བློ་བཟང་རིན་ཆེན།
ད་རེས་ཀྱི་འགྲུལ་བཞུད་དང་བསྟུན་དཔེ་དེབ་གཅིག་བཀླག་དགོས་བསམས་ནས་དཔེ་སྒྲོམ་དུ་བལྟས། མ་གཞི་ངའི་དཔེ་སྒྲོམ་དུ་རྩ་ཆེ་བའི་དཔེ་དེབ་ཧ་ཅང་མང་པོ་ཞིག་ཡོད་ནའང་༧གོང་ས་སྐྱབས་མགོན་མཆོག་གི་དངོས་སུ་ཕྱག་རྩོམ་གནང་བའི་<<སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་བཞག་>>ཅེས་པའི་དཔེ་དེབ་དེ་བདམས་པ་ཡིན། དཔེ་དེབ་འདི་ཉིད་གཉིས་སྟོང་བཅུ་བཞིའི་ཟླ་བ་གསུམ་པའི་ཚེས་བཅུ་བཞིའི་ཉིན་ལ་ཚར་གཅིག་རྫོགས་པར་བཀླགས་ནའང་། ད་ལྟ་དྲན་འཛིན་གྱི་མེ་ལོང་ངོགས་སུ་ཤུལ་ཙམ་ཡང་མི་འདུག་ཅེས་སྨྲས་ན་ཐལ་མི་ཆེ། དེར་བརྟེན་དཔེ་དེབ་འདི་ཉིད་བསྐྱར་དུ་ཀློག་པའི་འདུན་པ་བྱུང་། དེ་ནས་དཔེ་དེབ་རྒྱབ་ཁུག་ཏུ་བླུགས་ནས་ཁང་ཚན་གཅིག་པའི་ཆོས་གྲོགས་རྣམས་དང་ལྷན་( Hubli )ཧོབ་ལས་ཀྱི་གནམ་གྲུའི་ཐང་ལ་འབྱོར། ཅུང་ཙམ་རྗེས་ནས་གནམ་གྲུ་ལ་བསྡད་དེ་སྤྲིན་པའི་ཡང་སྟེང་ལ་བུད་ནས་མཐའ་ཡངས་པའི་འཇིག་རྟེན་གྱི་མཛེས་སྡུག་ལ་ལྟད་མོར་བལྟས། ངའི་གམ་གྱི་གྲོགས་པོ་དཔལ་ལྡན་གྱིས་ཀྱང་ <<སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་བཞག་>>་ལག་ལ་བཟུང་འདུག ངེད་གཉིས་ཀྱིས་བཟུང་བའི་དཔེ་དེབ་གཅིག་པ་རེད། ཁོས་ཁུ་སིམ་སིམ་གནམ་གྲུའི་ནང་གི་ལྷིང་འཇགས་ལོངས་སུ་སྤྱད་དེ་དཔེ་ཀློག་བྱས་སོང་། སྐབས་དེར་ངས་ཀྱང་དཔེ་ཀློག་བྱ་འདོད་བྱུང་། རེད་དེ་གནམ་གྲུ་ཅུང་ཙམ་མ་འཕྲོད་པས་མགོ་ཡུར་འཁོར་ཏེ་དཔེ་ཀློག་བྱེད་རྒྱུ་མ་བྱུང་།
གྲོགས་པོ་དཔལ་ལྡན་གྱིས་གནམ་གྲུར་བསྡད་དེ་དཔེ་ཀློག་བྱས་པ་མཐོང་དུས་ང་རང་ཧ་ཅང་དགའ་བོ་བྱུང་། མ་གཞི་ང་རང་གིས་རེ་བར་འུ་ཅག་བོད་པ་ཚོའང་ཉི་ཧོང་པ་བཞིན་མེ་འཁོར་དང་རླངས་འཁོར་ས་ཚུགས། གནམ་གྲུ་དང་མཚོ་གྲུ། ཐ་ན་གསང་སྤྱོད་ནང་སོགས། ཡུལ་ངེས་མེད་དང་དུས་ངེས་མེད་དུ་ཚགས་པར་དང་དཔེ་ཀློག་བྱེད་པའི་གོམས་གཤིས་ཤིག་འཇག་ན་སྙམ་ཡོད། དེ་ལྟར་བྱས་ན་ད་གཟོད་ཁ་སྤོབས་ཙམ་ཡིན་པར་འཛམ་གླིང་གི་ཡང་རྩེར་བསྙེག་ཐུབ་པར་སེམས་ཡོད།
གང་ལྟར་གྲོགས་པོ་དཔལ་ལྡན་བཞིན་གནམ་གྲུར་དཔེ་ཀློག་བྱེད་རྒྱུ་མ་བྱུང་། དེ་ནས་རྒྱལ་ས་ལྡི་ལི་དང་བཞུགས་སྒར་རྡ་སའི་བྲེལ་ཟིང་ཁྲོད་ནས་དཔེ་ཀློག་གི་གོ་སྐབས་ཧ་ཅང་དཀོན། རེད་དེ་དོ་ནུབ་ཨུ་ཚུགས་ཀྱིས་དྲ་རྩེད་བྱེད་རྒྱུ་བཞག་ནས་དཔེ་ཀློག་གི་མགོ་བརྩམས་པ་ཡིན། ངས་ཀློག་བཞིན་པའི་དཔེ་དེབ་འདི་ལོ་ངོ་ཉི་ཤུའི་སྔོན་ནས་ཕྱི་རྒྱལ་མགོ་སེར་དག་གིས་བཀླགས་ཤིང་རང་ཉིད་ཀྱི་མི་ཚེ་ལ་འགྱུར་བ་བཏང་ཡོད་པ་སྨོས་མེད་རེད། ངས་ནི་ལོ་ཤས་སྔོན་དུ་དཔེ་དེབ་དེ་ཚར་གཅིག་བཀླགས་མྱོང་ཡོད་ཅིང་། དོན་གྱི་སྙིང་པོ་ཟ་མ་ཐུབ་པས་རང་ཉིད་ལ་འགྱུར་བ་གང་ཡང་ཐེབས་མ་བྱུང་། དེ་ནི་རང་ཉིད་ཀྱི་ལན་པ་ཡིན་པ་ལས་དཔེ་དེབ་ཀྱི་ཉེས་པ་གཏན་ནས་མ་ཡིན་ནོ།།
དེས་ན་ད་རེས་ཚིག་གི་སྦྱོར་བ་ཙམ་ལ་ཞེན་ཆགས་མེད་པར་དོན་གྱི་སྙིང་པོར་རྙོབ་པ་གཙོར་འདོན་བྱས་ནས་བཀླགས་ཏེ་རང་ཉིད་ལ་གོ་རྟོགས་གསར་པ་དང་། མི་གཞི་ལེགས་ལམ་དུ་ཁྲིད་ཐུབ་པའི་རེ་བ་བཅིངས་ཡོད། བཀླག་པར་བྱ་བའི་དཔེ་དེབ་འདི་ཉིད་ཕྱི་ལོ་ ༡༩༩༩ ལོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དངོས་སུ་ལྗགས་རྩོམ་གནང་བའི་བརྩམ་ཆོས་སྐད་གྲགས་ཆེན་པོ་ཞིག་རེད། ས་བཅད་གཉིས་དང་ཚན་པ་བཅུའི་བདག་ཉིད་ཅན་གྱི་དཔེ་དེབ་འདི་ཉིད་དང་པོར་དབྱིན་སྐད་ཐོག་ཏུ་བརྩམས་པ་ཞིག་ཡིན་ནའང་། ཕྱིས་སུ་བསྟན་འཛིན་རིག་བཟང་ལགས་ཀྱིས་ཕྱི་ལོ་༢༠༡༣ལོར་བོད་བསྒྱུར་བྱས་ཏེ་ཕན་ཐོགས་བླ་མེད་དུ་བྱུང་བའི་འཛམ་གླིང་ཡོངས་སུ་གྲགས་པའི་གསུང་རྩོམ་རྨད་པོ་ཞིག་ཏུ་འཁུམས་སོ།།
2019/12/5ཉིན་མགྲོན་ཁང་ཞིག་ཏུ་བློ་བཟང་རིན་ཆེན་གྱིས་བྲིས།