གཡུ་སྒང་དགེ་འདུན།
དམར་ཕྱོགས་པའི་སེམས་གཏིང་གི་ལྷ་ཡུལ་ཝུའུ་ཧུན་ནས་གནམ་ས་ཡོམ་ཡོམ་གཏོང་ཞིང་ལུས་སྲོག་ལ་རྔམ་པའི་ཇག་ཚོགས་ཤིག་ཐོན། ཇག་ཚོགས་དེས་མི་ཚོགས་དང་འབྲེལ་ལམ་ཁྲོད། ལག་འཇུ་དང་ཁ་རླངས་བརྒྱུད་ཡོད་ཚད་ཧམ་བཟུང་བྱེད་པའི་བྱུས་ངན་བཏོན། དམར་ཕྱོགས་པས་ཁ་དབང་དང་ལ་རྒྱ་ཁོ་ནས་འཛམ་གླིང་འདིར་སྦེད་གསང་བྱས། སྟབས་མ་ལེགས་པར། གསང་བ་དེ་ཝུའུ་ཧན་གྲོང་ཁྱེར་གྱི་སྡོད་མི་ཚུགས་པའི་ཕྱི་གླིང་མགྲོན་པོ་ཚོས་བརྐུས་ཏེ་འཛམ་གླིང་གི་ས་ཆ་གང་སར་རྔན་པར་སྤྲད། རྔན་པ་སྤྲད་མཁན་དག་རྒྱལ་ཁ་དང་ཕམ་ཁ་ཅི་ཆགས་ཀྱང་། ལྷིང་འཇགས་ཀྱི་གོ་ལ་ཟང་ཟིང་དུ་གྱུར། ཡོད་ཚད་ཀྱིས་ཇག་ཚོགས་དེར་དོགས་ཟོན་བྱས་ཀྱང་། ལས་དང་བསོད་ནམས་ཀྱི་དབང་གིས་ཇག་ཚོགས་ཀྱིས་མནར་གཅོད་གཏོང་ཡུལ་བཤད་ཚོད་མི་ཐུག འཛམ་གླིང་འདིར་སྲོལ་རྒྱུན་གསོ་དཔྱད་ཀྱི་དམག་འཐབ་ལས་ཚན་རིག་གསོ་དཔྱད་ཀྱི་དམག་འཐབ་ལ་ཡིད་ཆེས་བྱེད་ཀྱང་། ཚན་རིག་པ་ཚོས་ཀྱང་ཅི་བཤད་འདི་བཤད་མེད་པར། དང་པོར་ཇག་ཚོགས་དེ་རི་སྐྱེས་སེམས་ཅན་ཞིག་ལས་བྱུང་ཚད་བརྗོད། བར་དུ་རྒྱ་ནག་གི་ངན་སེམས་ཀྱིས་ཐབས་བྱུས་ལས་ཐོན་པའི་ཇག་ཚོགས་ཤིག་རེད་ཟེར། རྒྱ་ནག་དངངས་སྐྲག་དང་བཅས་ཇག་ཚོགས་དེ་དང་པོ་ཨ་རི་ནས་བྱུང་། དང་པོ་ཨ་རི་ནས་བྱུང་ཟེར། གང་ལྟར་ཇག་པ་དེས་ཆེས་འཇིགས་བསྐུལ་དང་རྡུང་རྡེག དམར་གསོད་གཏོང་སའང་དེ་གཉིས་གཙོས་སྟོབས་འབྱོར་དང་མངའ་ཐང་། ཚན་རིག་དར་རྒྱས་ཆེ་ཞིང་། ང་ཚོའི་རྒྱལ་ཁབ་ལས་གཞན་གང་ལའང་འདི་འདྲ་མེད་སྙམ་པའི་ངར་འཛིན་བྱེད་མཁན་དག་རེད། དེ་དག་དང་མཉམ་དུ་ལས་མ་དྲང་བའི་གཉོམ་ཆུང་རྒྱལ་ཁབ་ཚོ་ལའང་རྒྱུག་པ་ལེབ་རྡུང་དུ་གྱུར། རྒྱུག་པ་ལེབ་རྡུང་ཁྲོད་ཀྱི་ང་ཚོའི་གནས་ཡུལ་རྒྱལ་ཁབ་ལའང་རྒྱུག་སྣེས་ལྡི་ལིར་གཞུས་ཤིང་། དེ་ནས་རིམ་གྱིས་མངའ་སྡེ་རེ་རེ་བྱས་ཏེ་དབྱུག་པས་བརྡུངས། ཁ་དབང་ཅན་གྱི་སྲིད་བློན་མཆོག་གིས་ཕྱོགས་བརྒྱ་དུས་གཅིག་ཏུ་ཉིན་གྲངས་ཉེར་གཅིག་རིང་ཇག་པར་ཡིབ་དགོས་པའི་བཀའ་ཁྱབ་གནང་། རང་གི་རྒྱལ་ཁབ་དང་། རང་གི་དབུ་ཁྲིད་ལ་བརྩི་འཇོག་ཆེ་བའི་ཡུལ་མི་ཚོ་ཁུ་སིམ་པོར་གྱུར། འོན་ཀྱང་། ཉིན་གྲངས་ཉེར་གཅིག་ཟིན་སོང་། སླར་ཡང་ཉིན་གྲངས་བཅུ་དགུ་ཕྱིར་འགྱངས་བྱས་མོད། ད་དུང་ཇག་ཚོགས་དེས་བཙན་གནོན་དང་དམར་གསོད་མཚམས་འཇོག་མིན་བཤད་དཀའ། ཡིན་ནའང་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་ཀྱི་ཡོད་པ་རེད། བསམ་ཞིབ་བཏང་ན་ཇག་ཚོགས་འདི་ཟླ་ཁ་ཤས་རིང་འཇགས་འགྲོ་བ་ཞིག་གཏན་ནས་མིན། འདི་ལ་གཉེན་པོ་རང་འཚམས་ཤིག་མ་ཐོན་བར་དུ་གནས་རྒྱུ་ཉག་གཅིག་རེད། ད་ལྟ་འཛམ་གླིང་ཛ་དྲག་གི་སྐབས་སུ་ཚན་རིག་པ་ཚོས་ཞིབ་འཇུག་ཅེས་པའི་མིང་ཐོག་ནས་དུས་ཚོད་བསྐྱལ། སྲོལ་རྒྱུན་གྱི་ལག་ལེན་ཆེད་མཁས་པ་དག་གིས་རང་དབང་མེད་པའི་ཁྲིམས་འོག་ནས་མེས་པོས་ཕྱག་རྒྱུན་གྱི་དགྲ་ལ་འཐབ་ཚུལ་ས་བསྒྲགས་གནམ་བསྒྲགས་བྱས་ཀྱང་། ཡ་བྱེད་མཁན་དཀོན། གལ་སྲིད་སྲོལ་རྒྱུན་གྱི་དགྲ་འཐབ་ལག་ལེན་ལ་རང་དབང་གིས་ཁྱད་ཆོས་སྤེལ་བའི་གོ་སྐབས་ཡོད་ན། སྲོལ་རྒྱུན་དམག་འཐབ་པ་ཚོས་མེས་པོས་ཤུལ་བཞག་གི་ཁྱད་ཆོས་འདོན་ཆོག་ཆོག་གི་སྟ་གོན་བྱས་ཏེ་བསྡད་ཀྱང་གོ་སྐབས་ཧ་ཅང་དབེན།
ཞེས་གཡུ་སྒང་དགེ་འདུན་གྱིས་ ༢༠༢༠ ། ཟླ་ ༠༤། ཚེས་ ༡༩ ཉིན་བྲིས།