སྐྱེས་སར་ཀླུ་སྒྲུབ་ཀྱིས་བོད་སྒྱུར་བྱས།
Bertrand Russell རྩོམ་པ་པོ་ཁོང་ནི། དབྱིན་ཇིའི་མཚན་ཉིད་རིག་པ་བ་དང་། གཏན་ཚིག་རིག་པ་བ། ཨང་རྩིས་པ། ལོ་རྒྱུས་སྨྲ་བ། རྩོམ་པ་པོ། སྤྱི་ཚོགས་དཔྱད་ཞིབ་པ། ཆབ་སྲིད་ལས་འགུལ་བ། ནོ་བྷེལ་གཟེངས་རྟགས་བཞེས་མྱོང་མཁན་བཅས་ཡིན།
སྔོན་གླེང་།
ཁྱེད་ཚོའི་དབུ་ཁྲིད་ཀྱིས་གསུངས་པ་ལྟར། དོ་དགོང་གི་ངའི་གཏམ་བཤད་ཀྱི་བརྗོད་གཞི་ནི། ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མིན་ནམ་ཞེས་པ་འདི་ཡིན། དེས་ན། ཐོག་མར། ང་ཚོས། “ཡེ་ཤུ་བ་”ཞེས་པའི་ཚིག་འདིའི་གོ་དོན་གསལ་བོ་ཞིག་ཤེས་དགོས། ད་ལྟའི་ཆར། མི་ཧ་ཅང་མང་པོ་ཞིག་གིས་ཚིག་འདིའི་དོན་སྙིང་བརླགས་ནས་བེད་སྤྱོད་བྱེད་བཞིན་འདུག མི་ཁ་ཤས་ཀྱི་བསམ་པར། དེར་འཚོ་བ་སྐྱིད་པོ་ཞིག་ཏུ་རོལ་མཁན་ལས་ལྷག་པའི་དོན་སྙིང་ཞིག་མེད་པར་འདོད་ཀྱི་ཡོད།
ངའི་བསམ་པར། གོ་བ་ལེན་སྟངས་འདིའི་སྟེང་ནས་བཤད་ན། ཡེ་ཤུ་ཆོས་ལུགས་ནི། ཆོས་ལུགས་གྲུབ་མཐའ་དང་། ལྟ་ཚུལ་གཞན་ཡོད་ཚད་ཀྱི་ནང་དུ་ཡོད་ཆོག འོན་ཀྱང་། འདོད་ཚུལ་དེ་ཉིད་ཐ་སྙད་འདིའི་གོ་དོན་ཡང་དག་ཅིག་ཏུ་མཐོང་གི་མི་འདུག གང་ལགས་ཤེ་ན། འདིས་ཡེ་ཤུ་བ་མིན་པའི་མི་ཡོད་ཚད་མཚོན་གྱི་ཡོད་པས་རེད། སངས་རྒྱས་ཆོས་ལུགས་པ་དང་། རུའུ་ལུགས་པ། མོ་ཧན་མོ་ཏེའི་རྗེས་འཇུག་པ་ཚོས་ཀྱང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་པ་མིན་ནམ། དེས་ན། ངས་བཤད་འདོད་པ་དེ་ནི། གོ་དོན་འདིས་མཚོན་བྱ་དེ་ནི་ཡེ་ཤུ་བ་མ་རེད། རང་མོས་ཀྱི་འཚོ་བ་སྐྱིད་པོ་རོལ་མཁན་ཙམ་རེད།
ངས་བསམ་ན། ཁྱོད་ཀྱིས་རང་ཉིད་ལ་ཡེ་ཤུ་བ་ཡིན་ཞེས་མ་བརྗོད་གོང་། ཁྱོད་ལ་ངེས་པར་དུ་དད་མོས་ངེས་ཅན་ཞིག་ཡོད་དགོས། ད་ཆ་ཡེ་ཤུ་བ་ཞེས་པའི་ཐ་སྙད་འདི་ལ། དེ་སྔོན་གྱི་དམ་པ་ཨོའུ་གྷུ་སི་ཌེན་(1-St Augustine and 2-St Thomas Aquinas) དང་། དམ་པ་ཐོ་མ་སི་-ཨ་ཁུའེ་ནའི་དུས་སྐབས་ཀྱི་གོ་དོན་དེ་འདྲ་ཞིག་མེད། སྐབས་དེར། གལ་ཏེ། མི་ཞིག་གིས་ཁོང་ཡི་ཤུ་བ་ཡིན་ཞེས་བཤད་ན། དེའི་དོན་སྙིང་ནི། ཞིབ་ཚགས་ངང་གཏན་འབེབས་བྱས་པའི་བཅས་པ་མང་པོ་ཞིག་ཁས་ལེན་བྱས་ཡོད་ལ། བཅས་པ་དེ་དག་གི་འབྲུ་དོན་རེ་རེ་དད་སེམས་དང་ཡིད་ཆེས་ཀྱིས་བཅིངས་ཡོད།
ཟུར་མཆན།
1-St Augustine.
ཕྱི་ལོ་ ༣༥༤ ཟླ་ ༡༡ ཚེས་ ༡༣ ཉིན་ད་ལྟའི་ཨ་རྗེ་རའུ་(Algeria)ནང་སྐྱེས་ཤིང་། ཕྱི་ལོ་ ༤༣༠ ཟླ་ ༨ ཚེས་ ༢༨ ཉིན་ཏེ་དགུང་ལོ་༧༥ཐོག་སྐུ་གཤེགས་པའི་ཡེ་ཤུ་ཆོས་ཁང་གི་མཁས་པ་ཞིག་ཡིན།
2-St Thomas Aquinas.
ཕྱི་ལོ་ ༡༢༢༥ ལོར་ད་ལྟའི་ཨི་ཊ་ལིའི་(now Lazio, Italy)རྒྱལ་ཁོངས་སུ་སྐྱེས་ཤིང་། ཕྱི་ལོ་ ༡༢༧༤ ཟླ་ ༣ ཚེས་ ༧ ཉིན་ཕལ་ཆེར་དགུང་ལོ་ ༤༩ ཙམ་ལ་སྐུ་གཤེགས་པའི་ཡེ་ཤུ་ཆོས་ཁང་གི་མཁས་པ་ཞིག་ཡིན།
ཡིག་སྒྱུར་པའི་གསལ་བཤད།
ངའི་འདས་ཟིན་པའི་ལོ་ཟླ་མང་པོ་ཞིག་དགོན་པའི་ཁོར་ཡུག་ནས་འཚར་ལོངས་བྱུང་ཞིང་། ཡ་རབ་ཚང་གི་གཡོག་པོའི་ཚུལ་ལྟར་རང་གིས་གོ་ལོ་ཐོས་ལོ་མང་པོ་ཞིག་ཀྱང་། བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་དང་འབྲེལ་བ་ཡོད་སྟབས། དུས་རྒྱུན་ལྟ་གྲུབ་སྐོར་ཤེས་ཡོན་གྱི་སྡེ་ཚན་གཞན་ལས་ལྷག་པའི་དགའ་མོས་ཆེ་ཙམ་ཡོད་པས། དེ་འབྲེལ་གྱི་དཔེ་དེབ་ལྟ་ཀློག་བྱེད་རྒྱུ་དང་། དུས་ཚོད་བྱུང་ན་བོད་སྒྱུར་ཞུ་རྒྱུ་བཅས་ལ་མོས་པ་ཆེན་པོ་ཡོད་པས་ད་ལན་མཁས་དབང་ཁོང་གི་གསུང་རྩོམ་འདི་བོད་སྒྱུར་བྱས་པ་ཡིན། འོན་ཀྱང་འདིའི་ནང་ནོར་བ་འདྲ་ཡོད་ཚེ་མཁས་པའི་སྤྱན་སྔར་བཟོད་གསོལ་དང་། ཅི་ནས་ཀྱང་དག་པར་བཅོས་སུ་གསོལ་ཞེས་ཞུ་བར་འདོད།
འབྲེལ་བ། བྱ་ཚིག འབྲེལ་པ། ཞེས། མིང་ཚིག་ཡིན། ཞེས་ན། སྐྱོན་ཅི་ཡོད་དམ།
༼འབྲེལ་བ། བྱ་ཚིག འབྲེལ་པ། ཞེས། མིང་ཚིག་ཡིན། ཞེས་ན། སྐྱོན་ཅི་ཡོད་དམ།༽ཞེས་ཟེར།
འགྲོ། ན། གོ འགྱུར། སྐྱེ་སོགས་བྱ་ཚིག་དང་། དེ་དག་བྱ་བའི་མིང་ཅན་དུ་བྱེད་ན། གོ་བ། འགྱུར་བ་སོགས་སུ་དང་། དེ་ནས་སླར་ཡང་བྱ་བ་དང་སྦྱོར་ན། གོ་བ་ལེན། འགྱུར་བ་ཐེབས། འགྱུར་བ་སོང་སོགས་སུ་འབྲི། ཡང་། སྟོན་པ། སེམས། སྐྱེས་པ་སོགས་བྱ་ཚིག་དང་མིང་ཚིག་གཉིས་ཀ་ཡིན་པ་སོགས་མང་། རྩོད་པ་ཞིག་ཞུ་དགོས་བསམ་སོང་སྟེ། འདི་ཙམ་ལ་བཞག དགོས་པ་མ་མཐོང་།
འོ་ སྟོན་པ་ཡི་ཤུ་ག་པར་ཡོད?