་ཆེན་མིན།།
ཐོས་པ་མ་བྱས་ཤེས་བྱ་རང་ཤར་མེད།།
སྒོམ་པ་མ་བྱས་རྟོགས་པ་ཀློང་བརྡོལ་མེད།།
ཐོས་སྒོམ་སྙོམ་འཇུག་ལྷ་ཆེན་རལ་བ་ལས།།
ཉམས་རྟོགས་ཆུ་བོ་འབབ་པ་ཁྱོད་དུ་ངེས།།
དྲེགས་ལྡན་དཔུང་གི་འབྱོར་བས་མི་ཐུལ་ཞིང་།།
གོ་ཐོབ་སྙན་གྲགས་སོགས་ཀྱིས་འགུགས་མིན་པ།།
ས་གསུམ་སྐྱེ་རྒུའི་རྨོངས་པ་མཐར་བྱེད་པའི།།
སྙིགས་དུས་ཤཱཀྱའི་དགེ་སྦྱོང་གཅིག་པུར་གྲུབ།།
རིང་ནས་འཁོ༷ར་བ་སྤངས་ཀྱང་འཁོ༷ར་བ་རུ།།
མཉ༷མ་མེད་སྤྱོད་མཆོག་བདག་གཞན་མཉ༷མ་བརྗེ་ཡིས།།
མ༷་ལུས་འགྲོ་བར་མ༷་ལྟར་བརྩེ་གཟིགས་པ།།
རྒྱལ་སྲས་སེ༷མས་དཔའི་སེ༷མས་ཀྱི་གཤིས་སུ་གྲུབ།།
ཨེ་མ་ཁྱོད་ཀྱིས་གཞན་གྱི་སྡུག་བསྔལ་ཁུ༷ར།།
ཁུ༷ར་དུ་བླངས་ཤིང་གནོད་ལན་ཕན་པས་སྒྲུ༷བ།།
སྒྲུ༷བ་པའི་མཆོག་གྱུར་བྱ་དཀའི་སྤྱོད་པ་ལ༷།།
ལ་ལུང་ཆེ་རྒུའི་སྙིམ་པ་བྲང་ལ་འབྱར།།
མ་ཧཱ་པཎ་ཆེན་རིག་པའི་འདོད་འཇོ་དང་།།
གནས་ལྔ་ཀུན་གཟིགས་ཤར་གདོང་བླ་མ་སོགས།།
ཟླ་མེད་མཁས་རྒུའི་ཡིད་སེམས་བསླུས་བྱས་ཏེ།།
རིག་བྱེད་གསོལ་འདེབས་མཆོད་སྤྲིན་རི་ལྟར་སྤུངས།།
ལྟ་ངན་རྦ་ཀློང་འཁྲུགས་པ་སྙིགས་མའི་མཚོར།།
བྱིང་བའི་ཕུན་ཚོགས་སྡེ་བཞི་ལུ་གུའི་རྒྱུད།།
ཐབས་མཁས་རུས་སྦལ་ཟོལ་གྱིས་འདེགས་པ་ཡིས།།
བདེ་སྐྱིད་ཤར་གྱི་ཐིག་ལེ་དལ་གྱིས་འཕགས།།
གཙུག་ལག་ཁང་རྣམས་འབྱུང་བཞིར་ཐིམ་པའི་ཤུལ།།
ཆོས་སྤྱོད་འཁོར་ལོ་འཕྲིན་ལས་རྩིབས་སྟོང་གིས།།
གཞི་གསུམ་ཆོ་གའི་བཀྲ་ཤིས་རིས་ཀོད་དེ།།
ཆོས་སྡེའི་རྒྱུ་སྐར་ཚོམ་བུ་སླར་ཡང་བཀྲམ།།
འཆད་ན་ལུང་རིགས་དཔེ་ཡི་འཛུམ་ཞལ་རྒོད།།
རྩོད་ན་དབུ་ཚད་སེང་གེའི་མཇིང་སྣོལ་རྔམ།།
རྩོམ་པ་ཡང་ཡང་བསྐུལ་བའི་རྟེན་རྫས་སུ།།
འགར་དགོན་བཅའ་ཡིག་དྲི་ཟའི་པི་ཝང་བཞག།
རྡོ་རྗེའི་ནོར་འཛིན་ལེགས་བཤད་དྲིལ་བུའི་སྒྲ།།
འཁྲོལ་བས་སྡོམ་བརྩོན་ཀྲིཥ་ན་སཱ་ར་མང་།།
བྱུར་བུར་དཀྲིགས་པའི་ལུང་རིགས་ཆུ་གཏེར་གྱིས།།
བསྟན་འཛིན་མཁས་རྒུའི་ནོར་བུ་མཛོད་དུ་བསྒྲུབས།།
ཟབ་ཡངས་ལུང་རྟོགས་ཤེས་བྱའི་ནོར་ལྡན་མར།།
སྤྲོ་བར་འཇུག་པའི་དགེ༵་འདུན་ངང་བའི་སྡེ།།
ཕྱོགས་ལས་རྒྱལ་བའི་གནམ་བསྐོ༵ས་ཚངས་པ་བཞིན།།
ལུགས་གཉིས་གསེར་གྱི་འཁོར་ལོས་ཅི་ཡང་བཟླུམས།།
བསླབ་ཁྲིམས་ཉམས་གསོ༵་ཉེས་ལྟུང་སྦྱོ༵ང་བའི་གཞིར།།
ཐེག་ཆེན་མདོ་གཞུང་སྐྱེ་བ་ལྔ་ཡི་དུང་།།
དུས་ཀུན་བླ༵་མེད་འབུད་པའི་དབྱངས་སྙན་གྱིས།།
སྐྱོན་གྱིས་མ༵་གོས་འདུས་ཚོགས་རླབས་ཀྱིས་འཕྱུར།།
ལུང་གི་རྒྱབ་རྟེན་རིགས་པའི་སྒྲུབ་བྱེད་ཀྱི།།
བརྩི༵་བཞ༵ག་བླ༵་མ༵ར་བཞེངས་པའི་བྱམས་བརྩེ་ལས།།
ཚིག་དོན་རྣམ་པར་འགྱུ་བའི་གྲུ་ཆར་རྒྱུན།།
སྨྲ་བའི་དབང་བོ་སྟོང་གི་སྲོག་ཏུ་བསྐྱེད།།
གྲངས་མེད་འཁོར་ཚོགས་སྤྲིན་ལྟར་འཁྲིགས་པ་ལས།།
འདོད་ཡོན་ཆར་བཞིན་འབབ་པའི་ནོར་རྩེན་མཛོད།།
མ་ཞེན་བློ་ཡིས་འདུས་པ་རྒྱ་མཚོ་རུ།།
བསྟར་བའི་སེམས་དཔའི་སྤྱོད་པ་བློས་མི་དཔོགས།།
རིག་འབྱུང་ཞིང་དུ་མཁས་དང་གྲུབ་པ་ཡི།།
དྲེགས་ལྡན་རྒྱ་མཚོས་ས་ཡི་ཁྱོན་འཇལ་ཡང་།།
སྐལ་ལྡན་རས་པའི་རྣམ་ཐར་ལྷུར་ལེན་མཁན།།
དེང་འདིར་མཁན་ཆེན་ཆོས་ཀྱི་རྒྱལ་པོ་ཉིད།།
ཤེས་ཉོན་རླུང་གིས་བསྐྱེད་པའི་འདུ་བྱེད་མཚོ།།
འདོད་ཡོན་ལྔ་ཡིས་འཕྱུར་བའི་དུས་ཀྱི་རླབས།།
གཅིག་མིན་དུ་མར་འཕྲོ་བའི་ཟིལ་ཤུགས་ཀྱིས།།
དལ་འབྱོར་འགྲོ་བའི་གྲུ་གཟིངས་ཆུ་ལ་འབྱིང་།།
དེང་དུས་སྐྱེ་བོ་ཀུན་གྱིས་གསང་སྔགས་བྱེ༷ད།།
བྱེ༷ད་པའི་སྙིང་བོར་སེམས་བསྐྱེད་ལས་འབྲས་མེ༷ད།།
མེ༷ད་པས་རྨོངས་པའི་གྲུབ་རྫུན་རིག་བྱེད་ལ༷།།
ལ༷་དང་ལུང་ནས་ཡིད་སེམས་ཀུན་ཏུ་འཁྲུགས།།
མིག་ལྡན་གཡང་དུ་འཆོང་བ་མ་བཟོད་པར།།
སྙིགས་དུས་ཨ་ཏི་ཤ་ཡི་བརྟུལ་ཞུགས་ངང་།།
སྐྱབས་འགྲོ་ལས་འབྲས་མཛུབ་སྟོན་རི་མོ་ཡིས།།
ཐར་བའི་སྒོ་རུ་འཇུག་པའི་གྲངས་མ་རིག།
དེང་འདིར་ཚུལ་འཆལ་དགེ་སྦྱོང་ཤ་ཚུགས་ཀྱང་།།
སྲེད་ལེན་ལྕགས་ཀྱི་མཆེ་བ་རབ་གཙིགས་ཏེ།།
དུད་ཁྱིམ་ཟོང་ཆོས་གྱེར་བའི་འདོད་དབང་ཅན།།
ཁྱེད་ཀྱི་ཆོག་ཤེས་ཀྱོ་བ་རྣོན་པོས་འདུལ།།
དམ་ཚིག་གཙང་མ་རྡོ་རྗེ་མཆུ་སྡེར་གྱིས།།
ཆོས་བརྒྱད་གྱ་གྱུར་འགྲོ་བའི་སྲོག་འཕྲོག་ཅིང་།།
ཚུལ་འཆོས་ན་བུན་སྟུག་པོ་འཐིབས་པའི་ནགས།།
ཚུལ་ཁྲིམས་ཡོན་ཏན་མེ་རིས་ཐལ་བར་བརླགས།།
བསྟན་པའི་ནང་མཛོད་འདུལ་བ་རིན་པོ་ཆེ།།
མིང་གི་ལྷག་མར་གྱུར་པའི་ཚུལ་གཟིགས་ཏེ།།
གཞི་ནས་གསོ་བར་མཛད་པའི་ཚངས་ཐིག་གིས།།
ཉེས་ལྟུང་གཞུ་འཁྱོག་ཚངས་སྤྱོད་མདའ་རུ་བྱས།།
འཁོར་བར་སུན་སྣང་འབྱུང་བའི་སྐྱེ་བོ་རྣམས།།
བག་ཡོད་བཙུན་པའི་འདབ་མ་ལེགས་གསོལ་བས།།
རྣམ་དག་ཚུལ་ཁྲིམས་གུར་ཀུམ་ལང་ཚོ་ཅན།།
གསེར་ལྗོངས་ས་ཁྱོན་འདི་ཡང་དོག་པོར་བྱས།།
ཁྱད་པར་མཁས་པ་བརྒྱ་དང་གྲུབ་པ་སྟོང་།།
ས་འདིར་བྱོན་ཀྱང་འདུལ་བསྟན་ཡིད་བཞིན་ནོར།།
སྤེལ་བའི་ཐབས་མཁས་ཁྱེད་ཀྱི་སྤོབས་པ་ལས།།
བརྒལ་བའི་ཡོན་ཏན་ཕུང་བོ་ཅང་མ་མཆིས།།
ཕྱོགས་མེད་འགྲོ་ལ་ཟབ་ཆོས་བདུད་རྩིའི་ཆར།།
རྒྱུན་མར་འབེབས་པས་གསུང་སྐྱེས་བུ་སློབ་ཁྲོད།།
རིས་མེད་གསར་རྙིང་གྲུབ་མཐའི་སྲོལ་འཛིན་གྱི།།
མཁས་དབང་གྲུབ་ཆེན་རྡུལ་གྱི་གྲངས་ལ་འཕྱ།།
ཆེ་བ་བཞི་ལྡན་ལམ་གྱི་རིམ་པས་ཀྱང་།།
མུ་མེད་སྲིད་མཚོར་བྱིང་བའི་སྐྱ་སེར་ཀུན།།
ངེས་ལེགས་ཐར་བའི་གླིང་དུ་འཁྲིད་པ་ལ།།
ཐེག་པ་ཆེན་པོའི་དེད་དཔོན་གཅིག་པུར་གྱུར།།
གསེར་ལྗོངས་ཕྱག་ན་པད་མའི་འཛུམ་དཀར་གྱིས།།
ཉེ་བར་འཁྱུད་པའི་བཤད་དང་སྒྲུབ་པའི་སྡེ།།
སྟོང་ཕྲག་བརྒལ་བར་རྣམ་དཀར་ལེགས་ཚོགས་ཀྱིས།།
བསྐྱངས་པའི་ཕྱག་རྗེས་སྲིད་གསུམ་བླ་ནས་འབར།།
ཁྱད་པར་རོང་བོ་ཐོས་བསམ་འཁྱིལ་བའི་གླིང་།།
ལུང་རིགས་སྨྲ་བའི་དབང་བོ་སྟག་སེང་ཁྱུ།།
བཤད་སྒྲུབ་བདག་པོར་འགྱིང་བའི་སྐལ་བཟང་ཡང་།།
ཁྱེད་ཀྱི་ཐུགས་རྗེའི་གྲིབ་བསིལ་ཁོ་ན་ལགས།།
གསེར་ལྗོངས་འདིས་མཚོན་རྒྱལ་ཁམས་མཐའ་ཀླས་པར།།
ལུང་རྟོགས་མ་ནོར་སྟོན་པའི་འཕྲིན་ལས་རྒྱུན།།
སྤེལ་བའི་གཤོག་རླབས་ཡངས་པའི་མཁའ་ལྡིང་ཚོགས།།
ཅི་དགར་རྒྱུ་བ་ཁྱོད་ཐུགས་དབྱིངས་ཀྱི་དྲིན།།
རྒྱལ་བ་ལས་ཀྱང་བཀའ་དྲིན་ཆེར་ལྕི་བའི།།
རྣམ་དཀར་མཛད་འཕྲིན་འོ་མའི་བསང་གཏོར་གྱིས།།
ས་ཆེན་སྐྱེ་དགུའི་ཤེས་ཉོན་ཚ་བའི་གདུང་།།
དུས་ཀུན་སེལ་བའི་ཐབས་འཕྲུལ་ལྷོད་མ་མྱོང་།།
འོན་ཏེ་གདུལ་བྱའི་ལེགས་དཀར་གྱི།།
ཟླ་བ་མར་ངོར་གྱུར་པའི་ངོགས།།
སྐྱེ་འཇིག་བྲལ་བ་རྡོ་རྗེའི་སྐུ།།
ཅུང་ཙམ་བསྙུན་པའི་རྣམ་འགྱུར་སྟོན།།
དེ་ཚེ་རི་མོ་གསུམ་པ་ལས།།
ཆོས་གོས་རྣམ་གསུམ་འགར་དགོན་དུ།།
ཕུལ་ཞེས་ངག་རིག་འབབ་པའི་དབྱངས།།
ཐ་མའི་གསུང་དུ་སུ་ཡིས་རྟོགས།།
དགུང་གྲངས་རིག་བྱེད་བཀྲ་ཤིས་བཞད་པའི་ཉིན།།
རྒྱལ་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོ་རུ།།
བཀའ་གདམས་རྣམ་ཐར་སྦས་པའི་བརྟུལ་ཞུགས་ཀྱིས།།
གཟུགས་སྐུའི་ལང་ཚོ་ཆོས་ཀྱི་དབྱིངས་སུ་འདྲེས།།
ཀྱེ་མ་གསེར་ལྗོངས་ས་ཡི་ཀུན་གསལ་ཁྱོན།།
གློ་བུར་སྣ་ཚོགས་ཤིང་རྟ་འཐོར་བ་བཞིན།།
མི་ཤེས་རྨོངས་པའི་མུན་པ་འགེངས་པ་འདིས།།
ཁྱེད་སྐུ་འོད་ཟེར་བསྡུས་པའི་ཚུལ་དུ་ངེས།།
འདི་ན་སློབ་ཚོགས་སྤྲིན་དུ་འཁྲིགས་པ་ལས།།
མྱ་ངན་ཆར་བཞིན་གསོལ་འདེབས་གདུང་དབྱངས་ཀྱིས།།
སྣ་ཚོགས་མཆོད་ཡོན་རྒྱུ་སྐར་བཀྲམ་བྱས་ཏེ།།
ངོ་མཚར་མཛད་འཕྲིན་རི་མོ་སྙིང་ལ་བྲིས།།
བདག་ཅག་འགྲོ་བའི་དད་སྟོབས་ཆུ་ཕྲན་སྟོང་།།
ཁྱེད་ཀྱི་ཐུགས་རྗེ་ཆུ་གཏེར་འབབ་པ་ལས།།
བསླབ་གསུམ་སྒེག་པའི་སྐུ་མཆོག་ག་བུར་དབང་།།
བསོད་ནམས་ནམ་མཁའི་མཐོངས་སུ་མཛེས་གྱུར་ཅིག།
གཞལ་མེད་བཀའ་དྲིན་མ་ལ་ཡར་སྐྱེས་རླུང་།།
ཁོ་བོའི་སྙིང་ལ་རེག་པས་ཡིད་གཡོས་ཏེ།།
མཛད་འཕྲིན་ཟབ་བརླིང་ཟླ་བའི་མ་མ་མཆོག།
ངག་རིག་ཨ་མྲའི་ཚི་གུས་ཅུང་ཙམ་བླངས།།
དགེ་བ་འདི་ཡིས་སེམས་འདུན་ཟེའུ་འབྲུའི་སྟེང་།།
མཁན་ཆེན་བླ་མའི་བྱིན་རླབས་ཡོངས་འཁྱིལ་ཏེ།།
ཕུན་ཚོགས་སྡེ་བཞིའི་དཔལ་ཡོན་འཛུམ་པའི་རོ།།
ཡངས་པའི་རྒྱལ་ཁམས་ཀུན་ཏུ་སྤྱོད་པར་ཤོག།
ཅེས་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་ཆེན་པོ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་གནས་བརྟན་སྡེ་སྣོད་འཛིན་པའི་མཁན་ཆེན་བླ་མ་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨྲས་ན་༧ཡོངས་གྲགས་སུ་འཇའ་མོ་ཨ་ཁུ་ཚང་ངམ་༧རྗེ་བཙུན་དགེ་འདུན་ཆོས་འཕེལ་དཔལ་བཟང་པོའི་རྟོགས་པ་བརྗོད་པ་དགེ་ལེགས་ཨོཾ་ཡིག་འཁྱིལ་བའི་རང་སྒྲ་ཞེས་བྱ་བ་འདི་ནི། གང་གི་ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་ནས་ངུར་སྨྲིག་གི་རྒྱལ་མཚན་ཟླུམ་པོར་གསོལ་བའི་སྐལ་བ་ཐོབ་པ་ཤཱཀྱའི་དགེ་སྦྱོང་གི་གཟུགས་བརྙན་ཅན་རོང་བོ་དགེ་འདུན་དར་རྒྱས་སུ་འབོད་པས་མདོ་སྨད་རེབ་གོང་ལྷ་རིས་སྒྱུ་རྩལ་གྱི་ཞིང་ཁམས་རྐ་སར་དགོན་དགའ་ལྡན་འདུས་བཟང་ཆོས་གླིང་དུ་རབ་རྒྱན་བགྲང་བྱ་ཉེར་གཅིག་པ་ཐམས་ཅད་འདུལ་བའི་ཆུ་སྟོད་ཟླ་བའི་དཀར་ཕྱོགས་རྫོགས་པ་དང་པོར་མཇུག་གྲུབ་པར་བགྱིས་པ་ཛཡནྟུ།། །
1 རེབ་གོང་སྐྱབས་མགོན་ཤར་སྐལ་ལྡན་རྒྱ་མཚོ་ལ་གོ
2 རྫོང་ཆུང་སྤྲུལ་སྐུ་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་གཡེར་གཤོང་ཆོས་པ་རིན་པོ་ཆེ་འཇམ་དབྱངས་དགེ་འདུན་རྒྱ་མཚོ་རྣམ་གཉིས་ཏེ།རེབ་གོང་སྐྱབས་མགོན་བདུན་པ་ཆེན་པོའི་རྒྱལ་ཚབ་ཏུ་བཞུགས་པས་སྐབས་འདིར་ཁོང་རྣམ་པ་གཉིས་ལ་གོ་དགོས།
བདག་ལ་ཁ་དོག་དཀར་དམར་ནས་སློབ་ཁྲིད་མཛད་པོའི་དགེ་རྒན་མཆོག་གི་རྗེས་དྲན་འདི་ལ་རྗེས་སུ་ཡི་རང་ངོ་།། ཁོང་གི་གཟིམ་ཤག་དུ་དཔེ་ཁྲིད་མཛད་བཞིན་པའི་རྣམ་པ་ད་ལྟ་ཡང་གསལ་ལེར་དྲན་ནོ།།
ཨ་མདོ་དགེ་འདུན་ཆོས་འཕེལ་དང་། །
འཇའ་མོ་དགེ་འདུན་ཆོས་འཕེལ་གཉིས། །
དགེ་འདུན་བྱས་པ་འདྲ་ན་ཡང་། །
ཆོས་འཕེལ་གནང་སྟངས་མི་འདྲ་འདུག །