ཆང་སྐྱེས།
སྔ་མོ་དུས་ནས་ད་ལྟའི་དེ་རིང་བར།།
ཆབ་སྲིད་པ་ཡིས་སྤྱད་བྱའི་ལག་ཆ་རུ།།
མ་གྱུར་ཆོས་ལུགས་ཤིག་ནི་བྱུང་མེད་ལ།།
མ་འོངས་པ་ཡང་འབྱུང་བ་མི་སྲིད་དོ།།
མི་གཙང་ཁ་དབུགས་སྟུག་པའི་ཁོར་ཡུག་ན།།
སྤྱི་ཚོགས་གྲལ་རིམ་འདྲ་མིན་སྣ་ཚོགས་ཤིག།
ཆོས་ལུགས་གྲུབ་མཐའ་བར་གྱི་རྩོད་པ་དེ།།
བསམ་བློ་ཞིབ་དུ་བཏང་ན་ཆབ་སྲིད་རེད།།
བླ་མ་ཐམས་ཅད་ཕྱུག་པའི་བུ་རུ་འཁྲུངས།།
མེ་ཏོག་ཕལ་ཆེར་ཆུ་བོའི་འགྲམ་ན་སྐྱེ།།
སྔོན་བྱོན་མཁས་པ་དག་གིས་འདི་ལྟར་གསུངས།།
ངོ་མ་བཤད་ན་གཏམ་འདི་ཧ་ཅང་བདེན།།
ཁ་སང་དེ་རིང་སྤྱི་ཚོགས་གསར་བའི་ནང་།།
ཆོས་པ་ལ་ལ་གྲོང་གི་ཚོང་དཔོན་རེད།།
སྤྲུལ་སྐུ་ཕལ་ཆེར་སྲིད་གྲོས་ཨུ་ཡོན་རེད།།
བླ་བྲང་མང་ཤོས་ནོར་གྱི་མཛོད་ཁང་རེད།།
ད་དུང་གཏམ་རྒྱུད་འདི་འདྲ་མང་པོ་ཡོད།།
དགོན་པའི་གྲྭ་བ་རྒྱ་ནག་གྲོང་ན་ཡོད།།
རྒྱ་ནག་རྒྱུན་བདག་རྒྱ་མོའི་རུམ་ན་ཡོད།།
རྒྱ་ཤོག་བརྩེགས་མ་བརྩེགས་མ་ལག་ན་ཡོད།།
ཁ་ན་ཁ་སྤུ་མང་བའི་ཁ་ནག་ངས།།
ཁ་མཚར་བཞིན་དུ་གླེང་བའི་ཁ་བརྡ་འདི།།
བླ་མ་སྤྲུལ་སྐུ་གྲྭ་པ་ཡོངས་ལ་མིན།།
ཡིན་ཡང་ཆོས་པ་རེ་ཟུང་འདི་འདྲ་རེད།།