བསྟན་འཛིན་ཚེ་དཔག ༼བྱང་ཨ་རི༽
དྲི་བ་གཉིས་པ། ཏོག་སྲིན་ནད་པར་ནད་རྟགས་འདྲ་མི་འདྲ་མང་པོ་ཡོང་གི་འདུག དེར་བོད་ཀྱི་གསོ་བ་རིག་པའི་སྒོ་ནས་དང་ཁྱེད་རང་གི་ངོས་ནས་ངོས་འཛིན་དང་འགྲེལ་བཤད་གང་འདྲ་གནང་གི་ཡོད་དམ། དེ་ནས་གསོ་བཅོས་ཀྱི་ཐབས་ཤེས་གང་དང་གང་བསྟེན་དགོས་པའི་ཐད་ནས་ལམ་སྟོན་ཅིག་གནང་རོགས།
ཨེམ་རྗེ་རྣམ་རྒྱལ་ལགས་ཀྱི་བཀའ་ལན། བོད་ཀྱི་གསོ་བ་རིག་པའི་སྒོ་ནས་བཤད་ན། སྤྱིར་བཏང་གི་ཆ་ནས་མི་ཚང་མའི་རང་བཞིན་མི་འདྲ་བ། ཟས་སྤྱོད་བསྟེན་སྟངས་མི་འདྲ་བ། ལོ་ནའི་རྒན་གཞོན་མི་འདྲ་བ། གཟུགས་སྟོབས་ཆེ་ཆུང་མི་འདྲ་བ། ཕོ་བའི་འཇུ་སྟོབས་ཀྱི་ཆེ་ཆུང་མི་འདྲ་བ། རྒྱུན་ནད་ཡོད་མེད་ཀྱི་ཁྱད་པར་དང་། དེའི་སྟེང་ལ་བསམ་བློ་གཏོང་སྟངས་མི་འདྲ་བ། ཡིད་ཆེས་བྱེད་སྟངས་མི་འདྲ་བ་སོགས་ཕྱི་ནང་གི་རྐྱེན་སྣ་ཚོགས་ལ་བརྟེན་ནས་མི་མང་པོ་ན་ཚ་གཅིག་པ་ན་གི་ཡོད་ནའང་ནད་རྟགས་འདྲ་མི་འདྲ་ཡོང་གི་ཡོད་པ་རེད།
ད་ལྟའི་ཏོག་སྲིན་གྱི་ནད་འདི་ན་ཚ་གསར་པ་ཞིག་ཡིན་སྟབས། གཏན་འཁེལ་བ་ཞིག་ད་ལྟའང་བཤད་ཐུབ་ཀྱི་མེད། དེ་སྔ་རྒྱ་ནག་ཝུ་ཧན་ནས་ཐོག་མར་ནད་འདི་ཐོན་སྐབས་སྣ་ཆུ་འཛག་གི་རེད་ཟེར་མཁན་མང་པོ་ཡོང་གི་འདུག དེང་སང་སྣ་ཆུ་འཛག་ཡ་དེ་ནད་རྟགས་གལ་ཆེ་ཞིག་ལ་ངོས་འཛིན་གནང་གི་མི་འདུག དེང་སྐབས་ཏོག་སྲིན་ནད་པ་ཕལ་ཆེ་བར་ཚ་བ་འཕར་བ། གློ་རྒྱབ་རྒྱག་པ། མིད་པར་ཟ་འཕྲུག་ལངས་པ་དང་མིད་པ་ཚ་བ། འགའ་ཤས་ལ་ན་ཚ་འདི་ཐོག་མར་ན་བའི་སྐབས་སུ་ཟ་མ་ལ་བྲོ་བ་མེད་པ་དང་། སྣ་ཡི་དྲི་ཚོར་ཉམས་བསྡད་པ་ཡོང་གི་ཡོད་པ་རེད། ཡང་རིགས་འགའ་ཤས་ལ་རུས་ཚིགས་ཚང་མར་ན་ཟུག་གཏོང་བ། འགའ་ཤས་ལ་རྐེད་པ་ན་བ་དང་གྲོད་ཁོག་བཤལ་བ་སོགས་ཡོང་གི་ཡོད།
དེ་ཙམ་མ་ཟད་མི་འགའ་ཤས་ལ་ཏོག་སྲིན་ན་ཚ་འགོས་ནས་ཉིན་གཅིག་གཉིས་ཀྱི་རྗེས་ལ་ནད་རྟགས་ཐོན་གྱི་ཡོད་པ་དང་། འགའ་ཤས་ལ་བདུན་གཅིག འགའ་ཤས་ལ་བདུན་གཉིས་ཙམ་གྱི་རྗེས་ལ་ནད་རྟགས་ཐོན་འགོ་བཙུག་གི་ཡོད་པ་ནི་གོང་གི་རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་ཡོང་གི་ཡོད། འོན་ཀྱང་། ཚན་རིག་པ་དང་ཆེད་ལས་སྨན་པ་ཚོས་ད་ལྟའི་ཆར་ཐོག་མཐའ་བར་གསུམ་ལ་ནད་རྟགས་འདི་དང་འདི་འདྲ་བ་ཡོང་གི་ཡོད་པའི་སྐོར་ཁ་ཚོན་བཅད་ནས་བཤད་ཐུབ་ཀྱི་མེད་པ་ནི། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་སྲིན་ནད་འདིའི་ངོ་བོ་དང་ཁྱད་ཆོས་སོགས་ད་ལྟའང་ཚོད་ལྟའི་ངང་ལྷག་བསྡད་ཡོད་པའི་རྣམ་པ་གསལ་པོ་རེད།
གོང་གི་ནད་རྟགས་རྣམས་ཡོང་གྲགས་ཀྱི་སྟེང་ལ་བདུན་གཅིག་གཉིས་ཙམ་གྱི་རྗེས་ཏོིག་སྲིན་དེ་གློ་བའི་རྩ་སྦུབས་ཕྲ་མོའི་ནང་བཙན་འཛུལ་བྱེད་སྐབས་དབུགས་གཏོང་ལེན་ཁག་པོ་ཆགས་ཀྱི་ཡོད་པ་ནི་ཡོང་གྲགས་རེད། དོ་སྣང་བྱེད་དགོས་པ་ཞིག་ལ། མི་བརྒྱ་ཆ་ལྔ་བཅུ་ཙམ་ལ་གོང་གི་ནད་རྟགས་གང་ཡང་མེད་ཀྱང་ཏོག་སྲིན་ལུས་ནང་ལ་གབ་པའི་ཚུལ་དུ་གནས་ཀྱི་ཡོད་ཅེས་ཏོག་སྲིན་སྨན་བཅོས་གནང་མཁན་ཆེད་ལས་སྨན་པ་ཚོས་གསུངས་ཀྱི་ཡོད། དེ་ལ་བོད་ཀྱི་གསོ་རིག་པའི་ནང་ལ་གབ་ཚད་ཅེས་བཤད་ཀྱི་རེད། དེ་འདྲའི་སྐབས་ཏོག་སྲིན་དེ་མི་མངོན་པའི་ཚུལ་དུ་སྤྱི་ཚོགས་ནང་ཁྱབ་གདལ་ཤུགས་ཆེ་འགྲོ་གི་ཡོད་པ་གསལ་པོ་རེད། དང་པོ་ཏོག་སྲིན་དེ་འགོས་ནས་ཉིན་གཅིག་ཙམ་གྱི་རྗེས་ལ་ནད་རྟགས་ཐོན་ནས་ཉིན་རེ་ནས་ཉིན་རེར་ནད་རྟགས་ཛ་དྲག་ཏུ་འགྲོ་གི་ཡོད་ན། མི་དེ་རླུང་གི་རང་བཞིན་ཡིན་པ་དང་གཟུགས་སྟོབས་ཞན་པོ་ཡིན་པ་མཚོན་གྱི་ཡོད། ཉིན་ལྟར་རླུང་ལ་ཕན་པའི་ཟས་བཅུད་ལྡན་དང་དྲོ་བའི་རིགས་བསྟེན་ཏེ་འགོག་སྲུང་གི་ནུས་པ་གསོ་རྒྱུ་གལ་ཆེན་པོ་ཡིན།
དེ་ལ་ཟས་ཀྱི་ཆ་ནས་ཤ་ཁུ་དང་རུས་ཐང་། བུ་རམ། ཉུང་མ།(Turnip) གུང་ལ་ཕུག(Carrot) ལ་ཕུག(Radish) ཉེ་ཤིང་། (Asparagus) ཅུའུ་ཚལ་ལམ་ཀེའུ་དང་བཙོང་སྒོག་རིགས། སྨན་སྤོད་ལ་སུག་སྨེལ། (Small Cardamom) བཅའ་སྒ (Ginger) པི་པི་ལིང་།(Long Pepper) འུ་སུ། (Coriander) ཀ་ཀོ་ལ། (Bigger Cardamom) ཡུང་བ། (Turmeric) ཤིང་ཚ། (Cinnamon) ཟི་ར་དཀར་པོ་(White Cumin Seed)དང་ཤིང་ཀུན་ (Asafoetida) རིགས། ཤིང་འབྲས་ཚ་ལུ་མ།. ཀི་ཝི། ལི། རྒུན་འབྲུམ། སེ་འབྲུ་དང་ཁམ་བུའི་རིགས།. ཤིང་འབྲས་སྐམ་པོ་ལ་སྟར་ཁ་དང་མངའ་རིས་ཁམ་བུ། བྲ་འགོ(Dates) སོགས་གཏོང་དགོས་པ་ཡིན། སྐོམ་ལ་ཆུ་སྐོལ། སྔོ་ཇ་དང་སྨན་ཇའི་རིགས།. རྩམ་ཐུག གྲོ་ཐུག ནས་ཐུག་སོགས་ཐུག་པའི་རིགས། གཞན་ཡང་ནས་ཟན་དང་བྲ་བོའི་ཟན་རིགས་སོགས་བསྟེན་དགོས།
དེའི་སྐབས་འཛེམ་དགོས་པ་ནི་སྟབས་བདེའི་ཁ་ལག་རིགས། འབྲས་དཀར་པོ་དང་གྲོ་ཞིབ་དཀར་པོ། ཀ་ར་སོགས་མངར་མོའི་རིགས། འཁྱག་སྒམ་གྱི་ཆུ་དང་ཆུ་གྲང་མངར་མོའི་རིགས། འཁྱག་སྤྲི་འདྲ་མིན་རིགས་དང་ས་ཆ་གྲང་མོ་དང་རླུང་ངར་ཡོད་སའི་ས་ཆའི་རིགས་སུ་གནས་སྡོད་སྤོང་ཐབས་གནང་དགོས་པ་ཡིན། རླུང་གི་རང་བཞིན་ཅན་རྣམས་ནི་རྣམ་རྟོག་དང་དོགས་པ་ཆེན་པོ། དངངས་འཚབ་ཆེན་པོ་ཡོད་སྟབས་རང་ཉིད་ཀྱི་སེམས་ལ་འབབ་པའི་བློ་མཐུན་གྲོགས་པོ་ཚོའི་མཉམ་བསྡད་ནས་རང་ཉིད་ཀྱི་དཀའ་ངལ་རྣམས་འགྲེལ་བཤད་བྱས་ཏེ་བཟང་ཕྱོགས་ཀྱི་ཐབས་ལམ་འཚོལ་ཐབས་གནང་དགོས། དེ་ཙམ་མ་ཟད་གཙོ་བོ་ནང་དུ་དྲོ་བཅོས་བསྟེན་ཐབས་གནང་དགོས་པ་ཡིན།
རྒྱུན་དུ་གཟུགས་སྟོབས་ཡག་པོ་ཡོད་པ། ལོ་ན་གཞོན་གཞོན་དང་རྒྱུན་དུ་ནད་གཞི་གཞན་གང་ཡང་མེད་མཁན་ཞིག་ལ་ཏོག་སྲིན་ན་ཚ་ཕོག་ནས་ཚ་བ་ཆེན་པོ་འཕར་ན། བོད་ལུགས་གསོ་རིག་གི་སྒོ་ནས་བཤད་ན་དེ་ནི་མཁྲིས་པ་ཤུགས་ཆེར་འཕེལ་བའི་རྟགས་ཡིན། ན་ཚོད་དར་ལ་བབས་དུས་གཟུགས་སྟོབས་རྒྱས་པའི་སྒང་ཡིན་སྟབས་གཙོ་བོ་མཁྲིས་པའི་རྐྱེན་གྱིས་རྒྱས་པ་དང་། དེའི་སྟེང་ཚ་བ་འབར་ན་ཚ་བ་ཤུགས་ཆེ་ཙམ་ཡོད་ངེས་ཀྱང་ཚ་བ་གཅོག་པའི་ཕྱི་ལུགས་སྨན་དང་། བོད་སྨན་སོགས་ལམ་སེང་ཚ་བ་གཅོག་ཐུབ་པའི་སྨན་གཏོང་ཐུབ་ན་ནད་འདི་སྔོན་འགོག་ཐུབ་པ་དང་། ན་སོང་ནའང་མགྱོགས་པོར་དྲག་སྐྱེད་ཐུབ་པའི་རེ་བ་ཡོད། འོན་ཀྱང་། དེའི་རིང་གོང་དུ་བསྟན་པའི་ཟས་དྲོད་བཅུད་ལྡན་པའི་རིགས་བསྟེན་ཐུབ་ན་ནད་གཞི་རྩ་འགོག་གཏོང་བའི་གྲོགས་སུ་འགྱུར་ཐུབ།
མི་འགའ་ཤས་ལ་ན་ཚ་དེ་ཕོག་ནས་བདུན་གཉིས་ཙམ་འགོར་གྱི་ཡོད་པ་ནི་ལུས་བད་མཁྲིས་ཀྱི་རང་བཞིན་གྱིས་ཏོག་སྲིན་རླུང་གི་ངོ་བོར་མགོ་གནོན་པའི་ཚུལ་གྱིས་ནད་ལངས་མི་ཐུབ་པའི་རྒྱུ་མཚན་མཐོང་གི་འདུག གང་ལྟར། ནད་རྟགས་མགྱོགས་པོར་འགྱུར་བ་འགྲོ་གི་འདུག་ན་རླུང་ལ་ཕན་པའི་ཟས་དང་སྤྱོད་ལམ་བསྟེན་དགོས་པ་དང་། གལ་སྲིད། ནད་རྟགས་ཐོན་པར་དུས་ཚོད་འགོར་གྱི་ཡོད་པ་དང་། ཚ་བ་ཤུགས་ཆེ་འཕར་ན་ས་གནས་ཀྱི་ཕྱི་ལུགས་དང་བོད་ལུགས་སྨན་པར་བསྟེན་ནས་ཛ་དྲག་གི་སྨན་བཅོས་གནང་རྒྱུ་ལྷོད་ཡངས་སུ་མ་སོང་བ་གནང་གལ་ཆེ་བ་ཡིན། མི་འགའ་ཤས་ལ་ནད་རྟགས་ལམ་སེང་ཐོན་གྱི་མེད་ན་ཚ་བ་གྲང་བའི་འོག་ཏུ་གབ་པའི་རྟགས་ཡིན་པས་དང་པོ་ཕྱི་གྲང་བའི་ནད་རྟགས་དེ་རྩ་མེད་བཟོ་དགོས་པ་ཡིན་པས་དེར་ཟས་འཇུ་སླ་ཞིང་དྲོད་བཅུད་ལྡན་པ། སྤྱོད་ལམ་ཡང་དྲོ་སར་སྡོད་པ་སོགས་གནང་དགོས། དེ་རྗེས་ལུས་ལ་ཚ་བ་འབར་བ་སོགས་བྱུང་ཚེ་ཚ་བའི་སྨན་བཅོས་བྱས་ན་ལམ་སེང་དྲག་སྐྱེད་ཐུབ་པའི་རེ་བ་ཡོད།
ཡང་ནད་པ་སོ་སོར་ནད་རྟགས་འདྲ་མིན་ཡོད་པ་སྟེ། ཚ་བ་འཕར་གྱི་ཡོད་ན་ལྷོད་ཡངས་སུ་མ་སོང་བར་ཛ་དྲག་གི་སྒོ་ནས་སྨན་བཅོས་གནང་རྒྱུ་གལ་ཆེན་པོ་ཡིན། གང་ཡིན་ཟེར་ན། ཏོག་སྲིན་དེ་རླུང་གི་ངོ་བོར་འགྱུར་ཆོག་ཆོག་ཡོད་པ་དེས་ནད་པ་དེ་ཡང་གཟུགས་སྟོབས་ཆུང་ཆུང་རླུང་གི་རང་བཞིན་དང་། ལོ་ནའི་དབང་གིས་རྒས་འཁོགས་ཤིག་ཡིན་ན་གློ་བུར་ཉེན་ཁ་ཅན་དུ་འགྱུར་ཉེན་ཡོད་པ་ཡིན། བོད་ཀྱི་གསོ་བ་རིག་པའི་གཞུང་ན། དེ་ཕྱིར་རླུང་གི་ནད་ལ་བྱ་ར་སྒྲིམ།། ཞེས་གསུངས་ཡོད། དེ་ནི་ཛ་དྲག་གི་སྐབས་སྔོན་འགོག་དང་བཅོས་ཐབས་བྱེད་ཐུབ་པ་གནང་དགོས།
བཟའ་བཏུང་ལ་བྲོ་བ་མེད་པ་དང་སྣ་ལ་དྲི་ཚོར་གྱི་ནུས་པ་ཉམས་ན་ལུས་ལ་བད་ཀན་འཕེལ་གྱི་ཡོད་པའི་རྟགས་ཡིན། བོད་ཀྱི་གསོ་བ་རིག་པའི་གཞུང་ན། སྣ་ཡི་དབང་པོ་ནི་གློ་བའི་མེ་ཏོག་ཡིན་པ་དང་། སྣ་དང་གློ་བ་གཉིས་བད་ཀན་གྲང་བའི་གནས་ཡུལ་ཡིན། བཟའ་བཏུང་ལ་བྲོ་བ་མེད་པ་ནི་བད་ཀན་གྱི་དམིགས་བསལ་ནད་རྟགས་སུ་བཤད་ཡོད། དེ་འདྲའི་སྐབས་དྲོ་བཅོས་བྱེད་རྒྱུ་གལ་ཆེན་པོ་ཡིན། དམིགས་བསལ་ཆུ་སྐོལ་དང་སྒ་ཐང་སོགས་གང་མང་གཏང་དགོས།
མིད་པར་ཟ་འཕྲུག་དང་ཚ་ཤར་བྱེད་ན་ཏོག་སྲིན་གྱི་གཉན་ཁ་གློ་བར་བབས་མགོ་ཚུགས་པའི་རྟགས་ཡིན། དེས་ན། ལམ་སེང་ནད་རྟགས་དེ་ལ་དཔག་པའི་གཉན་འཇོམས་རིགས་བསྟེན་རྒྱུ་གལ་ཆེན་པོ་ཡིན། ཟས་སྐོམ་ནི་གོང་ལྟར་ཆུ་སྐོལ་སོགས་དྲོ་བའི་རིགས་དང་བཅུད་ལྡན་རིགས་གཏང་རྒྱུ་གལ་ཆེན་པོར་མཐོང་གི་འདུག
གཟུགས་པོ་ཆ་ཚང་ཐང་ཆད་ནས་རུས་ཟུག་གཏོང་གི་འདུག་ན། ཚ་བ་རླུང་གི་དཀྱིལ་དུ་ཞུགས་པའི་རྟགས་ཡིན་པས་འདིའི་སྐབས་ལའང་རླུང་གི་ཟས་སྤྱོད་དང་། ཐང་གི་རིགས་སོགས་གང་འོས་ས་གནས་བོད་ལུགས་སྨན་པར་བསྟེན་ནས་ལམ་སྟོན་བཀའ་སློབ་ཞུ་དགོས། ན་ཚ་དེ་ཛ་དྲག་གི་སྐབས་ལ་དབུགས་གཏོང་ལེན་བྱེད་ཁག་པོ་ཆགས་ཀྱི་ཡོད། དེ་ནི་གློ་བའི་ནང་གཉན་ཁ་རྒྱས་ཏེ་རྩ་སྦུབས་ནང་བེ་སྣབས་ཀྱིས་ཁེངས་ཀྱི་ཡོད་པའི་རྟགས་ཡིན། འདིའི་སྐབས་ལའང་ཆུ་སྐོལ་དང་རླངས་པ་རྔུབ་པ་སོགས་ཀྱི་ཐབས་ཤེས་བསྟེན་དགོས། ཐེངས་གཅིག་ལ་ཟས་མང་པོ་མ་ཟོས་པར་ཉུང་ཉུང་དང་ལན་མང་བཟའ་དགོས་པ་དང་། འཇུ་སླ་བའི་ཟས་རྣམས་མང་ཙམ་བསྟེན་དགོས། དབུགས་གཏོང་ལེན་ཁག་པོ་ཆགས་པ་ནི་ཛ་དྲག་གནས་ཚུལ་ཡིན་པས་ལམ་སེང་སྨན་ཁང་ཆེ་ཁག་ཏུ་བསྟན་དགོས།
གོང་གི་ནད་རྟགས་ཐོན་པ་ལའང་དུས་ཚོད་འདྲ་མིན་འགོར་བ་བཞིན། དྲག་སྐྱེད་འགྲོ་བ་ལའང་མི་སོ་སོའི་གཟུགས་སྟོབས་དང་རང་བཞིན་སོགས་ལ་ལྟོས་ནས་དྲག་སྐྱེད་འགྲོ་བའི་དུས་ཚོད་ངེས་གཏན་མེད་པ་ཡིན། འོན་ཀྱང་། ད་ལན་གྱི་ཏོག་སྲིན་ན་ཚ་འདི་ལ་མཚོན་ན། ཡང་ན་དྲག་སྐྱེད་སླ་བ་དང་། ཡང་ན་མགྱོགས་པོ་སྲོག་སྐྱོན་འགྲོ་སླ་བ་སོགས་ནི་ཏོག་སྲིན་འདིའི་ངོ་བོ་རླུང་གི་རང་བཞིན་ཡིན་པ་དང་། རླུང་གི་བཞོན་པ་ལ་བརྟེན་ནས་ཁྱབ་ཀྱི་ཡོད་པ་གསལ་པོ་རེད།
དེ་ལ་བརྟེན་ནས་ལོ་ན་རྒན་པ་ཚོར་མང་བ་ན་གི་ཡོད་པ་དང་། ན་བ་ཡིན་ན་ཉེན་ཁ་ཆེ་བ་ཡོད་པ་དེ་ཡང་རླུང་གི་ཤུགས་རྐྱེན་ཆེ་དྲགས་པའི་དབང་གིས་རེད། དེ་ཙམ་མ་ཟད་ཁྲག་ཤེད་དང་སྙིང་ནད་ཡོད་མཁན་ལ་ཉེན་ཁ་ཆེ་བ་ཡང་ནད་འདི་གཉིས་རླུང་གི་རྐྱེན་ལ་རག་ལས་ཡོད་པ་བསྟན་གྱི་ཡོད། ད་དུང་དེ་ཙམ་མ་ཟད་ཁྲག་མངར་གཅིན་སྙི་ཟ་ཁུའི་ནད་དེ་རྙིངས་པ་ཆགས་དུས་རླུང་གི་རྐྱེན་བྱས་ནས་གསོ་དཀའ་བ་ཡིན་ཞེས་བོད་ཀྱི་གསོ་རིག་གཞུང་ལུགས་ན་གསུངས་ཀྱི་ཡོད་པ་དེ་ར་འཕྲོད་པ་ལྟ་བུ་རེད། ད་དུང་འབྲས་སྐྲན་ན་མཁན་མང་པོར་ཡང་ཏོག་སྲིན་གྱི་རྐྱེན་བྱས་ནས་འདས་གྲོངས་སུ་འགྱུར་གྱི་ཡོད་པ་ནི་མུ་གེའི་སྒང་ལ་ཟླ་ལྷག་གི་དཔེ་ལྟར་ནད་འཇིག་པ་ཆེན་པོ་གཉིས་ཀྱིས་ལུས་སེམས་གཉིས་ཀའི་བྱ་བ་ཉམས་སུ་བཅུག་ནས་རྐྱེན་འདས་སུ་འགྲོ་བ་དེ་ལ་བོད་ཀྱི་གསོ་རིག་གཞུང་ནང་འདུ་བ་གཤེད་དུ་བབས་པ་ཟེར་གྱི་ཡོད། འོན་ཀྱང་། སྟབས་ལེགས་པ་ཞིག་ལ། ཏོག་སྲིན་ནད་ཀྱིས་རྐྱེན་འདས་སུ་འགྲོ་མཁན་ལས་དྲག་སྐྱེད་འགྲོ་མཁན་མང་བ་ཡོད་སྟབས་ཐོག་མ་ནས་ཐེམ་སྤང་གི་ཐབས་ལམ་དང་། སྤྱི་ཚོགས་ནས་རྒྱང་སྐྱེད་ཀྱི་ཐབས་ལམ། ལག་པ་གཙང་མ་འཁྲུ་རྒྱུ་དང་ཁ་རས་གྱོན་རྒྱུ་སོགས་ལུས་སྲུང་གི་ཆོ་ག་བསྟེན་དགོས། ཟས་ལ་གཙོ་བོ་རླུང་ལ་ཕན་པའི་ཟས་རིགས་བསྟེན་དགོས་པ་དང་། སྤྱོད་ལམ་ཐད་ནས་དྲོ་བཅོས་གཙོ་བོ་དང་། སྨན་ལ་གཉན་ཚད་རླུང་གསུམ་ལ་ཕན་པ། དཔྱད་ལ་གཙོ་བོ་རླུང་གསང་ལ་སྣུམ་བདུག་རིགས་བསྟེན་ཐུབ་པ་ཡིན་། ཧ་ཅང་གི་ཕན་ཐོགས་ཡོད་པར་མཐོང་གི་འདུག།
༼མུ་འགོད༽
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཨེམ་རྗེ་ལགས་ཀྱིས་བཀོད་པའི་ཟུར་མཆན།
གོང་གི་ཟས་སྤྱོད་ལམ་སྟོན་ནི་བོད་ཀྱི་གསོ་རིག་དགོངས་དོན་དང་མཐུན་པའི་འཕྲོད་བསྟེན་བྱེད་ཕྱོགས་ཀྱི་ལམ་སྟོན་ཙམ་ཡིན། འདི་ལ་གཞི་བཞག་ནས་ས་གནས་བོད་ཀྱི་གསོ་རིག་སྨན་པའི་ལམ་སྟོན་ཞུ་དགོས་པ་ཡིན།
བཅད་མ་བསྲེས་པའི་སྙན་རྩོམ་ཐུང་ངུ་མ་འདི་ལམ་བར་གྱི་མེ་འཁོར་ནང་དྲན་སྣང་གང་ཤར་དང་ཐེབ་གནོན་གང་བྱོན་གྱི་དབྱིངས་ནས་མགུར་འདི་གསོལ་བ་ཡིན།
བྱང་ཐང་ཕོ་ཉས།
མེ་ཏོག་ཁ་གསར་ཚོམ་པོ་བཀོད་པ་འདི།།
དད་ཕྱག་གཏིང་དུ་རུམ་པའི་མཚོན་དོན་ཡིན།།
སྨྲ་ལྕེ་རྣོ་པོས་ངར་ལྕགས་བཞུད་མ་འདི།།
ཕ་བོང་འཁྱག་ཏུ་རུམ་པའི་འགས་གཏོར་བྱོས།།
མ་གཞི་མི་གཞི་དག་ལ་དགར་བའི་འགྲོ་མི་དེ།།
དུད་འགྲོ་སུག་བཞི་ཅན་གྱི་ལུགས་ཤིག་ལས།།
ཀླད་ཁམས་ཤེས་རབ་ཅན་གྱི་གཟུགས་དེ་མིན།།
བདག་གི་བློ་བ་གཏད་པའི་འགྲོ་བ་ཡེ་ནས་མེད།།
ང་རང་གནས་ལ་འཚོ་བའི་ལམ་རྒྱགས་སྨྱགས་པག་དེ།།
རེ་དོག་སྣང་བ་དང་པའི་ཞིང་ཁམས་ནས།།
འཇིག་རྟེན་མགྲོན་དུ་འབྱོར་བའི་ལམ་ཡིག་ལས།།
ལན་ཆགས་བསྟོད་སྨད་རྟེན་པའི་ཟློས་གར་མེད།།
ཚེ་གང་འབྱོར་རྒྱལ་དཔོན་གྱི་གྲལ་ལ་མི་བརྩོན་བས།།
བརྩོན་ན་བསླུ་མེད་དཀོན་མཆོག་ངེད་གཉིས་ཁ་ཁ་རེད།།
ལྐོག་གྱུར་རྟོགས་པའི་སེམས་ནད་སྟེར་པ་པོ།།
ལྷ་བླ་ཀླུ་བཙན་ཟེར་བའི་འཇིགས་རྔན་ཅན།།
གསོན་དུས་མི་ཕན་ཤི་དུས་མི་ཕྲད་པར།།
བོད་ཀྱི་ཨ་ཕོ་སྤྲུལ་སྐུ་ལམ་ལུགས་འདི།།
སྐབས་འགར་མཁོ་ལ་གནས་ལ་མི་མཁོ་བས།།
བདག་ལ་ཡོད་མེད་གང་ཡང་མི་གནད་དྲིན་ཅན་པོ།།
གནད་ལུགས་གྱེར་ཤོག་ཡག་མོ་མཛེས་མོ་མ།།
དོན་ལ་གནད་ཞིང་སྒེར་ལ་གཟེར་མཁན་དེ།།
དམ་ཆོས་རི་རབ་ཙམ་གྱི་མི་ཕན་པས།།
ངོ་བསྟོད་ཟོལ་པོ་ཙམ་དེ་ཟློས་གར་ཡིན།།
ཕྱེད་ཀ་བཤད་ཤེས་ཕྱེད་ཀ་མི་ཤེས་མཁན།།
དེང་སྐབས་གྲོང་སྡེ་དག་གི་བརྒྱ་དཔོན་རེད།།
ཡོད་ཚད་མི་ཤེས་སེམས་ཚོར་རུམ་མཁན་མ།།
བཅུ་དཔོན་མཐོང་གྲོལ་སྔགས་པའི་བདག་མོ་བྱེད།།
ཧ་ལམ་མི་ཤེས་ཕལ་ཆེར་མི་གོ་མཁན།།
སྤྱི་དཔོན་བསོད་ནམས་ཅན་གྱི་མཛའ་གྲོགས་ཡིན།།
གཏན་ནས་མི་ཤེས་རྫུན་གྱི་སྒྱེ་ཁུག་ནི་།།
རིན་ནག་ཆེན་མོ་འཛིན་པའི་ལག་ལྡུམ་རེད།།
སྔགས་པ་ཟོབ་པོ་ཞིག་གི་ལེགས་བཤད་ལས།།
གྲྭ་ལོག་ཇོ་ལོག་དག་གི་རྫུན་གཏམ་ཟབ།།
བོད་གཞུང་ཟློས་གར་རྣམ་ཐར་ཉན་པ་ལས།
བྱང་ཐང་ཕོ་ཉའི་སྙན་ངག་ལྷག་ཏུ་སྙན།།
༢༠༢༠/༣/༡༢
བཅད་མ་བསྲེས་པའི་སྙན་རྩོམ་ཐུང་ངུ་མ་འདི་ལམ་བར་གྱི་མེ་འཁོར་ནང་དྲན་སྣང་གང་ཤར་དང་ཐེབ་གནོན་གང་བྱོན་གྱི་དབྱིངས་ནས་མགུར་འདི་གསོལ་བ་ཡིན།
བྱང་ཐང་ཕོ་ཉས།
མེ་ཏོག་ཁ་གསར་ཚོམ་པོ་བཀོད་པ་འདི།།
དད་ཕྱག་གཏིང་དུ་རུམ་པའི་མཚོན་དོན་ཡིན།།
སྨྲ་ལྕེ་རྣོ་པོས་ངར་ལྕགས་བཞུད་མ་འདི།།
ཕ་བོང་འཁྱག་ཏུ་རུམ་པའི་འགས་གཏོར་བྱོས།།
མ་གཞི་མི་གཞི་དག་ལ་དགར་བའི་འགྲོ་མི་དེ།།
དུད་འགྲོ་སུག་བཞི་ཅན་གྱི་ལུགས་ཤིག་ལས།།
ཀླད་ཁམས་ཤེས་རབ་ཅན་གྱི་གཟུགས་དེ་མིན།།
བདག་གི་བློ་བ་གཏད་པའི་འགྲོ་བ་ཡེ་ནས་མེད།།
ང་རང་གནས་ལ་འཚོ་བའི་ལམ་རྒྱགས་སྨྱགས་པག་དེ།།
རེ་དོག་སྣང་བ་དང་པའི་ཞིང་ཁམས་ནས།།
འཇིག་རྟེན་མགྲོན་དུ་འབྱོར་བའི་ལམ་ཡིག་ལས།།
ལན་ཆགས་བསྟོད་སྨད་རྟེན་པའི་ཟློས་གར་མེད།།
ཚེ་གང་འབྱོར་རྒྱལ་དཔོན་གྱི་གྲལ་ལ་མི་བརྩོན་བས།།
བརྩོན་ན་བསླུ་མེད་དཀོན་མཆོག་ངེད་གཉིས་ཁ་ཁ་རེད།།
ལྐོག་གྱུར་རྟོགས་པའི་སེམས་ནད་སྟེར་པ་པོ།།
ལྷ་བླ་ཀླུ་བཙན་ཟེར་བའི་འཇིགས་རྔན་ཅན།།
གསོན་དུས་མི་ཕན་ཤི་དུས་མི་ཕྲད་པར།།
བོད་ཀྱི་ཨ་ཕོ་སྤྲུལ་སྐུ་ལམ་ལུགས་འདི།།
སྐབས་འགར་མཁོ་ལ་གནས་ལ་མི་མཁོ་བས།།
བདག་ལ་ཡོད་མེད་གང་ཡང་མི་གནད་དྲིན་ཅན་པོ།།
གནད་ལུགས་གྱེར་ཤོག་ཡག་མོ་མཛེས་མོ་མ།།
དོན་ལ་གནད་ཞིང་སྒེར་ལ་གཟེར་མཁན་དེ།།
དམ་ཆོས་རི་རབ་ཙམ་གྱི་མི་ཕན་པས།།
ངོ་བསྟོད་ཟོལ་པོ་ཙམ་དེ་ཟློས་གར་ཡིན།།
ཕྱེད་ཀ་བཤད་ཤེས་ཕྱེད་ཀ་མི་ཤེས་མཁན།།
དེང་སྐབས་གྲོང་སྡེ་དག་གི་བརྒྱ་དཔོན་རེད།།
ཡོད་ཚད་མི་ཤེས་སེམས་ཚོར་རུམ་མཁན་མ།།
བཅུ་དཔོན་མཐོང་གྲོལ་སྔགས་པའི་བདག་མོ་བྱེད།།
ཧ་ལམ་མི་ཤེས་ཕལ་ཆེར་མི་གོ་མཁན།།
སྤྱི་དཔོན་བསོད་ནམས་ཅན་གྱི་མཛའ་གྲོགས་ཡིན།།
གཏན་ནས་མི་ཤེས་རྫུན་གྱི་སྒྱེ་ཁུག་ནི་།།
རིན་ནག་ཆེན་མོ་འཛིན་པའི་ལག་ལྡུམ་རེད།།
སྔགས་པ་ཟོབ་པོ་ཞིག་གི་ལེགས་བཤད་ལས།།
གྲྭ་ལོག་ཇོ་ལོག་དག་གི་རྫུན་གཏམ་ཟབ།།
བོད་གཞུང་ཟློས་གར་རྣམ་ཐར་ཉན་པ་ལས།
བྱང་ཐང་ཕོ་ཉའི་སྙན་ངག་ལྷག་ཏུ་སྙན།།
༢༠༢༠/༣/༡༢
ད་ཐེངས་ཀྱི་ནད་དུག་འདིའི་incubationགབ་ཚད་ཡིན་པའི་སྒྲུབ་བྱེད་ཅི་ཞིག་ཡོད། སྤྱིར་བོད་ལུགས གསོ་བ་རིག་པར་རིམས་ལ་མ་སྨིན་དང་སྟོངས་ཚད་གཅེས་པར་འཛིན་དགོས་ཚུལ་བཤད་ཡོད་ལ། གཞན་datesལ་བྲ་འགོ་ཟེར་རམ།
གོང་གསལ་སྨན་པ་རྣམ་རྒྱལ་ཁྱུ་གསར་ཟེར་བ་དེའི་དེང་དུས་དང་མཐུན་པའི་དཔྱད་རྩོམ་ཡག་པོ་དེ་འདྲ་བྲིས་གནང་གི་འདུག་པ་མ་ཟད། སྨན་པ་སྒེར་ལ་དོན་ནས་རང་དོན་ཁོ་ན་མིན་པ་གཞན་དོན་ཐོག་ཕྱག་ལས་གནང་གི་འདུག བོད་སྨན་འདི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཁྱེར་ཡོང་ཐབས་གནང་གི་འདུག གཞན་སྒེར་གྱི་སྨན་པ་འགའ་རང་དོན་ཁོ་ནར་འབད་བཞིན་པ་ལྟ་བུ་མཐོང་གི་འདུག དངུལ་མང་ཙམ་བཟོ་རྒྱུ་མ་གཏོགས་གཞན་གང་སྨན་པ་མིང་དོན་མཚུངས་པ་ཨེ་ཡིན།