གངས་དཀར་སེམས།
ཉེ་སྔོན་ཙམ་ནས་བཟུང་མི་ང་ཅུང་འདུག་མི་བཟོད་པ་ལྟར་གྱུར་སོང་། གང་ཡིན་ཟེར་ན། རིགས་མཐུན་མང་པོས་ང་མི་ཕྱོགས་རིས་འཐེན་འཁྱེར་ཧ་ཅང་ཆེན་པོ་ཞིག་རེད་ཟེར་ནས་ཕྱི་ནང་གསང་གསུམ་གྱིས་གླེང་བཞིན་ཡོད་འདུག གོ་ཐོས་ལྟར་ན་ངས་རང་ཁོངས་ཀྱི་ཆོལ་ཞེན་ཅན་ཚོ་ཕྱོགས་གཅིག་ཏུ་བསྡུས་ཏེ་ཞེན་ཁོག་སྐམ་པོའི་བསླབ་བྱ་དང་སློབ་གསོ་རྒྱག་པ་དང་། ཆོལ་ཁ་གཞན་གྱི་ཕྱོགས་སུ་སྡང་གཟུགས་ཧ་ཅང་བྱེད་ཀྱི་ཡོད་ལུགས། ཡང་ཕྱོགས་རིས་ཚ་བའི་རྒན་རབས་འདི་ཚོ་མེད་ན་གཞོན་སྐྱེས་ཚོར་ནང་ཁུལ་དུ་ཕྱོགས་རིས་འཐེན་འཁྱེར་མེད་པས་སྔོན་མ་ལས་ཧ་ཅང་འཆམ་མཐུན་ཡོང་སྲིད་སོགས་ཟེར་ནས་བཤད་ཀྱི་ཡོད་འདུག་པར་ཐོས།
ངས་སོ་སོའི་མི་གཤིས་ཀྱི་ལ་རྒྱར་རྡོག་རོལ་དང་ངན་སྨྲ་བྱེད་མཁན་གྱི་གང་ཟག་ཚོས་སྲང་ལམ་དབུས་ཀྱི་གཏམ་འཆལ་དེ་དག་ལ་ཁོང་དགོད་དམ་ཕྲེལ་དགོད་ཤོར་འགྲོ་གི་འདུག་ལ། དེར་ཅི་འདྲ་ཞིག་བཤད་དགོས་མིན་ཡང་ཧ་ཅང་གསལ་པོ་ཞིག་ཤེས་ཀྱི་མི་འདུག་ཀྱང་ངས་འདི་ནས་སོ་སོའི་མི་གཤིས་དང་ལ་རྒྱ། བོད་ཁ་བ་མི་རིགས་འདི་ལ་བཅང་པའི་ལྷག་བསམ་རྣམ་དག་ལ་རྨ་མེད་ཅིག་ཡིན་བསམ་པའི་སྤོབས་པ་དེ་ཡོད་དུས་བསམ་མེད་ཚོས་ང་ལ་ལོག་སྨྲ་བྱེད་པར་དག་སེལ་གཅིག་མི་བྱེད་ཁག་མེད་གྱུར་སོང་།
སྔོན་ལ་ང་རང་སོ་སོ་ངོ་སྤྲོད་མདོར་བསྡུས་ཙམ་བྱེད་ན། ང་ནི་རང་ས་ཤོར་དུས་ཕོ་ལོ་བཅུ་གཉིས་ཙམ་ཡིན། བོད་ས་ཤོར་སྐབས་སུ་ངའི་ནང་གི་ཨ་ཕ་དང་ཨ་ཁུ་གསུམ་དགྲ་དམར་པོ་དང་འཛིང་ནས་འཐབ་སར་འདས་གྲོངས་སུ་གྱུར་སོང་བ་རེད། དེ་རྗེས་ཨ་མ་ཐབས་ཟད་འུ་ཐུག་སྟེ་ང་དང་སྤུན་ཡ་བུ་གཅིག་ཡུལ་གཅིག་པ་འགའ་དང་ལྷན་དུ་རྒྱ་གར་ལ་བྲོས་འགྲོ་དགོས་ལུགས་གསུངས་ནས་བཏང་བ་རེད། སྐབས་དེའི་དུས་སུ་ངའི་སེམས་པ་ཧ་ཅང་སྐྱོ་ཞིང་ད་ཡོངས་རྫོགས་ཚར་སོང་བསམ་ནས་ལུས་སེམས་གཉིས་ཉམས་དམའ་པོར་གྱུར། ཡིན་ཡང་སྐབས་དེར་ཨ་མས་གཏམ་ཆ་བསླབ་བྱ་བརྒྱབ་པ་ལྟར་མ་འོངས་པར་ཕ་ས་མ་གཞིས་འདིའི་ཆེད་དུ་གཅིག་བྱ་ཨེ་ཐུབ་ལྟ་དགོས་ཨང་བསམ་པའི་སེམས་ཤུགས་ཅིག་སྐྱེས་སོང་། ང་རྒྱ་གར་སླེབས་རྗེས་རྩ་བའི་བླ་མའི་གསུང་ཐོས་པ་མ་ཟད་རང་རིགས་ཡུལ་གྱར་བ་རྣམས་ཀྱིས་ཚ་ཚ་འུར་འུར་གྱིས་ལས་དོན་འགོ་བརྩམས་ནས་མ་འོངས་པའི་མི་རིགས་འདིའི་ཆེད་དུའང་གཅིག་བྱ་རྩིས་འདུག་བསམ་ནས་སེམས་ཤུགས་ཆེ་རུ་སོང་། དེ་རྗེས་ངས་རྩ་བའི་བླ་མ་མཇལ་དུས་ངས་ངའི་ཨ་ཕ་དང་ཨ་ཁུ་ཚོས་དགྲ་བོ་བསད་པ་དེ་ནང་ཆོས་དང་ཁྱོན་ནས་འགལ་གྱི་མེད། དགྲ་བསད་པ་དེར་སྡིག་པ་མེད་སོགས་ཞུས་པར་ཚང་མས་དེ་རྗེས་ངའི་སྐད་ཆ་དེ་ས་གྲགས་གནམ་གྲགས་བཟོས་ཏེ་ང་ལ་འཕྱ་དམོད་བྱེད་ས་ལྟ་བུར་གྱུར་འདུག འོན་ཀྱང་ང་རང་ལྷག་བསམ་རྣམ་དག་གིས་ནང་པ་དང་མི་རིགས་འདིའི་བསྟན་པའི་དགྲ་བོ་འདུལ་བར་སྡིག་པ་རྩ་བ་ནས་མེད་བསམ་པ་དེ་ད་དུང་ཡིན་ཡང་འགྱུར་མ་མྱོང་། དེ་ནས་ང་རྒྱ་གར་དུ་འབྱོར་ཚར་རྗེས་ཀྱང་གཞུང་འབྲེལ་གྱི་ལས་དོན་ཆེ་ཕྲ་ཁག་ལ་ཧུར་བརྩོན་ཆེན་པོས་བཞུགས་མོད། ད་ང་ད་ལྟའི་ཆར་ལ་ཁའི་ཉི་མའི་དུས་ལ་སླེབས་ཟིན། ང་རང་གིས་མི་རིགས་འདིར་བཅང་བའི་རེ་འདུན་དང་ལྷག་བསམ་དེར་རྨ་མེད་ཅིག་ཡིན་བསམ་པ་ཡིན་ཡང་ད་ནས་རང་རིགས་ཀྱི་གནས་སྟངས་སྐྱུར་མོར་ཕྱོགས་དགོས་ཤིང་ང་མི་རྒན་ཤི་ཁར་སེམས་ཁོང་རུས་པའི་གསེང་གི་སྡུག་ཡུས་དེ་སུ་ལ་བཤད་ཨང་བསམ་ནས་སེམས་ནང་མིག་ཆུའང་ཐེངས་མང་ཤོར་ཡོད།
ད་སྡུག་ཡུས་བཤད་རྒྱུ་བཞག་ནས་གཞན་གྱིས་ང་མི་རྒན་ལ་ངན་སྨྲས་བྱས་པ་དག་ལ་འདི་ནས་ལན་ཞིག་སྤྲོད་དགོས་བསམ། ཐོག་མར་ང་མི་རིགས་ཀྱི་ཞེན་ཁོག་ཆེན་པོ་ཅན་ཞིག་ཡིན་པར་ངོས་ལེན་གཙང་མ་བྱེད་ཀྱི་ཡིན་ལ་དེ་ནི་ངའི་སེམས་ཀྱི་སྤོབས་པ་ཞིག་ཀྱང་ཡིན། དེ་ནས་ངས་མི་རིགས་འདིར་བརྩེ་ཞེན་དང་སེམས་ཤུགས་མ་ཆགས་པར་ཧུར་བརྩོན་བྱེད་མཁན་རིགས་མཐུན་གྱི་ཕོ་མོ་རྒན་གཞོན་སུ་འདྲ་ཞིག་ཡིན་ཡང་དེ་ལ་ཕྱི་ནང་གསང་གསུམ་མམ་ལུས་ངག་ཡིད་གསུམ་ནས་ཐེ་ཚོམ་ཙམ་མི་དགོས་པར་རྒྱབ་སྐྱོར་ཐ་གཅིག་ཏུ་བྱེད་མཁན་ཡིན་སྙམ། ངས་དེ་དག་ལ་རྒྱབ་སྐྱོར་བྱེད་སྟངས་དེའང་མཚམས་རེར་སྤྱང་གྲུང་ཅན་གྱི་མི་ཚོས་ཟེར་བ་ལྟར་ཁ་ཙམ་གྱི་རྒྱབ་སྐྱོར་ཡིན་སྲིད་མོད། འོན་ཀྱང་དེ་ནི་ངའི་སེམས་གཏིང་གི་ཤེས་ཚོར་ངོ་མ་ཞིག་ཡིན་པས་འགྱོད་པ་སྤུ་ཙམ་མེད། ངས་རྒྱུ་ནོར་གྱིས་སེམས་ཤུགས་ཅན་དང་ལ་རྒྱ་ཅན་གྱི་སྤུན་ཟླ་དེ་དག་ལ་རོགས་སྐྱོར་བྱེད་ཐུབ་ན་ལོས་དགའ་ཡང་ང་ལ་དངུལ་སྒོར་དང་རྒྱུ་ནོར་གསོག་སྒྲུབ་བྱེད་པའི་འཇོན་ཐང་དེ་མི་འདུག མཚམས་རེར་བསམ་བློ་ཞིབ་ཏུ་གཏོང་ན་ང་ལ་དེ་འདྲ་འཇོན་ཐང་མེད་པའང་རེད་མི་འདུག་སྟེ་ངས་བྱ་བ་དེར་དོ་དབྱིངས་ཁྱོན་ནས་མེད་པས་ཡིན།
ད་ངས་སྲང་ལམ་གསེང་གི་སྐད་ཆ་དེ་དག་གིས་ང་ལ་ངན་སྨྲ་བྱེད་པའི་གཞི་རྩ་ཅི་ཞིག་ལ་བརྗོད་ཀྱི་ཡོད་མེད་སྐོར་འདིར་རེ་རེ་བཞིན་དཔེ་མཚོན་བཀོད་ན་བསམ།
དང་པོ། ངས་ཆོལ་ཁ་གཅིག་པའི་མི་དེ་དག་མཉམ་དུ་རུབ་ནས་ཆོལ་ཞེན་བྱེད་ཀྱི་འདུག་ཟེར་བའི་སྐོར།
ང་ཆོལ་ཁ་ག་གེ་མོའི་ཁོངས་སུ་རྟོགས་ཤིང་ངའི་ཁྱིམ་མི་སྤུན་མཆེད་དང་བཅས་དབར་འཆམ་མཐུན་ནམ། འགྲོག་འབྲེལ་དམ་ཟབ་ཡོད་པ་ཡིན།
དེ་འདྲ་ཁྱིམ་མི་གཉེན་ཉེ་དང་བཅས་པ་རྒྱུན་དུ་འཆམ་མཐུན་དམ་ཚིག་རྡོག་རྩ་ཆིལ་སྒྲིལ་ཐུབ་ཡོད་པ་གྲུབ་འབྲས་འདི་གཙོ་བོ་ཆོལ་ཁ་གཞན་ནས་ཡིན་པའི་ངའི་ཡ་རབ་ཉམས་ཆུང་གི་བཟའ་ཟླ་མོ་ཁོང་མོའི་བྱས་རྗེས་ཉག་གཅིག་ལ་བརྩི་བཞིན་ཡོད། སྤྱིར་ན་ང་མི་རྒན་སྲོལ་རྒྱུན་རིགས་མཐུན་གྱི་གཤིས་ཀ་ངན་པ་དེ་ལུས་ལ་འགྱར་ནས་སྒྱིད་ལུག་ཆེན་པོ་ཞིག་ངོ་མ་ཡིན་བསམ་གྱི་ཡོད། ཁྱིམ་མི་སྤུན་ཉེ་སུ་འདྲ་ཞིག་ངའི་སར་སླེབས་ན་ང་ཡར་ལང་ནས་སྣེ་ལེན་བྱེད་པ་དང་ཇ་བླུགས་ཟས་སྦྱོར་ལྟ་བུ་བྱེད་ཤེས་མཁན་ཞིག་མིན། དེ་སྔོན་གྱི་ལུགས་སྲོལ་ལྟར་ན་ནང་མི་ཚོར་བཤད་ག་ལ་དགོས་ཏེ། གཞན་ཕྱི་མི་འདྲ་ཞིག་ངའི་ནང་དུ་སླེབས་ན་དེ་ནི་སེམས་ཉེ་པོའི་སྒོ་ནས་སླེབས་ཡོད་པ་ལས་ངོ་ཤེས་མིན་པའི་མགྲོན་པོ་སྣེ་ལེན་བྱེད་སྟངས་ལྕེ་མནར་མགོ་སྒུར་བྱེད་སྲོལ་ཞིག་ང་ལ་མེད། དེ་བཞིན་གྲོགས་ཉེ་པོ་འགའ་རེས་ཐད་ཀར་ནང་དུ་ཡོང་ནས་ལྐོམས་སོང་ན་ངའི་ཁྱིམ་ནས་རང་འགུལ་གྱིས་ཇ་བླུགས་འཐུང་བ་དང་། ཡང་ན་ལྟོགས་ཀྱི་འདུག་ན་ཟས་འཚོལ་ནས་ཟ་བ་བཅས་ནི་ངེད་ཚང་གི་ལུགས་སྲོལ་རང་བཞིན་ཅན་ཞིག་ཡིན། དེང་སང་གི་མི་འགའ་རེས་དེ་ནི་ཧ་ཅང་སྡུག་ཆགས་ཀྱི་ལུགས་སྲོལ་ཞིག་ལ་བརྩི་སྲོལ་འདུག ང་བོད་པའི་མི་རྒན་ཞིག་ཡིན་པས་དེ་འདྲའི་རྣམ་རྟོགས་ལ་ཁྱོན་ནས་དགའ་པོ་བྱེད་འདོད་མེད། ངའི་ཕ་མེས་ཡང་མེས་ནས་དེ་འདྲ་ཡིན། དེ་ལ་སྐྱོན་ཆེན་པོ་མེད། གཙོ་བོ་བུད་མེད་ཚོས་མི་སུ་གཅིག་མིག་གཅིག་གིས་སུ་གཅིག་མུ་གཅིག་གི་ཁྱིམ་ལ་སོང་ནས་ཟ་ལྟུངས་མང་པོ་བྱེད་ཀྱི་ཡོད་སྐོར་དང་ཟ་དང་ཟུར་གྱི་གནས་ཚུལ་རིགས་མང་པོར་ལྐོགས་བཤད་བྱེད་སྲོལ་ཡོད་པ་འདྲ། ངས་ཀྱང་དེའི་སྐོར་ཞིབ་ཕྲར་མི་ཤེས། འོན་ཀྱང་དེ་ནི་ངའི་བཟའ་ཟླ་མོས་ནམ་ཡང་བྱེད་མ་མྱོང་བའི་བྱ་བ་ཞིག་རེད། དེ་ལས་ལྡོག་སྟེ་ངའི་བཟའ་ཟླ་མོས་ཕྱི་མིར་སྣེ་ལེན་བྱེད་པར་ཧ་ཅང་དགའ་སྣང་བྱེད་མཁན་ཞིག་དང་། དེ་དག་ལ་མིག་ལོག་ཙམ་དང་ཁ་རྩུབ་ཙམ་ཡང་མི་བཤད་པར་ཤིན་ཏུ་ནས་སྙེང་ཉེ་པོ་བྱེད་མཁན་ཞིག་ཡིན། དེར་བརྟེན། དུས་རྒྱུན་དུ་ངའི་ནང་དུ་གྲོགས་ཕོ་མོ་སོགས་ཡོང་མཁན་རྒྱུན་མི་ཆད་པ་ཡིན། དེའི་ནང་གཙོ་བོ་ངའི་སྤུན་མཆེད་ཚོ་བཤད་ག་ལ་དགོས་ཏེ། ཕྱི་མིའམ་གྲོགས་ཕོ་མོ་རྒན་གཞོན་སུ་འདྲ་ཞིག་ཡིན་ཡང་ངའི་ནང་ལ་ཡོང་ནས་ཅི་འགྲོས་མི་འགྲོས་བཤད་རྒྱུ་དང་། མཉམ་དུ་ཇ་འཐུང་ཁ་བརྡ་བྱེད་རྒྱུར་དགའ་སྣང་ཆེ། སྐབས་དེར་ངས་ཁྱིམ་ནང་ཡོང་མཁན་གྱི་གྲལ་དུ་སྐྱ་སེར་ཕོ་མོ་རྒན་གཞོན་སུ་འདྲ་ཞིག་ཡིན་ཡང་སེམས་བཟང་པོ་དང་གུ་ཡངས་པོ། གཞན་ཕན་གྱི་སེམས་རྩ་ཡོད་མཁན་གྱིས་རང་གཞན་སུ་ལའང་གནོད་མི་སྐྱེལ་མཁན་གྱི་ནང་པ་ཚད་ལྡན། དེ་བཞིན་མི་རིགས་འདིར་ལ་རྒྱ་དང་བརྩེ་བ་བཅང་ཤེས་མཁན། བྱ་བ་ཅི་ཞིག་ཡིན་ཡང་ལ་རྒྱ་དེ་འདྲ་ཞིག་མ་བོར་བའི་སྒོ་ནས་རྒྱལ་སྤྱི་དང་། ས་གནས་གང་དུ་ཡོད་ན་མི་རིགས་ཀྱི་ལ་རྒྱ་དང་འབྲེལ་ནས་ལས་འགུལ་ལམ་བྱ་བ་གང་ཐུབ་སྤེལ་མཁན་སུ་འདྲ་ཞིག་ཡིན་ཡང་ང་དེ་དག་ལ་ཧ་ཅང་དགའ་སྣང་ཞིག་ཚོར་གྱི་ཡོད་ལ། དེ་དག་ལ་ལུས་ངག་ཡིད་གསུམ་ནས་ཕན་ཐབས་གང་ཐུབ་བྱེད་བསམ་པའི་ལྷག་བསམ་རྨ་མེད་ཅིག་ལ་དོགས་པ་དགོས་དོན་རྩ་བ་ནས་མེད་བསམ་ཡོད། དེ་ལྟར་ངའི་ནང་ལ་ཡོང་མཁན་ཇེ་མང་ནས་ཇེ་མང་འགྲོ་བཞིན་པའི་ནང་མང་ཆེར་ནི་སྤུན་མཆེད་དང་ཕ་ཡུལ་གཅིག་པ། གྲོགས་འབྲེལ་ཆེན་པོ་ཡོད་མཁན་ཤ་སྟག་ཡིན་དུས། ང་ཚོའི་ཁ་བརྡའི་ནང་དོན་དུའང་ང་རང་གི་ལང་ཕྱོགས་དང་ལྟ་བ། དྲང་བདེན་དང་གནས་ལུགས་ཡིན་བསམ་པ་དེ་དག་གཞན་ལ་བཤད་རྒྱུ་དགའ་པོ་ཡིན། ད་ག་རེ་ཡིན་ན་མི་ཤེས། མི་མང་པོས་ངའི་བསམ་ཚུལ་ལ་རྒྱབ་སྐྱོར་དང་མོས་མཐུན་ཡང་མཚོན་དུས་ང་རང་ཡང་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་ཆགས་ཀྱི་ཡོད། ཡིན་ཡང་ངས་ཀྱང་དེའི་ནང་གི་ལ་ལས་ངའི་ལྟ་བར་དགག་པ་རྒྱག་མཁན་ཚོའི་རྒྱུ་མཚན་ལའང་ཧ་ཅང་གཟབ་ནན་གྱིས་དབྱེ་ཞིབ་བཟོ་གི་ཡོད་མ་གཏོགས་ངས་དབྱུག་པས་ལེབ་རྡུང་བྱེད་བསམ་པ་མེད།
དེ་བས་ང་ཚོའི་ཁ་བརྡའི་ནང་དོན་དུ་ག་གེ་མོའི་སྐྱོན་ཆ་བརྗོད་དུས་ག་གེ་མོ་དེ་ཏག་ཏག་ཆོལ་ཁ་གཞན་གྱི་མི་ཡིན་ན་དེ་ནི་རང་བཞིན་གྱིས་ཆོལ་ཁ་གཞན་གྱི་མི་ཚོས་སྐྱོན་བརྗོད་བྱེད་ས་གཙོ་བོར་གྱུར་གྱི་འདུག་པ་དེ་ནི་རྣམ་པ་གཅིག་རེད། འོན་ཀྱང་ངས་ཅི་ཡིན་ན་མི་ཤེས། ཆོལ་ཁ་གཞན་ཡིན་ནའང་འདྲ། ལྟ་བ་མི་མཐུན་མཁན་ཡིན་ནའང་འདྲ། ཕོ་མོ་རྒན་གཞོན་སུ་འདྲ་ཞིག་ཡིན་ཡང་དེ་དག་གིས་ང་ལ་སྐྱོན་བརྗོད་བྱེད་དུས་ཁུངས་ལུང་དཔང་རྟགས་དང་བཅས་ཀྱིས་ངས་ཟླ་བ་ཚེས་གྲངས་དེ་འདྲ་ཞིག་ལ་རྐུ་མ་དེ་བརྐུས། ངས་སྐྱག་རྫུན་དེ་བཤད། ངས་གཞུང་དང་སྤྱི་ལ་གནོད་པའི་བྱ་བ་དེ་བྱས། ངས་ལྐོགས་ཟ་རུས་སྲུང་དེ་བྱས། ངས་མི་བསད་རྟ་འགྱེལ་གྱི་ལས་ངན་དེ་ལས། ངས་མི་དགེ་བའི་ལས་ངན་དེ་འདྲ་དང་འདི་འདྲ་བྱས་སོང་སོགས་རྒྱུ་མཚན་དང་ཁུངས་ལུང་བགྲང་རྒྱུ་མེད་པར་ངས་ཉེ་འཁོར་གྱི་མི་མང་པོ་དང་མཉམ་འདུས་བྱས་འདུག དེའང་ངའི་ཕྱོགས་རྟོགས་ཀྱི་མི་རེད་འདུག་ཟེར་ནས་བཤད་ན་ངས་དེར་ངོས་ལེན་རྩ་བ་ནས་མེད། གང་ཡིན་ཟེར་ན། ང་ལ་སྐྱོན་བརྗོད་བྱེད་མཁན་ཚོས་ང་ཚོ་ཕྱོགས་རྟོགས་ཚོས་དོན་དག་ཅི་ཞིག་བཤད་ཀྱི་ཡོད་མེད་ལ་མ་ལྟོས་པར་ཁོ་ཚོ་མཉམ་རུབ་བྱེད་ཀྱི་འདུག་ཁོ་ན་ཙམ་གྱིས་སྐྱོན་བརྗོད་དེ་ནི་ངའི་སྐྱོན་དུ་མི་འགྲོ་བ་ལེགས་ཆར་འགྲོ་བའི་རྒྱུ་རུ་ཟད་དོ།
དེ་མིན་གྱི་གནས་སྟངས་འགའ་ནི། ཕྱོགས་གཅིག་ཏུ་འདུས་ནས་གང་ཟག་ག་གེ་མོས་ངན་སྤྱོད་བྱས་ཟིན་ནའང་ངོ་མི་གནོང་བར་གང་ཟག་དེ་ཁོ་ནར་སྲུང་སྐྱོབས་ཡོང་ཆེད་ཕྱིར་བདེན་པར་རྡོག་རོལ་གཏོང་བ། སོ་སོའི་ཕྱོགས་རྟོགས་ཚོའི་ཁེ་བཟང་དེ་ཁོ་ན་སྲུང་ཕྱིར་གཞན་གྱི་དྲང་བདེན་གྱི་བསམ་འཆར་དང་ཡང་ན་རྒྱུ་མཚན་ཡོད་པའི་སྐྱོན་བརྗོད་ལ་ངན་དམད་དང་ཁོང་ཁྲོ་ཡིས་གོ་བསྡུར་བྱེད་ས་མི་སྤྲོད་པར་ཐ་གཅིག་ཏུ་འབུར་འཇོམ་བྱེད་བསམ་ན་དེར་ངོས་ལེན་སུ་ཡིས་བྱེད་ཐུབ་བམ། དེ་འདྲ་ཡིན་དུས་ངས་ཕྱོགས་རིས་འཐེན་འཁྱེར་བྱས་སོང་ཟེར་བའི་གཏམ་འཆལ་དེ་དག་ལ་ངོས་ལེན་བྱེད་འདོད་མེད་པའི་རྒྱུ་མཚན་དེ་འདྲ་ཡིན།
དེའང་བརྗོད་གཞི་གཞན་ཞིག་ནི་ང་དེང་སང་གི་གཞོན་སྐྱེས་ཚོས་ཕྱོགས་རིས་འཐེན་འཁྱེར་བྱེད་ཀྱི་ཡོད་མ་རེད་ཟེར། ངས་ངར་ཤུགས་ཆེ་ཙམ་བཤད་ན། དེང་གི་གཞོན་སྐྱེས་ཚང་མ་དེ་འདྲ་རེད་ཟེར་གྱི་མེད་དེ་གཞོན་སྐྱེས་ཚོགས་གཅིག་དེང་གི་དུས་འདིར་ར་མ་ལུག་གི་བསམ་བློ་ཅན། ཕྱི་ལུགས་ཁོ་ནར་སེམས་པ་ཤོར་མཁན། སོ་སོའི་རིག་གཞུང་དང་སྐད་ཡིག་ལ་སྣང་མེད་དང་བེད་མེད་དུ་ངོས་བཟུང་མཁན། ཡར་ལྷ་ལ་མི་ཐེ་ལ་མར་འདྲེའི་གྲལ་ལའང་མི་ཚུད་པའི་རིགས་གཅིག་ཡོད།
དེ་ཚོ་ལ་མི་རིགས་ཀྱི་ལ་རྒྱ་དང་བཟང་པོའི་ཀུན་སྤྱོད། རང་སོ་སོའི་ནོར་བུར་ནོར་ཉམས་མ་ཆོད་མཁན། གཞན་གྱི་དགེ་མཚན་ཏིལ་འབྲུ་ཙམ་ལའང་ས་འཕྱར་གནམ་འཕྱར་གྱིས་ཡིད་སྨོན་འཆོར་མཁན། ཕྱི་ལུགས་ཀྱི་ཤེས་རིག་ལེགས་ཆ་དག་ལ་རྒྱུས་ལོན་སྤུས་དག་མེད་པའི་ཁར་འཆལ་སྤྱོད་དང་ལོག་ལྟ། ལོག་འཚོ་དང་འདོད་ཧམ་སོགས་ལ་སྦྱོང་ནས་སོ་སོའི་དགེ་མཚན་བརླག་འདོད་མཁན་སོགས་སོ་སོའི་ཕྱོགས་ཀྱི་ལེགས་ཆར་དོན་མེད་ཀྱི་མཆི་མ་གཏོར་ནས་གཞན་གྱི་ཡོད་ཚད་ལ་ཡིད་སྨོན་བྱེད་མཁན་ཀླད་མེད་ཀྱི་གཞོན་སྐྱེས་རིགས་གཅིག་དེ་དག་ལས་ང་རང་བཟང་བ་ཡོད་པ་ཚོར་གྱི་འདུག འོན་ཀྱང་གཞོན་སྐྱེས་ཀླད་སྟོང་དེ་དག་གིས་ཀྱང་ང་ཚོ་རྒན་རབས་ཚོར་ཕྱོགས་གང་ས་ནས་སྐྱོན་མ་གཏོགས་དགེ་མཚན་མཐོང་གི་མེད་དུས་ངས་འདི་ནས་དག་སེལ་གཅིག་གཅིག་གཉིས་གཉིས་བྱེད་འདོད་མེད། དེ་བས་གཞོན་སྐྱེས་དེ་ཚོས་མི་རིགས་འདིའི་ལེགས་ཆ་མཐོང་ཞིང་། དོན་དག་དེ་འགྲུབ་མིན་གང་ལྟར་ཡང་། རྒན་རབས་ཚོར་གང་ཐུབ་སྐྱོན་བརྗོད་བྱེད་མཁན་ཀླད་སྟོང་གི་གཞོན་སྐྱེས་དེ་དག་གིས་བོད་མི་རིགས་འདིའི་མི་རབས་ཚ་རྒྱུད་ཅིག་ལ་དགོས་ངེས་ཀྱི་སྤོབས་པ་དང་ལ་རྒྱ་བཅང་ཞིང་། ང་ཚོའི་མི་རིགས་འདི་ལ་ཡོད་པའི་ཡ་རབ་བཟང་སྤྱོད་གཙོས་རིག་གཞུང་དག་བདག་ཉར་ཐུབ་པའི་སྨོན་ལམ་སྐམ་པོ་ཞིག་ངའི་སེམས་ནས་ཐར་སོངོ་།
སྤྱིར་ན་སྐྱ་སེར་རྒན་གཞོན་ཡོངས་ལ་དགེ་སྐྱོན་གཉིས་ཀ་ཡོད་པ་སྨྲོས་མི་དགོས། འདིའི་སྐོར་ངས་སོ་སོའི་སེམས་ཚོར་ཙམ་བཤད་པ་ལས་གཞོན་སྐྱེས་ཡོངས་ལ་དམིགས་པ་མིན་ཏེ་ནང་ཆོས་ཀྱི་དོན་དམ་པ་དང་འགལ་བའི་ལོག་འཚོ་ལྟ་བུའི་རིགས་མཐུན་འགས་ང་ལ་ཕྱོགས་རིས་འཐེན་འཁྱེར་གྱི་གཏེ་བོ་རེད་ཟེར་དུས་ངས་འདི་ནས་ཁྱོད་ཚོས་ང་ལ་ངན་སྨྲས་དེ་འདྲ་ད་དུང་ཅི་ཞིག་ཡོད་ཀྱང་སྐྱོན་མི་འདུག མི་ངས་ཁ་ཙམ་མིན་པར་བཤད་འདོད་པ་ནི། ངའི་བཟའ་ཟླ་མོ་ཆོལ་ཁ་གཞན་ཞིག་ནས་ཡིན། ངའི་མག་པ་དེའང་ཆོལ་ཁ་གཞན་ཞིག་ནས་ཡིན། ངའི་ནང་མིར་ཆོལ་ཁ་གསུམ་ཀའི་མི་སྣ་འཛོམས་ནས་ཡོད། ངས་སོ་སོའི་ཕྲུ་གུ་ཚོར་མ་འོངས་པར་རིགས་མཐུན་གྱི་བཟའ་ཟླ་ཞིག་འཚོལ་ནས་རང་མི་རིགས་འདིའི་ལེགས་ཆ་རྒྱུན་འཛིན་དགོས་ལུགས་སྐོར་བསླབ་བྱ་སྤྲོད་པ་ལས། ངེས་པར་དུ་ཆོལ་ཁ་རང་ཁོངས་ནས་མག་པའམ་མནའ་མ་འཚོལ་དགོས་པའི་རེ་འདུན་ཟུར་ཙམ་ཡང་སྟོན་མ་མྱོང་། ངས་དེ་བས་མི་རེ་བཟུང་གིས་བྱེད་སྟངས་ལྟར་ཕྲུ་གུ་ཚོར་ཕྱི་ནང་གསང་གསུམ་གྱི་ཁོར་ཡུག་སྐྲུན་ནས་རང་ཆོལ་ཁོངས་ཀྱི་དགའ་རོགས་སམ་བཟའ་ཟླ་ཞིག་འགྲིག་ཐབས་བྱས་མ་མྱོངས།
ད་ཡང་ངས་མང་པོ་བཤད་འདོད་མེད། དེ་བས་བརྗོད་གཞིའི་དཀྱུས་ལ་སོང་ན། འདི་ནས་ཕྱོགས་རིས་འཐེན་འཁྱེར་གྱི་གཏེ་པོ་རེད་ཟེར་བའི་ངས་དེ་མེད་པར་བཟོ་བའི་ཐབས་འགའ་སྟོན་སྙིང་འདོད།
གཅིག ཐོག་མར་སོ་སོའི་ངོས་ནས་བཟང་པོའི་རྩ་དོན་བརླག་མི་ཉེན་པར་རང་ཚུགས་བཟུང་དགོས།
དཔེ་མཚོན་བཞག་ན་གཅིག་གཅིག་གཉིས་གཉིས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་སྒེར་གྱི་སེམས་སུ་ཡོད་པའི་བཟང་པོའི་རྩ་དོན་དང་འགལ་འཛོལ་རྩ་བ་ནས་བཟོ་རྒྱུ་མེད།
གཉིས། མི་ཟེར་གཡམ་རྒྱུགས་དགོས་དོན་མེད། དཔེར་ན་ངའི་ཕ་མ་སྤུན་མཆེད། ངའི་ཕ་ཡུལ་གཅིག་པ། ངའི་གྲོགས་ཕོ་མོས་བཤད་པའི་རྐྱེན་གྱིས་སོ་སོའི་ལེགས་ཉེས་འབྱེད་པའི་རྩ་དོན་དེ་དོར་མི་རུང་།
གསུམ། གཞན་གྱིས་ཁ་མཁས་གཡོ་གཏམ་བཤད་ནས་ཕ་ཡུལ་གཅིག་པའམ་གྲོགས་ཀྱི་མིང་ཁ་ལ་ཁུར་ནས་མི་རིགས་འདིའི་ནང་ཁུལ་གྱི་མཐུན་ལམ་ལ་གནོད་གཞིའི་ལས་ངན་ཅི་འདྲ་ཡིན་ཡང་བཞུགས་མི་ཉེན།
བཞི། སོ་སོའི་སྒེར་གཅོད་དམ་ཁེངས་དྲེགས། ཕྱོགས་གཏོགས་ཚོའི་དམིགས་ཡུལ་བཅས་ལ་བརྟེན། སོ་སོས་ལས་ནོར་འཁྲུལ་བྱས་པ་ཙམ་མ་ཟད། སོ་སོའི་ཕྲུ་གུ་གཙོས་གཞོན་སྐྱེས་ཚོའི་བསམ་བློ་ལའང་དེའི་དུག་རྩའི་ས་བོན་འདེབས་འདོད་ཀྱི་ཧམ་སེམས་དེ་ངེས་པར་དུ་འགོག་ཐབས་བྱེད་དགོས།
ལྔ། དགེ་མཚན་དང་བཟང་ཕྱོགས་ཅི་འདྲའི་དོན་ཞིག་སུ་འདྲའི་ཕྱོགས་ལ་ཡོད་ན་དེ་ལ་རྗེས་སུ་ཡིད་རང་དང་རྒྱབ་སྐྱོར་བྱ་ཐབས་ལས་གཞན་དེ་སོ་སོའི་ཕྱོགས་གཏོགས་རེད་འདུག་མིན་ལྟ་རྒྱུ་དེ་གཙོ་བོ་འཛིན་མི་རུང་།
དྲུག སྤྱི་མཐུན་གྱི་ཁེ་ཕན་ཆེད་དུ་སྒེར་སེམས་ཀྱི་ཁེངས་དྲེགས་ཆུང་ངུ་དེར་ཡིད་ཚིམས་པར་ཡོང་ཕྱིར་དགེ་ལས་དང་བཟང་སྤྱོད་དང་ཡོངས་སུ་འགལ་བའི་ལས་ངན་སྤོང་ཐབས་དགོས་པ་བཅས་མཐོང་དུས་རང་གཞན་རོགས་གསུམ་སུ་འདྲ་ཞིག་ཡིན་ཡང་སོ་སོས་སོ་སོར་དུས་དང་རྣམ་པ་ཀུན་དུ་གདམ་པ་གནང་སྐྱོང་ཡོང་བ་ཞུ།
ཡིག་ཉོག་མང་བའི་ཀློག་ཡེ་ལ་སྤྲོ་བ་མ་བྱུང་།
ཁྱེད་རང་སུ་ཡིན་མ་ཤེས་ ཡིན་ན་རང་གིས་རང་བཀྱག་ སྐྱག་པས་རྐུབ་སྐྱག་ཟེར་།
གངས་དཀར་སེམས། ཁྱེད་ཀྱི་ཕྱོགས་རིས་འཐེན་འཁྱེར་ཞེས་པའི་རྩོམ་འདི་གནད་དོན་གལ་ཆེ་ལ་སོང་བསམ་ཚུལ་འགའ་ཞུ་འདོད་བྱུང་།
༡༽ ཁྱེད་ལ་གཞན་གྱིས་ཕྱོགས་རིས་འཐེན་འཁྱེར་འདུག་ཟེར་བར་མ་བཟོད་པའམ་མི་འདོད་པས་རྩོམ་འདི་སྤེལ་སྟབས་ལ་ངས་ཞིིབ་ན་གཞན་ཕྱོགས་ཀྱི་ཕྱོགས་རིས་ཨེ་ཡོད་སྙམ།
༢༽ གནད་དོན་གཞན་ནས་ཞིབ་ན་དོག་གཞི་ཡང་འདུག་པ་དཔེ་ན།
ཀ། ཁྱེད་ནས། རིགས་མཐུན་མང་པོས་ང་མི་ཕྱོགས་རིས་འཐེན་འཁྱེར་ཧ་ཅང་ཆེན་པོ་ཞིག་རེད་ཟེར་། ལྟར་ན་ རིགས་མཐུན་པས་ཟེར་དུས་ཟབ་དགོས་པའི་གནས་ཞིག་ཡིན་སྲིད། གཉིས་སུ་ཁྱེད་ཀྱི་རྩོམ་ནང་རིགས་མཐུན་རིགས་མཐུན་ཞེས་ལན་ཤས་བཀོད་སྟབས་ལ་ཞིབ་ན་ཕྱོགས་རིས་ཀྱི་དོག་ཀྱང་ཆོལ་ཁའི་ཞན་ཕྱོགས་ཀྱི་འཐེན་འཁྱེར་ཕྱོགས་ཉེ་དུས་ཀྱི་སྲིད་སྐྱོང་འོས་བསྡུའིོ་ལབ་རྙོག་ལྟ་བུ་མ་བྱུང་བ་ང་ཚོས་ཡིད་ཟབ། དེ་མིན་དཔེ་འགའ་ཡོད་འདུག་ཀྱང་ཞུ་ཡི་མིན།
ཁ། དགྲ་བསད་པ་དེར་སྡིག་པ་མེད་སོགས་ཞུས་པར་། ཁྱེད་ཀྱི་བསམ་ཚུལ་རེད། བྱུང་རྐྱེན་དངོས་བདེན་རེད་ལ་བོད་པས་ལོ་རྒྱུས་རེད། ཁང་སྟོང་རྐུ་མས་འཁྱེར་མི་དགོས་པ།
༣༽ འཐེན་འཁྱེར་མེད་པ་བཟོ་རྒྱུའི་དོན་ཚན་དྲུག་དེར་ཁྱེད་ནས་ངེས་པར་ཟབ་རོགས་ལ་ང་ཚོས་ཀྱང་ལོས་ཡིན།
ཡང་། འབྲོང་གི་བུ་ཅན། ཁྱེད་བོད་ཡིག་བེད་སྤྱོད་བྱེད་ཀྱི་མིན་འདུག་ཅེས་སྐྱོན་བརྗོད་ཞུ་མཁན་གྲས་ཡིན་གཤའ་ཀྱང་ཕན་མེད་ཀྱི་སྐྱོན་བརྗོད་ན་ཕན་ལས་གནོད་ཆེ་། དེས་བོད་ཡིོག་ལ་སྤྲོ་སེམས་བཀག ཡི་གེ་ནི་རྨོངས་བསེལ་ཀྱི་ལམ་དང་པོ་ཡིན་པས་གཙོ་བོ་མི་ཚང་མས་གོ་ཐུབ་དགོས།
དགེ་འདུན་ཆོས་འཕེལ་གང་ཉིད་ཀྱི་སྨྱུག་མིང་གང་རེད་དམ།