ཀླུ་སྨྱོན་སྣ་ཚོགས་རང་གྲོལ། (ཨ་རི)
ནགས་ཀྱི་རི་དང་རྒྱ་མཚོའི་འགྲམ་ངོགས་དང་།།
སྙན་ངག་མཁན་གྱི་སྨྱུ་གུའི་རྩེར་བཞུགས་ཏེ།
སྲིད་པའི་གྲོང་ཁྱེར་བདེ་སྡུག་མ་ལུས་པ།།
མཛེས་སྡུག་གོང་བུར་སྒྱུར་བའི་དབྱངས་ཅན་མ།།
བདག་ནི་དེ་རིང་ནགས་ཀླུང་འགྲིམ་པར་བྲེལ།།
ནགས་ཀླུང་ཁྲོད་དུ་སྙན་ངག་འབྲི་བར་སྤྲོ།།
ལྷ་མོ་ཁྱོད་ཀྱང་དྲི་ཞིམ་རླུང་བུ་བཞིན།།
ནགས་ཀྱི་ཀློང་འདིར་བདག་གི་སྐྱོ་གྲོགས་མཛོད།།
བདག་གིས་ཕ་སའི་དགོན་ཆུང་སྐྱུར་བའི་དུས།།
བདག་གིས་ཧི་མ་ལ་ཡ་བརྒལ་བའི་དུས།།
བདག་གི་ལྷོ་ཕྱོགས་ཚ་གདུག་མྱོང་བའི་དུས།།
བདག་གིས་ནགས་ཀླུང་མ་དྲན་ཉིན་གཅིག་མེད།།
བདག་གིས་གློག་ཀླད་ཡོལ་བ་ཕྱེས་པའི་དུས།།
བདག་གིས་སྨྱུ་གུ་ལག་ཏུ་འཛིན་པའིི་དུས།།
བདག་གིས་ཟང་ཟིང་མི་ཡུལ་འགྲིམ་པའི་དུས།།
བདག་གིས་ནགས་ཀླུང་ཁྱེད་ཉིད་ཡང་ཡང་དྲན།།
ཞོགས་སྤྲིན་ཀྱ་ཀྱུ་རི་བོའི་རྩེ་རུ་ཉལ།།
རྒོད་པོ་ཁྱུ་ཞིག་སྤྲིན་གྱི་མཐོ་སར་སྙེག།
མཐའ་དབུས་མེད་པའི་ནམ་མཁའ་སྔོ་ཞིང་བསང་།།
བདག་གི་སེམས་ཀྱང་དེ་ཡི་ཀློང་དུ་འདྲེས།།
བདག་གི་སེམས་པ་ལུས་པའི་ནགས་ཀློང་དེར།།
སྙན་ངག་པ་དག་མཚན་མོར་མེ་ཕུང་སྦོར།།
ཆུ་འགྲམ་གཞོན་ནུ་མ་ཡི་གླུ་དབྱངས་སྙན།།
གནའ་བོའི་ལྡེབས་རིས་ལྟ་བུའི་ནགས་ཀླུང་དྲན།།
ལྗོན་པ་དག་གིས་ཡལ་ཀ་རིང་བོར་བརྐྱངས།།
བྱ་བྱེའུའི་ཚང་དག་གསོམ་ཤིང་མཐོ་སར་བཅས།།
སྨུག་ཞགས་སེང་རས་དཀར་པོ་ཅི་བཞིན་དུ།།
ནགས་ཀློང་ཁྱབ་པས་ཕྱིར་དྲན་རྫོགས་མཐའ་མེད།།
རྩྭ་གསེབ་འབུ་སྲིན་གྲོང་དང་གྲོང་བརྡལ་བཞིན།།
བདག་གི་ཚེ་རབས་དུ་མའི་སྐྱིད་སྡུག་འདྲེས།།
དེ་རུ་ཀ་ར་བསྲེས་པའི་རྩམ་པ་གཏོར།།
སྦྱིན་པ་འདིས་ཀྱང་འགྲོ་བདེའི་སྨོན་ལམ་བཏབ།།
སྔོན་གྱི་དྲང་སྲོང་དེ་དག་གང་དུ་བཞུགས།།
སྒོམ་ཆེན་དེ་ཚོའི་རུས་ཐལ་གང་དུ་འཚོལ།།
ནགས་ལ་བྲིས་པའི་སྙན་ངག་ཅི་ཙམ་མཆིས།།
སྨུག་པར་ཐིམ་པའི་ལང་ཚོ་ག་ཚོད་ཡོད།།
མི་ལོ་སྟོང་གི་སྐྱོ་ངལ་ལོ་འདབ་བཞིན།།
དགོང་ཁའི་ཉི་ཟེར་འཐུ་བཞིན་གང་སར་འཕུར།།
སྤྲ་སྤྲེལ་འདི་དག་ང་ཚོའི་མེས་པོ་སྟེ།།
ཁྲག་རྩ་རིང་པོ་ཞིག་གིས་དམ་དུ་སྦྲེལ།།
ལྗོངས་རྒྱུ་བ་དག་པར་ཆས་ལྕི་ཞིང་རིང་།།
དེ་ཚོའི་སྒོར་ཁུག་དག་ཀྱང་ཆེ་ཞིང་ལྕི།།
དབུལ་བོའི་གྲོང་ན་སྡོད་པའི་དབེན་པ་བའི།།
སེམས་ཀྱི་ཞི་བ་མིག་གི་མདངས་ལས་མཆེད།།
ས་རྡུལ་བབས་པའི་ལྷ་ཁང་རྙིང་གོག་ཅིག།
ཁྱེད་ཀྱིས་གཙང་ཆེན་འགྲམ་དུ་མཇལ་བ་འདི།།
སྔོན་གྱི་དྲང་སྲོང་ཞི་བའི་ཏིང་འཛིན་ཅན།།
སྟོང་ཕྲག་བཞུགས་པའི་ཞབས་རྗེས་འཚེར་བ་ཉིད།།
གཞོན་ནུ་མ་དག་མྱོས་བུམ་ཆེར་རྒྱས་པས།།
ལང་ཚོའི་མཛེས་པ་ཐུར་དུ་འདྲུད་པར་དོགས།།
དེ་ཡང་སྙན་ངག་མཁན་ཚོའི་བརྗོད་བྱ་སྟེ།།
དབེན་གྲོང་འདི་རུ་སྐབས་རེར་མཇལ་ཡང་སྲིད།།
རྒན་རྒོན་གདོང་ལ་བརྐོས་པའི་གཉེར་མའི་རིས།།
ཟབ་ཅིང་འཁྱོག་པ་མི་ཚེའི་རྐང་རྗེས་ཏེ།།
དེ་དག་རེ་རེ་གཏམ་རྒྱུད་རིང་པོ་རེ།།
དེ་དག་རེ་རེ་ཟློས་གར་འཁྲབ་ཚན་རེ།།
ནགས་ཀླུང་ཁྲོད་ཀྱི་རི་གྲོང་ཁུ་སིམ་ཞིང་།།
གྲོང་འདབས་ལམ་ཕྲན་རྣམ་ཤེས་འཁྱམ་པོ་བཞིན།།
ཀྱ་ཀྱུ་བན་བུན་རྒྱང་རིང་འཐེན་པའི་སྟེང་།།
གསལ་ལ་མི་གསལ་ཅི་ཞིག་འགུལ་ཞིང་འོང་།།
ནག་མོ་ཁོལ་གྱིས་ལ་ཏི་བཟའ་བཞིན་འོང་།།
དབྱུག་པ་ཅན་གྱིས་ཆང་ཕོར་འདེག་བཞིན་འོང་།།
ནགས་ཀླུང་ཁྲོད་དུ་ཁྱེད་ཀྱི་སྙན་ངག་པ།།
སྐབས་རེར་མང་ཞིང་སྐབས་རེར་ཉུང་བ་ལགས།།
དྲི་ཞིམ་མེ་ཏོག་འདབ་མ་གང་སར་ཐོར།།
ཕྱེ་མ་ལེབ་དག་གང་བུའི་གསེབ་ཏུ་གཉིད།།
སྦྲང་མའི་གཤོག་སྒྲོ་དུམ་བུར་ཆད་པ་འདི།།
ཀྱེ་མ་མི་རྟག་སྟོན་ཟླ་བསླེབས་པའི་རྟགས།།
ནགས་ཀླུང་འདི་ནི་འཁོར་བའི་གར་སྟེགས་ཏེ།།
སྐྱེ་རྒ་ན་འཆིའི་ཟློས་གར་རྒྱུན་ཆད་མེད།།
ནགས་ཀླུང་ཁྲོད་དུ་མི་རྟག་སློབ་དཔོན་བཞུགས།།
ནགས་ཀླུང་ཁྲོད་དུ་ཐར་བའི་ཐེམ་སྐས་བསྲིངས།།
ནགས་ཀླུང་འདི་ནས་རྒྱང་རིང་གནམ་སའི་མཚམས།།
གཅིག་ཏུ་འདྲེས་པ་ཅི་བཞིན་མཐོང་བ་འདིས།།
ནམ་ཞིག་དབྱིངས་རིག་འདྲེས་པའི་སྐད་ཅིག་མར།།
ཁྱོད་དང་ང་ཞེས་གཉིས་སུ་མེད་པ་མཚོན།།
ནགས་ཀླུང་འདི་ནས་བདེ་སྡུག་འཁོར་བའི་རོ།།
ཅི་ཙམ་མྱོང་མིན་ཁྱོད་ལ་རག་ལས་ཏེ།།
ཅི་སྲིད་སྙན་ངག་མཁན་གྱི་འཇིག་རྟེན་དུ།།
མཛེས་སྡུག་ཚོར་བའི་མེ་ལྕེ་མཆེད་ལ་རག།
སྙན་ངག་ཆེན་པོ་ནགས་ཀླུང་ཁྲོད་དུ་བཞུར།།
སྒྲུང་གཏམ་རིང་མོ་ནགས་ཀླུང་ཁྲོད་དུ་མཆེད།།
ཟློས་གར་དག་ཀྱང་ནགས་ཀླུང་ཁྲོད་དུ་འཁྲབ།།
སྒྱུ་རྩལ་མ་ལུས་ནགས་ཀླུང་ཆེན་པོས་སྦྲུམ།།
རི་མོ་མཁན་དག་ནགས་ཀླུང་ཁྲོད་དུ་བསྐྱོད།།
པར་ཆས་མཆུ་ཏོ་ནགས་ཀླུང་ཁྲོད་དུ་བསྲིངས།།
དྲང་སྲོང་དག་ནི་ནགས་ཀླུང་ཁྲོད་དུ་བཞུགས།།
གཉུག་མའི་ལྷ་འདྲེ་ནགས་ཀླུང་ཁྲོད་དུ་ཡལ།།
མཚན་མོའི་སྐར་ཚོགས་ནགས་ཀླུང་ཁྲོད་དུ་འཚེར།།
ཞོགས་པའི་ཉི་ཟེར་ནགས་ཀླུང་ཁྲོད་དུ་འཛུམ།།
དུས་བཞིའི་མཛེས་སྡུག་ནགས་ཀླུང་ཁྲོད་དུ་བཤམས།།
ནགས་ཀྱི་ཀླུང་འདི་སྨྲ་བསམ་བརྗོད་ལས་འདས།།
ཚེ་ཕྱེད་ས་མཐར་བསྐྱལ་བའི་སྙན་ངག་པ།།
ཀླུ་སྨྱོན་སྣ་ཚོགས་རང་གྲོལ་ཞེས་བྱ་བས།།
ནུབ་ཀྱི་རྒྱ་མཚོ་ཆེན་པོའི་འགྲམ་ངོགས་ཀྱི།།
སྟོན་ལོ་སེར་པོའི་ངོས་སུ་འདི་ཙམ་བྲིས།།
རྒྱང་རིང་གི་སྨྱུག་གྲོགས་མུ་ཏིག་གིས་བསྐུལ་པ་བཞིན་སྤྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ ཚེས་༢ ཞོགས་པར་ཆུ་ཚོད་གཅིག་ཙམ་རིང་ཤར་མར་བྲིས།
ཤིན་དུ་སྙན་པའི་ཚིགས་བཅད་འདི་དག་གིས།
ཤིན་དུ་དགའ་བའི་ནགས་ཀླུང་མཛའ་མོ་དྲན།
ཤིན་དུ་མཇལ་དཀའི་མཛའ་མོའི་ནགས་ཀླུང་བཞིན།
ཤིན་དུ་མཇལ་འདོད་ཁོ་བོའི་གཉིད་ཀྱང་བཅོམས།
སྔར་གྱི་དྲང་སྲོང་ནགས་ཀྱི་ཡོན་ཏན་གླེང་། །
དིང་གི་གཅན་གཟན་ནགས་ནས་བྲོས་དགོས་ཐུག །
ཤིང་ནགས་གཅོད་བྲེག་དིང་དུས་འདོད་རྔམས་རྟགས། །
འཁྱག་རོམས་ནགས་ཀླུང་སྲུང་བའི་དུས་ལ་བབས། །
ནད་ཡམས་འོང་དུས་ནག་ཀླུང་བྲོས་དགོས་སམ། །
དུས་ཚོད་ཡོད་དུས་ནག་ཀླུང་འཁྱམས་དགོས་སམ། །
འཁྱམས་དུས་མཐོང་ཚད་སྙན་ངག་འབྲི་དགོས་སམ། །
འབྲི་དུས་དབྱངས་ཅན་ལྷ་མོར་བསྟོད་དགོས་སམ། །
དབྱངས་ཅན་ལྷ་མོ་སྙན་དངགས་ལྷ་མོར་གྲགས། །
ཕྱི་རོལ་པ་ཡི་ལྷ་མོར་ཕྱག་བཞི་འདུག །
ནང་བསྟན་དབྱངས་ལྷར་ཕྱག་གཉིས་པི་ཝང་བཟུང་། །
སྙན་དངགས་འབྲི་དུས་ཁྱོད་ཉིད་ཡིད་དམ་བསྟེན། །
ནག་མོ་འཁོལ་གྱིས་ལྷ་མོ་ནག་མོ་བསྟེན། །
བོད་ཀྱི་མཁས་པས་དབྱངས་ཅན་ལྷ་མོ་བསྟེན། །
དབྱུག་པ་ཅན་གྱིས་ལྷ་མོ་གང་བསྟེན་ནམ། །
མི་རབས་གསར་པས་ལྷ་མོ་བསྟེན་སྲིད་དམ། །