འབྲུག་ཚེ།
བྱུ་རུ་དམར་བོའི་ཏོག་ཅན།། རྨ་བྱ་སྔོན་མོའི་སྒྲོ་ཅན།།
དེ་ཡང་Corona(ཁོ་རོ་ནའམ་ཁུ་རོ་ན)ཞེས་པ་ནི་དེང་གི་དབྱིན་སྐད་དུ་(crown)ཞེས་པའི་བརྡ་རྙིང་སྟེ། སྔོན་ལ་ཊིན་དང་གྷི་རེ་སི་སྐབས་སུ་དར་བའི་རྒྱལ་བཙུན་གྱི་དབུ་ཞྭ་ལ་གོ་ཞིང་དེ་ལྟར་འབོད་ལ། བོད་སྐད་དུ་པྲོག་ཞུ་དང་། རྒྱ་ནག་སྐད་དུ་皇冠རུ་འབོད།
ཕྱིས་སུ་ནུབ་ཕྱོགས་གཟའ་སྐར་ཞིབ་འཇུག་པ་ཚོས་ཉི་མ་གཟའ་འཛིན་ནམ་ཟླ་སྐར་གང་རུང་གིས་བསྒྲིབས་པའི་ཉི་མཐའི་འོད་ཀོར་དེ་ལ་ཡང་ལྟོས་གྲུབ་ཀྱིས་ཉི་མའི་པྲོག་ཞུ་(solar corona) ཞེས་བཏགས་ཡོད། དེ་མིན་ནུབ་ཕྱོགས་ཁུལ་དུ་ཁྱི་དང་ཞི་ལ། མིའི་ཕལ་མིང་ལ་ཡང་ཁོ་རོ་ན་ཞེས་འདོགས་སྲོལ་ཡོད་ལ། ཝུ་ཆང་ཁོ་རོ་ན་ཟེར་བ་ཞིག་ཀྱང་དེང་གི་ཆར་འཛམ་གླིང་ཤར་ནུབ་ཀྱིས་ཕྱིར་འཚོང་ནང་འདྲེན་བྱེད་ཀྱི་ཡོད།
དེས་ན་Virus ( ཝེརོའུ་སི) ཞེས་པ་ནི་སྲིན་དུག་གམ་ནད་འབུ། རྒྱ་ནག་སྐད་དུ་(病毒)ཞེས་འབོད་ཀྱི་ཡོད། ད་ལྟའི་ཆར་ཝེ་ཁེ་
རིག་མཛོད་སོགས་སུ་གསལ་བ་ལྟར་ན་མིའི་རིགས་ཀྱིས་ད་ལྟའི་བར་སྲིན་དུག་རྣམ་པ་མི་འདྲ་བ་3600ལྷག་རྙེད་ཡོད་ཅིང་། དེའི་ནང་ནས་སྲིན་དུག་གྲངས་129ཐད་ཀར་མིས་མི་ལ་བགོ་ཐུབ་ཀྱི་ཡོད་པ་ཙམ་མ་ཟད་ནད་ཀྱི་ངོ་བོར་གྱུར་ནས་མིའི་བདེ་ཐང་ལ་གནོད་པའམ་མཐའ་ན་མིའི་ཚེ་སྲོག་ཀྱང་འཕྲོག་གི་ཡོད་པའི་ངོས་འཛིན་ཐོབ་ཡོད།
སྤྱིར་ཁོ་རོ་ན་ནད་དུག་(Corona Virus)ཞེས་པ་འདི་ཐོག་མར་སྤྱི་ལོ་1960ནང་གསར་དུ་རྙེད་པ་ནས་བཟུང་དུས་ད་ལྟའི་བར་ངོ་བོ་མ་འདྲ་བ་བདུན་བྱུང་ཡོད། དེ་དག་ནི་
1. 229E(alha coronavirus)
2. NL63
3. OC43
4. HKV1
5. SARS—Cov
6. MERS—Cov
7. COVID—19 བཅས་ཡིན།
སྐབས་སུ་བབས་པའི་ནད་ཡམས་གསར་བ་འདི་ལ་བོད་མིས་ཏོག་དབྱིབས་ནད་དུག་དང་། རྒྱ་མིས་འདི་ལ་新冠状肺炎རུ་འབོད་པ། འཛམ་གླིང་གི་རྒྱབ་ཁབ་99%རང་རང་གི་འདོད་ཚུལ་གྱིས་མིང་གསར་བ་རེ་འདོགས་པ་ལས་ལྡོག་སྟེ་སྤྱི་མཐུན་གྱིས་འདི་ལ་Corona-Virus (ཁོ་རོ་ན་ཝེ་རོའུ་སི་)ཁོ་རོ་ན་ནད་དུག་ཅེས་འབོད་ཀྱི་ཡོད། 2020ལོའི་སྤྱི་ཟླ་1ཟླ་མཇུག་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རིམས་ནད་འདིའི་མིང་ལ་COVID-19ཞེས་བཏགས་ཡོད། COནི་ཁོ་རོ་ན། VIནི་ནད་དུག Dནི་རིམས་ནད། 19 ནི་གསར་དུ་རྙེད་པའི་ལོ་ཚིགས་ཏེ་2019ལོ་ཡིན། ཡང་ད་ལོའི་སྤྱི་ཟླ་3ཚེས་11་ནས་Pandemic of COVID—19 ཞེས་བཏགས་ཡོད། དེ་ནི་འཛམ་གླིང་ཡོངས་ཁྱབས་ནད་ཡམས་ཁོ་རོ་ན་ནད་དུག་རིམས་ནད་2019ཞེས་པའི་དོན་ཡིན་ལ་གཞུང་འབྲེལ་ཡིག་ཚགས་དང་བརྒྱུད་ལམ་ཁག་ཏུ་འདི་ལྟར་གཏན་འབེབས་བྱས་ཡོད།
དེས་ན་བོད་པ་ཚོས་འདི་ལ་ཅིའི་ཕྱིར་ཏོག་དབྱིབས་ནད་དུག་ཏུ་འབོད་ཀྱི་ཡོད་པ་དང་དེ་ཇི་ལྟར་བཏགས་པའམ་ཐོགས་པ་རེད་ཅེ་ན། རྩ་བའི་མིང་འདོགས་སྟངས་ཐད་ནས་ཁུངས་བཙན་པ་དང་བློ་ངོར་འདྲོངས་བདེ་བ་ཞིག་བོད་ཕྱི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གང་ནས་ཀྱང་མཐོང་ལམ་དུ་མ་བྱུང་ཡང་། སྤྱི་ཟླ་2ཚེས་7ཉིན་ནས་བཟུང་བོད་ནང་གི་མཚོ་སྔོན་བོད་ཡིག་གསར་འགྱུར་སོགས་སུ་གཞི་ནས་ཏོག་དབྱིབས་ནད་དུག་གསར་བ་ཞེས་པའི་མིང་ཚིག་གསར་བ་གོ་དོན་རྟོགས་རྒྱུ་མེད་པ་ཞིག་ནད་ཡམས་འདི་བཞིན་ཧི་མ་ལ་ཡ་བརྒལ་ནས་འཛམ་གླིང་གང་སར་མེ་ལྕེ་བཞིན་མཆེད་ཅིང་། ཆེད་མཁས་སྨན་པའམ་ཐ་སྙད་མཁས་པ་སུ་ཞིག་གིས་སམ་གང་ཞིག་ཏུ་མིང་དེ་ལྟར་བཏགས་པའམ་འདོག་དགོས་པའི་དགེ་བ་རྒྱུ་མཚན་ནི་ད་བར་དུ་བཙལ་ཀྱང་མ་རྙེད། མ་རྙེད་པའི་རྒྱུ་མཚན་ཡང་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན་ཏེ། དཔེར་ན། ང་ཚོས་ཕུགས་ཀྱི་འབྱུང་ཁུངས་དངོས་ལ་མ་བལྟས་པར། ནད་ཡམས་འདི་དར་ཁྱབས་སུ་འགྲོ་སའི་ཡུལ་དངོས་ཀྱི་ངོས་ཐད་ནས་ལྟོས་ནའང་མ་མཐའ་ཡང་ཝུའུ་ཧྭན་ནད་ཡམས་武汉病毒ཞེས་འབོད་དུ་རུང་མོད་ཏན་ཏན་བསམ་གྱི། བོད་དུ་མི་རུང་སྟེ། རྒྱ་ནག་གི་ཡ་ང་བའི་དབང་བསྒྱུར་འོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཆ་ཚང་ཤོར་བའི་བོད་ནང་གི་བོད་མི་སྤྱི་དང་ལྷག་པར་དུ་གསར་འགོད་ལས་རིགས་པ་ཚོར་མཚོན་ན་ཐུགས་ཁག་ཅི། བརྗོད་བྱ་བརྗོད་བྱེད་ཀྱི་ཡིག་འབྲུ་རེ་རེ་ལའང་གོང་རིམ་ནས་སྟངས་འཛིན་བྱེད་ཀྱི་ཡོད་པས་བོད་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ན་ཡི་གེ་འདི་བཞི་སྔ་ས་ནས་ཏོག་དབྱིབས་ནད་དུག་གི་གྲིབ་འོག་ཏུ་བཅུགས་ཡོད་པ་དང་། དེ་བཞིན་བོད་ནང་གི་མཁས་པ་ཚོས་ཀྱང་ཐ་སྙད་འདིའི་ཐད་གླེང་སློང་ཇི་ཡང་གནང་གི་མེད་ལ། མིང་དོན་མཚུངས་པའི་མིང་ཞིག་བསམ་གཟེས་ནས་མ་བཏགས་པའམ་མ་ཐོགས་པ་གང་ལྟར་ཀྱང་ལྟོས་ས་ལྟོས་འཇོག་གི་དབང་གིས་གཞིས་སྡོད་པ་ཚོར་མཚོན་ན་སྐྱོན་ལས་དགེ་མཚན་ཤིན་ཏུ་ཆེ་བར་མཐོང་ངོ་།།
བོད་ཕྱི་རུ་ཟླ་3ཚེས་23ཉིན་རིགས་ཀྱི་བུར་འབོད་པ་ཞིག་གིས་བོད་ཀྱི་དུས་བབ་སྟེང་རྒྱ་ནག་གི་འགོས་ནད་འདི་ལ་མིང་ག་རེ་བཏགས་ན་འགྲིག་གམ་ཞེས་པའི་བརྗོད་གཞིའི་འོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་འགོས་ནད་ལ་བཏགས་པའི་ཐ་སྙད་ཁག་གི་བྱུང་བ་བརྗོད་པ་ཟེར་བའི་རྩོམ་ཐུང་ཞིག་སྤེལ་འདུག་ཀྱང་། བོད་པ་རང་གི་མིང་དོན་མཚུངས་པའི་མིང་ཞིག་གདགས་རྒྱུར་རྩོམ་པ་པོ་ཁོང་རང་གི་བརྗོད་གཞིའི་རང་སྟེང་ན་ལྷག་འདུག་སྙམ།
སྤྱིར་མི་རིགས་སྐད་ཡིག་གཉིས་ལྡན་ཞིག་ཡིན་ན་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་མིང་ཞིག་བཏགས་ཀྱང་མ་འགྲིགས་པ་དང་མི་རུང་བ་གང་ཡང་མེད་མོད། གཅིག་གྱུར་དང་སྤྱི་མཐུན་གྱི་གཤིས་ཀ་མེད་པའི་མི་རིགས་འདི་ལ་མཚོན་ན་གཅིག་གྱུར་གྱི་ཐ་སྙད་ཅིག་མཉམ་སྤྱོད་བྱེད་རྒྱུར་ཡང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པར་བརྟེན། ཉིན་འགའི་སྔོན་ངའི་གྲོགས་པོ་རེབ་གོང་བཀྲ་ཤིས་ལགས་ཀྱིས་ཁོང་གི་ངོ་དེབ་སྟེང་། གཅིག་མཚུངས་ཀྱི་མིང་ཚིག་ཅིག་ཡོད་ན་ཅི་མ་རུང་སྙམ་ཞེས་པའི་རྩོམ་ཐུང་ཅིག་སྤེལ་བའི་ནང་ཨུ་ཐུགས་པའི་དབུགས་རིང་ཤེད་ཀྱིས་བཤོ་ཡོད། ཁོ་རོ་ན་ནད་ཡམས་ཁྱབ་པའི་དུས་ཡུན་ཐུང་ཐུང་ཟླ་ངོ་གསུམ་ཙམ་གྱི་རིང་བོད་པ་ཚོས་རང་རང་གི་བསམ་ཚོད་དྲན་ཚོད་ཀྱིས་འདོད་རྒྱལ་གྱི་མིང་དང་ཐ་སྙད་རེ་གསར་བཟོ་བྱས་ཏེ་ཁྱོན་བསྡོམས་མིང་མ་འདྲ་བ་ཉེར་ལྔ་ལྷག་ལ་བུད་འདུག་པ་འདིས་ཅི་ཞིག་མཚོན་གྱི་ཡོད་དམ་ཞེ་ན། མི་བུ་སྒེར་གྱི་གླེན་ཤེད་དང་རང་རྒྱལ་ཤུགས་ཆེ་བའི་དབང་གིས་བོད་རང་གི་སྤྱི་ཚོགས་དང་རིག་གཞུང་ལ་འགན་མ་འཁུར་བ་མཚོན་གྱི་ཡོད་པ་ཙམ་ལས་གཞན་ཡར་རྒྱས་ཡག་རྟགས་ཤིག་ལ་ངོས་འཛིན་མི་ཐུབ་ཅིང་། འདི་ཡང་ནད་ཡམས་ཀྱི་ཆ་ཤས་ཤིག་ཡིན་ལ་འདི་ལ་ཡང་སྔོན་འགོག་བཅོས་ཐབས་སོགས་ད་ལྟའི་ཆར་མ་མཐོང་བས་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་འདིའི་ཚེ་སྲོག་ལ་ཡང་འཇིགས་སྐུལ་ཡང་ཡང་འཐེབ་ཀྱི་ཡོད་པ་འདི་དག་མཐོང་ན་ཡིད་རེ་སྐྱོ་ཨང་།
མཐའ་དོན་ངས་འདིར་བཤད་འདོད་པ་ནི་འཛམ་གླིང་རང་བཞིན་གྱི་མིང་ཚིག་རིགས་ཅིས་ཀྱང་སྒྲ་བསྒྱུར་ཙམ་གྱིས་རང་སོར་བཞག་ན་དགེ་མཚན་ཆེ་བར་མཐོང་། ཅིའི་ཕྱིར་ཞེ་ན། བོད་ཀྱི་གཡག་ལྟ་བུར་ཆ་མཚོན་ན་འཛམ་གླིང་སྤྱི་ཡོངས་ཀྱིས་སྒྲ་སོར་འཇོག་གིས་(yak) གཡག་ཞེས་འབོད་ཀྱི་ཡོད་ལ། མགྱོགས་ཟས་ཁང་Macdonalམ་ཁུ་ཌོ་ནཱལ་ལྟ་བུ་དང་། ཀོ་རེ་ཡའི་སྙལ་ཚལ་Kimchi ཁེམ་ཅིས། ཡང་ན་འཇར་པན་གྱི་འབྲས་ལྕིབས་Sushiསོའུ་ཞིས་སོགས་འཛམ་གླིང་རང་བཞིན་གྱི་སྐད་རིགས་ཆགས་ཟིན་པས་དེ་མུར་འཇོག་པའམ་རྒྱུན་སྤྱོད་ཐུབ་ན་སྤྱི་ཚོགས་ཤེས་བྱར་འཇུག་པ་ལ་སྟབས་བདེ་བསྐྲུན་ཐུབ། དེ་བཞིན་Corona virus ཁོ་རོ་ན་ནད་ཡམས་ལྟ་བུར་མཚོན་ན་ཡང་འཛམ་གླིང་རང་བཞིན་གྱི་མིང་ཞིག་ཆགས་ཡོད་རྐྱེན་མི་རབས་རྗེས་མ་ཚོར་མཚོན་ན་སྒྲ་སོར་འཇོག་བྱས་པ་འདི་དོན་བསྒྱུར་བྱས་པ་ལས་ཀྱང་ངོས་ཤེས་འཕེར་སླ་ཞིང་ཤེས་ན་བརྗེད་དཀའ་བ་སོགས་ཀྱི་དགེ་མཚན་ལྡན་པ་གོར་མ་ཆག་གོ།
ལྐུག་པ་ཁྱེད་ནི་རྒྱ་ནག་གི་གཡོ་འོག་ཏུ་ཚུད་འདུག མིང་འདི་འདོགས་མཁན་ནི་རུལ་སུངས་ཅན་གྱི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་རེད།
ཁྱེད་ཀྱིས་དེ་ལ་ཡིད་ཆེས་བྱས་ནས་བཤད་ཁུལ་བྱ་གི་འདུག རྒྱ་དགའ་མ་་་