བསྟན་འཛིན་གྲགས་པ།
རང་གཞན་མི་རིགས་ཐམས་ཅད་ནད་ཡམས་འདི་ལས་མྱུར་དུ་གྲོལ་ནས་ལུས་བདེ་བག་ཕེབས་ཡོང་ཕྱིར། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་དང་། འབྲེལ་ཆགས་རྒྱལ་ཁབ་དང་། ཆེད་ལས་ཚན་རིག་པ་དང་། སྨན་པ་རྣམས་ཀྱི་ལམ་སྟོན་ཇི་ཕེབས་བརྩི་སྲུང་ཐོག ནད་ཡམས་འདི་རྒྱུན་མ་ཆད་ཀྱི་བར་དུ་འདུ་འཛི་དང་སྤྲོ་སྐྱིད་གཏོང་བ་སོགས་སྐབས་ཤིག་རིང་སྤངས་ནས་རང་རང་སོ་སོའི་ཤག་གམ་ཁྱིམ་དུ་ལུས་བདེ་བག་ཕེབས་ངང་གནས་ནས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ན་འབད་ན་འདི་བདེ་ཕྱི་ཡོང་ངེས། གཞན་ཡང་ཆང་རག་དང་། ཀོ་ཕི། གསོལ་ཇ་གར་པོ། རྒྱ་གར་བས་བཟོས་པ་ཨ་ཅར་དང། ཀིམ་ཅི་སོགས་བསྙལ་ཟས་སྐྱུར་ཅན་གྱི་རིགས། ཞོ། འོ་རློན་ནམ་འོ་མ་མ་བསྐོལ་བ། སྡིག་སྲིན་སོགས་ཆུར་གནས་སྲོག་ཆགས་ཕྲ་མོའི་རིགས། མྱོས་རྫས་དང་ཐ་མ་ཁ། ཆུ་འཁྱགས་ཁོ་ཁོལ་ཁུ་ནག་སོགས། ཁ་ལག་སྨན་སྣ་དང་སྣུམ་ཞག་ཆེས་པ། བ་དམ་སྐྱོ་མ་ཟ་ཆེས་པ། མངར་ཟས་ཆེས་པ། ཉི་མ་ལྡེ་ཆེས་པ་དང། འཁྲུགས་ལས་རྣམས་སྤང་ནས། གཙང་སྦྲ་ལ་དོ་སྣང་དང་། ཁ་རས་དང་ལག་ཤུབས་མིག་ཤེལ་རྣམས་གྱོན་དགོས། སྣ་ཆུ་དོན་པ་དང། གློ་བརྒྱལ་ལངས་པ། གྲེ་བ་ཚ་བ་རྣམས་འབྱུང་ཚེ་འཕྲུལ་ཐང་དང་མ་ནུ་བཞི་ཐང་སོགས་གཏོང་དགོས། ཚ་བ་རྒྱས་ན་སྒ་སྨུག་གི་ཐང་དང་། ཇའི་ནང་སྒ་སྨུག་དང་སུག་སྨེལ་སྨན་སྣ་སོགས་ཡོད་པ་དང་། ཡུངས་དཀར་ནག་གི་འབྲུ་དང་ལོ་མའི་ཚལ། ཏིལ་འབྲུ་དང་ཏིལ་སྣུམ། སྐྱུར་ཚལ་སོགས་བཞེས་རྒྱུ་མེད། གལ་ཏེ་ཏོག་དབྱིབས་ནད་དུག་ཡོད་པ་ཐག་ཆོད་ན། རྟ་བཟི་དམར་པོའམ། ལོ་གྱོན་རིལ་བུའམ། སྤང་རྩི་བཅུ་གཉིས་གང་རུང་ཐང་གིས་རྟ་བྱས་ཏེ་ཉིན་རེ་དུས་གཉིས་སམ་གསུམ་ལོ་ན་དང་གཟུགས་པོའི་ཤེད་སོགས་དང་བསྟུན་ནས་བདུན་གཅིག་གམ་གཉིས་སོགས་ནད་གཞི་ལ་གཞིགས་ཏེ་གཏོང་དགོས། གློ་བརྒྱལ་ལངས་ན་གཙོ་བོ་ཉེར་ལྔ་དང་ཅུ་གང་ཉེར་ལྔ་སོགས་གཏོང་དགོས། གོང་གསལ་སྨན་རྣམས་མེད་ན། རིན་ཆེན་མང་སྦྱོར་དང་། རིན་ཆེན་གྲང་སྦྱོར་གང་རུང་གཏོང་འཐུས། མང་སྦྱོར་དང་གྲང་སྦྱོར་ཡང་མེད་ན། ལུས་ཀྱི་འདུ་བ་སྙོམས་པ་དང་ཟུངས་བརྟས་ཕྱིར་ཟླ་ཤེལ་བདུད་རྩི་མ་གཏོང་འཐུས། གཞན་ཡང་ཡི་དམ་ལྷ་ཡི་སྲུང་འཁོར་དང་། རིམས་སྲུང་རིལ་བུ་སྐེ་ལ་བཏགས་ནས་དྲི་སྣོམ་པ་དང་། ལོ་གྱོན་མའི་གཟུངས་སྔགས་བཟླ་བ། བྱམས་སྙིང་རྗེ་དང་སྟོང་ཉིད་སྒོམ་པ་སོགས་རྫས་སྔགས་ཏིང་ངེ་འཛིན་གསུམ་གྱི་ནུས་པ་གཅིག་ཏུ་འདྲིལ་ན་ཕན་ཐོགས་འབྱུང་ངེས་པ་ཡིན།
གཉན་རིམས་ཀྱི་ལེའུ་འཆད་པར། སྲིན་འཁྲུགས་ལུས་ཟུངས་ཟོས་པས་གཉན་ནད་འབྱུང་། ཞེས་དང་། ཁ་ཟས་ཁྱད་པར་དུག་ཚད་རྐྱེན་དུ་འགྱུར་ཞེས་དང་། ཁ་ཟས་དཀར་དམར་མངར་སྐྱུར་དུག་འདྲ་སྤང་། ཞེས་དང་། ཁྱད་པར་རིམས་སོ་ཅོག་ལ་ཞོ་གནོད་དེ། ཞེས་དང་། མུ་སྟེགས་གདུག་པས་རྫས་ཀྱི་སྦྱོར་བ་བྱེད། དེ་དུས་བདག་གཞན་སྲུང་བ་ཤིན་ཏུ་གཅེས། ཞེས་དང་། སྲུང་བ་མི་ལྡན་རིམས་ནད་བག་མེད་འཆོས། དམག་གདོང་གཅེར་བུར་རལ་ཁ་འགྱེད་དང་མཚུངས། ཞེས་དང་། བཙན་དུག་གླ་རྩི་མུ་ཟི་ཤུ་དག་དང་། གུ་གུལ་དཀར་ནག་གཉིས་དང་སྒོག་སྐྱ་ཡི། ཁྲོལ་བུའི་ཐུམ་བུ་སྐེར་བཏགས་སྣ་སྒོར་བདུག དེ་ཡི་རིམས་ནད་བསྐལ་པའི་མེ་འབར་ཡང་། རང་ལུས་རྡོ་རྗེ་འདྲ་སྟེ་ཅིས་མི་ཚུགས། ཞེས་དང་། དུག་ནད་ཀུན་ལ་མང་སྦྱོར་ཆེན་མོ་མཆོག །ཅེས་གསལ། གཞན་ཡང་། ལྟོ་སྟོང་དང་སེམས་ཞུམ་པའི་དུས་སུ་ནད་ཀྱི་དྲི་དང་རླངས་པ་སོགས་ལས་སྲུང་ཕྱིར། ཁ་ཟས་འགྲངས་པ་དང་ངོམས་པར་ཟོས་ནས་སྲུང་བས་རང་གི་ལུས་དང་སེམས་ལ་དཔའ་དང་གདེངས་བསྐྱེད་པར་བྱའོ། ཕྱི་ལོ་༢༠༢༠ཟླ་༤ཚེས་༡ཉིན་ལྷོ་བྲག་ལྷ་ཁང་བ་སྨན་པ་བསྟན་འཛིན་གྲགས་པས་འགའ་ཞིག་ལ་ཕན་རེའི་བསམ་པས་ཕུལ། །སརྦ་མངྒ་ལཾ།
ངེས་པར་ཕན་ས་རེད་བསམ་པ་ཞིག་སྤེལ་གནང་འདུག བཀླགས་ན་ལམ་སང་གོ་བ་ཞིག་བྲིས་འདུག ཐུགས་རྗེ་ཆེ། དེང་སང་སྨན་པ་འགའ་རེས་གཞུང་ལུགས་ཁོ་ན་ཤོད་ཀྱིན་ཡོད་པ་དེ་ཚོ་ལས། འདི་ལྟ་བུ་རེ་སྤེལ་ན་ཕན་པར་མཐོང་། ལམ་སྟོན་འདི་འདྲ་མུ་མཐུད་ནས་སྤེལ་རོགས།
ཟས་བཅུད་ལྡན་པའི་ལྟོ་བ་འགྲངས་པར་བཟོ། །
བཅུད་ལྡན་འོ་མ་ཤིང་ཏོག་ཁུ་བ་འཐུང་། །
ལུས་ཟུངས་རྒྱས་ན་ཏོག་དབྱིབས་ནད་འབུ་ཡང་། །
ཚུར་གནོད་ཆུང་ལ་ནད་པ་ནད་ལས་གྲོལ། །