ཀླུ་སྨྱོན་ཧེ་རུ་ཀ
ཟླ་བཞི་པ་ནི་སྙན་ངག་གི་ཟླ་བ་ཡིན།
འདས་པའི་ལོ་མང་པོ་ཞིག་གི་ཟླ་བཞི་པར།
རང་བྱུང་ཁམས་ཀྱི་མ་ཡུམ་རླབས་ཆེན་འདིས།
ཚེ་སྲོག་གི་མྱུ་གུ་གྲངས་ལས་འདས་པ་ཞིག་སྐྱེད་སྲིང་གནང་ཞིང་།
སྲོག་ཆགས་ཡོད་དོ་ཅོག་ཀྱང་ཟླ་བཞི་པའི་མཛེས་སྡུག་ལ་རོལ།
ཟླ་བཞི་པའི་ནམ་མཁའ་སྔོ་ཞིང་དྭངས།
ཟླ་བཞི་པའི་ཉི་འོད་དྲོ་ཞིང་འཇམ།
ཟླ་བཞི་པའི་ས་གཞི་ལྗང་ཞིང་མཛེས།
ཟླ་བཞི་པའི་མཁའ་དབུགས་བརླན་ཞིང་གཙང་།
ཟླ་བཞི་པའི་མེ་ཏོག་དྲི་ཞིམ་འཐུལ།
ཟླ་བཞི་པའི་མི་རྣམས་ལུས་སེམས་སྐྱིད།
ཟླ་བཞི་པའི་བྱ་བྱེའུ་གསུང་སྐད་སྙན།
ཟླ་བཞི་པར་སྙན་ངག་ཐོལ་བྱུང་འབྲི།
གནའ་ནས་འདི་ལོའི་ཟླ་བཞི་པར་མ་བསླེབས་བར་དུ།
ཟླ་བཞི་པ་ནི་མཛེས་སྡུག་སྟོང་གི་མདུན་ཤོག་ཡིན་ལ།
ཟླ་བཞི་པ་ནི་བདེ་སྐྱིད་འབུམ་གྱི་རྒྱབ་ལྗོངས་ཀྱང་ཡིན་མོད།
སྤྱི་ལོ་ཉིས་སྟོང་ཉི་ཤུ་ཐམས་པ་ལོའི་ཟླ་བཞི་པ་འདི་ནི།
ནམ་གུང་གི་གདོན་འདྲེ་བཞིན་འཇབ་ནས་བསླེབས་པའི།
ཏོག་དབྱིབས་རིམས་ནད་འདིས་སྙིང་རྗེ་མེད་པར་བཅོམ་སོང་།
ཉིན་གུང་གི་དམག་འཁྲུག་བཞིན་གློ་བུར་བརྡོལ་བའི།
ཏོག་དབྱིབས་ནད་ཡམས་འདིའི་གདུག་རྩུབ་ཆེན་པོས་བཟུང་སོང་།
རང་བྱུང་ཁམས་ཀྱི་མཛེས་སྡུག་གིས་མ་ཁོག་པར།
ཚན་རིག་འཕྲུལ་གྱི་རྫས་སྦྱོར་གྱིས་མ་ཐུབ་ཅིང་།
ཐ་ན་ཆོས་ལུགས་སྟོང་དང་དད་འདུན་དུང་ཕྱུར་ལས་ཀྱང་ཐད་ཀར་བརྒལ་ཏེ།
འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་གི་གཤེད་མར་གྱུར་སོང་།
འཛམ་གླིང་ཧྲིལ་བོ་འཇིགས་རུང་གི་གཡུལ་སར་བསྒྱུར་སོང་།
མི་རིགས་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པར།
ཤར་ནུབ་དང་ལྟ་གྲུབ་ཀྱི་ས་མཚམས་མེད་པར།
དབུལ་ཕྱུག་དང་རྒན་གཞོན་གྱི་རྣམ་དབྱེ་མེད་པར།
གླིང་ཆེན་དང་གླིང་ཆེན་བརྒལ་ནས།
རྒྱལ་ཁབ་དང་གྲོང་ཁྱེར་བརྒལ་ནས།
ཚེ་སྲོག་ཁྲི་སྟོང་དུམ་བུར་བཅད་སོང་།
རྣམ་ཤེས་འབུམ་ཕྲག་ཕྱི་མར་བསྐྱལ་སོང་།
འགྲོ་བ་མིའི་རྒྱུ་འགྲུལ་བཀག་སོང་།
འཕྲུལ་ཆས་ཕལ་ཆེར་འཁོར་མཚམས་བཞག་སོང་།
དཔལ་ཡོན་འབར་བའི་གྲོང་ཁྱེར་དེ་ཚོ་འདྲེ་གྲོང་བཞིན་སྟོངས་སེང་ངེར་གྱུར་སོང་།
མཛེས་སྡུག་བསྣོལ་བའི་སྤྱི་གླིང་དེ་ཚོ་དུར་ས་བཞིན་འཇམ་ཐིངས་ངེར་གྱུར་སོང་།
སྲང་ལམ་ཆེ་ཆུང་གང་སར་མི་ཚོགས་ཀྱི་དགོད་སྒྲ་ཐོས་རྒྱུ་མེད་པར།
སྨན་ཁང་ཆེ་ཆུང་གང་སར་མི་རོ་དང་ནད་པས་རྦད་དེ་ཁེངས།
ཟླ་བཞི་པ་སྙན་ངག་གི་ཟླ་བ་ཡིན་ཡང་།
སྙན་ངག་གི་ཚོར་བ་ཡོད་ཚད་འཁྱགས་ཧྲེང་དུ་བསྒྱུར་ཚར་འདུག
ཟླ་བཞི་བ་སྙན་ངག་པའི་ཟླ་བ་ཡིན་ཡང་།
སྙན་ངག་པ་ཚོའི་ལག་པ་འདར་བཞིན་ཅི་ཞིག་འབྲི་དགོས་པ་ཡང་མི་དྲན་པར་གྱུར་འདུག
ཟླ་བཞི་པའི་དུས་ཚིགས་མཛེས་སྡུག་ལྡན་པ་འདི་ས་ཆེན་པོའི་ཕང་བར་བསླེབས་ཟིན་མོད།
ང་ཚོའི་གཉེན་ཉེ་དག་གིས་ཕན་ཚུན་མཛའ་བརྩེའི་འཐམ་འཁྱུད་བྱེད་མི་ཕོད་ཅིང་།
ཟླ་བཞི་པས་སྔར་བཞིན་བྱམས་བརྩེའི་ལེགས་སྐྱེས་བཟུང་སྟེ།
རི་ཀླུང་མཚོ་འགྲམ་དང་གྲོང་དང་གྲོང་ཁྱེར་བརྒྱུད་ནས་བསླེབས་ཟིན་མོད།
ཕ་མ་བུ་ཕྲུག་དང་ཕུ་ནུ་མིང་སྲིང་ཚོས་ཕན་ཚུན་ཆེས་མཇུག་མཐའི་སྐྱེལ་མ་ཙམ་ཡང་ཞུ་མི་ནུས་ལ།
ཟླ་བཞི་པས་སྔར་བཞིན་བརྩེ་དུང་གི་རྒྱ་སེ་མེ་ཏོག་འདྲ་མིན་བསྣམས་ནས་བསླེབས་ཟིན་མོད།
མཛའ་བོ་མཛའ་མོ་དག་གིས་ཕན་ཚུན་སྦྲང་རྩིའི་རོ་མངར་བྱུགས་པའི་མཆུ་སྒྲོས་ཀྱང་སྦྱོར་ཕོད་ཀྱི་མི་འདུག
ཟླ་བཞི་བ། ཀྱེ་མ་ཟླ་བཞི་པ།
ཁྱེད་ཀྱི་མཛེས་སྡུག་ལ་བྱིན་རླབས་སྟོང་ཕྲག་གི་ཉིང་ཁུ་འཁྱིལ་ཡོད་པས།
ཁྱེད་ཀྱིས་གཟི་བྱིན་དང་ནུས་པ་སྐྱེད་ཅིག
ཁྱེད་ཀྱིས་སྙིང་སྟོབས་དང་སྤྲོ་སེམས་སྦོར་ཅིག
ཁྱེད་ཀྱིས་ནད་ཡམས་དང་འཇིགས་སྐྲག་ཆོམས་ཤིག
ཁྱེད་ཀྱིས་ཡལ་ཚར་བའི་མི་རིགས་ཀྱི་བདེ་སྐྱིད་དེ་ཚོ་ཕྱིར་ཁུག་ཅིག
ཁྱེད་ཀྱིས་འཕུར་ཚར་བའི་རྣམ་ཤེས་ཀྱི་མེ་ཏོག་དེ་དག་ཕྱིར་ཁྱེར་ཤོག
ཟླ་བཞི་པའི་ཚེས་9 ལ་སེ་ཨ་རོལ་དུ་བྲིས།
*འདྲ་པར་དེ་ནི་ངའི་ར་སྐོར་ནང་གི་མེ་ཏོག་སེར་ཆེན་དེ་ཚོའི་མཛེས་སྡུག་ཅིག་ལགས།
ཀླུ་སྨྱོན་ཧེ་རུ་ཀ་ལགས། ཁྱེད་ཀྱི་སྙན་རྩོམ་དེ། ཁྱེད་ཀྱི་ར་སྐོར་ནང་གི་མེ་ཏོག་སེར་ཆེན་བཞིན། ཧ་ཅང་མཛེས་ལ་ཧ་ཅང་སྡུག་གོ །