ཆང་སྐྱེས། (བོད་ནང་གི་བུ་མོ་ཞིག་གི་རེ་སྐུལ་ལྟར་བྲིས་པ་ཡིན།)
རྙེད་པར་དཀའ་བའི་མི་ལུས་རིན་ཆེན་འདི།།
དྲིན་ཆེན་ཡབ་ཡུམ་གཉིས་ཀྱིས་བདག་ལ་གནང་།།
ཚེ་སྲོག་མྱུ་གུ་འབུས་ཏེ་རྒྱས་པ་ཡང་།།
བརྩེ་བའི་ཕ་མ་གཉི་གའི་བཀའ་དྲིན་ཡིན།།
ཟླ་དགུ་ཞག་བཅུར་བྲང་ཁོག་མངལ་དུ་འཁུར།།
ལོ་གསུམ་རིང་ལ་བྲང་གི་ནུ་མས་གསོས།།
དུས་རྒྱུན་གར་འགྲོ་ཡ་ཐོད་མིག་གིས་འཚོས།།
ཉིན་མཚན་གཉི་ག་གར་འདུག་སེམས་ཀྱིས་བསྐྱངས།།
ཇ་ཙེ་གོམ་ཙེ་ཨ་མས་ལག་འགོས་ཁྲིད།།
འགྲོ་འདུག་སྤྱོད་གསུམ་ཨ་ཕའི་ཐུགས་ཀྱིས་བཞེངས།།
གང་འདོད་ཅི་བསམ་ཕ་མས་དེ་ལྟར་སྦྱིན།།
དྲིན་ཆེན་ཕ་ལོ་མ་ལོ་ཐུགས་རྗེ་ཆེ།།
སྐྱེ་རྒ་ན་འཆི་འཇིག་རྟེན་ཆོས་ཉིད་ཞེས།།
སྐྱེ་བའི་མཐའ་མ་འཆི་བ་བདེན་ན་ཡང་།།
བདག་ལ་བརྩེ་སེམས་ཆེ་བའི་ཕ་མ་ཟུང་།།
འཇིག་རྟེན་གཞན་ལ་གཤེགས་རྒྱུར་སྔ་དྲག་སོང་།།
འབྲོག་པའི་རྩ་ཐང་སྟེང་གི་བུ་མ་ོང་།།
ལོ་ན་གསུམ་ལ་བུད་པའི་ལོ་ཟླ་དེར།།
གནམ་མཁའ་རྡིབ་པ་ལྟ་བུའི་ཆག་སྒོ་ཞིག།
ང་ཚོ་བཟའ་མི་གང་བོའི་མགོ་ལ་ལྷུང་།།
རླུང་བུ་ཤུགས་ཀྱིས་ལྡང་བའི་མཚན་མོ་དེར།།
གཤིན་རྗེ་རྒྱལ་བོ་ཁྲོས་པའི་བཀའ་ལུང་གིས།།
ང་དང་ཨ་མ་གཉི་ག་ཁ་ཁར་བཏང་།།
བདེ་སྐྱིད་འཚོ་བའི་ལོ་ཟླ་རྨང་ནས་རྒུད།།
ཨ་མ་རྒྱང་ལ་གཤེགས་པའི་ཉིན་མོ་ནས།།
སེམས་ཀྱི་རི་ལུང་སྐྱོ་གདུང་ཁ་བས་གཡོག།
འཛུབ་མོ་ཁ་ལ་སྦྱར་ཏེ་ཡང་ཡང་ངུ་།།
ངོ་གདོང་མཆི་མས་བརླན་ལ་གྲངས་ཤིག་མེད།།
རུ་གྲོང་སྡེ་བའི་ཁྱིམ་མཚེས་གཡས་གཡོན་གྱི།།
མ་བུ་མཉམ་དུ་འཛོམས་པའི་སྣང་བརྙན་དང་།།
སྐྱིད་པའི་དགོད་སྒྲ་འཕུར་བའི་ངང་ཚུལ་སོགས།།
མཐོང་དུས་བདག་གི་སེམས་པ་འཁྱག་སིབ་སིབ།།
ལྗོན་ཤིང་ལོ་མ་རྒྱས་པའི་རྩེ་མོ་ནས།།
ཁུ་བྱུག་གཞོན་ནུས་གསུང་སྐད་སྒྲོག་པའི་ཚེས།།
དྲན་གདུང་སྙི་ལ་ལྕི་བའི་བུ་མོ་ངའི།།
དྲིན་ཆེན་མ་ལོ་ཡིད་ལ་ཡང་ཡང་འཁོར།།
དཀར་གསལ་ཟླ་བ་མཁའ་ནས་འཛུམ་དང་ལྷན།།
སྐྱོ་གདུང་ལོ་ཟླ་བརྩེགས་པའི་བུ་མོ་ངས།།
མི་མངོན་དབྱིངས་སུ་གཤེགས་པའི་དྲིན་ཆེན་མ།།
དྲན་པའི་ཀློང་རུམ་གཏིང་ནས་ལྷག་ཏུ་དྲན།།
འདི་འདྲའི་སྐྱོ་གར་རིང་མོའི་ལོ་ཟླའི་ཁྲོད།།
བདག་གི་དྲིན་ཆེན་ཕ་ལོ་རླབས་པོ་ཆེས།།
ཁྱིམ་ཚང་ཕྱི་ནང་གཉི་གའི་ལས་འགན་ཡོངས།།
དང་དུ་བླངས་ཏེ་ཕྲག་པའི་སྟེང་དུ་འཁུར།།
ཉིན་མོ་ཕ་དང་མཚན་མོ་ཨ་མའི་ལས།།
མ་ལུས་ཡོད་ཚད་ཨ་ཕ་གཅིག་པོས་བསྒྲུབས།།
ལུས་སེམས་གཉི་ག་སྡུག་གིས་མནར་ན་ཡང་།།
ཨ་ཕའི་གདོང་ན་ནམ་ཡང་འཛུམ་ཞིག་ཡོད།།
འདས་པའི་ལོ་ཟླ་རིང་མོའི་ལྟེབ་ཁུགས་ནས།
ང་དང་དྲིན་ཆེན་ཕ་ལོའི་དགོད་སྒྲ་ཡོད།།
བདག་གི་ཕྱིར་དྲན་དམར་པོའི་ནང་རོལ་ན།།
ང་དང་ཕ་ལོ་གཉི་གའི་མིག་ཆུ་འཁྱིལ།།
ང་ནི་ལས་ངན་ནང་གི་ལས་ངན་ཞིག།
ཚེ་སྔོན་ལས་ཀྱིས་གོ་བསྒྲིག་ཡིན་པ་འདྲ།།
བཅུ་དྲུག་ལང་ཚོའི་ལོ་ན་མ་སོན་གོང་།།
བརྩེ་བའི་དྲིན་ཆེན་མ་ལོ་ཚེ་ལས་འདས།།
བརྩེ་ཆེན་ཕ་ལོས་དྲིན་གྱིས་བསྐྱངས་ན་ཡང་།།
ལུས་ཀྱི་གཉོམ་ལག་ཡོངས་སུ་མ་རྒྱས་བར།།
ཕ་ལོ་དམ་པ་ཉིད་ཀྱང་གཞན་དུ་གཤེགས།།
ཁོ་མོའི་ཉིན་མོ་སླར་ཡང་མུན་པས་བསྒྲིབས།།
བདག་གི་བརྩེ་ཆེན་སྙིང་གི་ཕ་མ་ཟུང་།།
ད་ལྟ་འགྲོ་དྲུག་རིགས་རུས་གང་དུ་འཚོ།།
དྲན་གདུང་་སྙིང་ལས་ཤོར་བའི་རྒྱང་འབོད་འདི།།
འགོག་ཐབས་མ་བྱུང་ཤུགས་ཀྱིས་དགུང་ལ་སྤུར།།