སྐྱེས་སར་ཀླུ་སྒྲུབ་ཀྱིས་རང་གི་སློབ་སྦྱོང་ཆེད་བོད་སྒྱུར་བྱས།
དང་པོ། ཡེ་ཤུ་བ་ནི་ཅི་ཞིག་རེད།
ད་ཆ་ཡེ་ཤུ་བ་ཞེས་པའི་གོ་དོན་དེ་རབ་རིབ་ཅིག་ཆགས་ནས། དེ་འདྲའི་གསལ་ཁ་ཡོད་པ་ཞིག་ཏུ་བསྡད་མེད། འོན་ཀྱང་། བདག་གིས་བལྟས་ན། རང་ཉིད་ཡེ་ཤུ་བ་ཡིན་ཟེར་མཁན་ཞིག་ལ་མཚོན་ན། ཧ་ཅང་གལ་ཆེ་བའི་གནད་དོན་གཉིས་ཁས་ལེན་དགོས། དེ་ནི། གསུང་རབ་ནང་གསལ་བའི་བྱེད་པོའམ་ལྷ་ཆེན་དང་། རྟག་བརྟན་ཐེར་ཟུག་གི་རང་བཞིན་ལ་ཡིད་ཆེས་བྱེད་དགོས། གལ་ཏེ། ཁྱོད་ཀྱིས་དེ་གཉིས་ལ་ཡིད་ཆེས་མི་བྱེད་ན། ངས་བསམ་སྟངས་བྱས་ན། ཁྱོད་ཀྱིས་རང་ཉིད་ལ་ཡེ་ཤུ་བ་ཞེས་འབོད་མི་རུང་།
ད་དུང་། ཡེ་ཤུ་བ་ཞེས་པའི་མིང་རང་ལས་ཤེས་གསལ་ལྟར། ཁྱོད་ཀྱིས་ངེས་པར་དུ་སྟོན་པ་ཡེ་ཤུ་ལ་དད་མོས་དང་། ཡིད་ཆེས་བྱེད་དགོས། གང་ཡིན་ཟེར་ན། མོ་ཧ་མོ་ཏེས་ཀྱང་། བྱེད་པོའམ་ལྷ་ཆེན་དང་། རྟག་བརྟན་གྱི་ཆོས་གཉིས་ཀར་ཡིད་ཆེས་བྱེད། འོན་ཀྱང་། ཁོང་ཚོས་རང་ཉིད་ལ་ཡེ་ཤུ་བ་ཞེས་མི་འབོད། (1)
ངས་བསམ་ན། ཁྱོད་ལ་སྟོན་པ་ཡེ་ཤུར་ཆེས་དམའ་མཐའི་དད་མོས་ཙམ་ཡོད་ངེས་ཏེ། ཁོང་བླ་ན་མེད་པའི་སྐྱབས་མགོན་ཞིག་ཏུ་མི་འདོད་ན་ཡང་། མ་མཐར་ཡང་མི་ཤེས་རབ་ཅན་ཞིག་གི་ངོས་འཛིན་ཡོད་དགོས། གལ་ཏེ། ཁྱོད་རང་སྟོན་པ་ཡེ་ཤུ་ལ་ཡིད་ཆེས་དེ་ཙམ་ཡང་མེད་ན། ངའི་བསམ་པར། ཁྱོད་ལ་རང་ཉིད་ཡེ་ཤུ་ཆོས་ལུགས་པར་ཁས་འཆེ་བའི་བཟང་སྤྱོད་ཀྱི་ཐོབ་ཐང་དེ་མེད།
བཤད་མི་དགོས་པ་ཞིག་ལ། ད་དུང་གོ་དོན་གཞན་ཞིག་ཡོད་པ་ནི་། ཁྱོད་ཀྱིས་བེ་ཊ་ཁེར་གྱི་ལོ་ཐོ་(2)དང་། ས་ཁམས་སྐོར་གྱི་དཔེ་དེབ་ནང་ནས་རྙེད་ཐུབ་པ་དེ་ཡིན། དེར་འཛམ་གླིང་གི་མི་འབོར་ལ། ཡེ་ཤུ་ཆོས་ལུགས་དང་། ཁ་ཆེ། ནང་པ། ཧྥེ་ཏི་སོགས་ཀྱི་རྗེས་འཇུག་པར་དབྱེ་བ་ཕྱེས་ཡོད།
ལྟ་སྟངས་འདི་གཞིར་བཞག་གིས་བཤད་ན། ང་ཚོ་ཚང་མ་ནི་ཡེ་ཤུ་ཆོས་ལུགས་པའི་ས་ཁམས་ཁོངས་སུ་འདུ། འོན་ཀྱང་། འདི་ནི་ས་ཁམས་ཀྱི་དོན་སྙིང་ཁོ་ནའི་སྟེང་ནས་བཤད་སྟབས། ངས་བལྟས་ན། ང་ཚོས་དེ་སྣང་མེད་དུ་བཞག་ན་འགྲིག་གི་རེད། དེས་ན། ངའི་བསམ་པར། ངས་ཁྱོད་ཚོར་”ཅིའི་ཕྱིར་ང་ཡེ་ཤུ་བ་མིན་ནམ་”ཞེས་བཤད་སྐབས། ངེས་པར་དུ་ཁྱེད་ཚོར་གནད་དོན་གཉིས་བཤད་དགོས་པ་སྟེ། དང་པོ། ཅིའི་ཕྱིར་ངས་བྱེད་པོའམ་ལྷ་ཆེན་དང་། རྟག་བརྟན་ཐེར་ཟུག་ཅིག་མི་འདོད་པ་དང་། གཉིས་པ། ངས་སྟོན་པ་ཡེ་ཤུ་ནི་མཁས་མཛངས་གཉིས་ལྡན་གྱི་སྐྱེས་བུ་ཞིག་ཡིན་པར་མི་འདོད་པ་དེ་ཡིན།
ཡིན་ན་ཡང་། མིའི་བཟང་སྤྱོད་ཀྱི་ཆ་ནས་ཁོང་ལ་གུས་བཀུར་ཆེན་པོ་ཞུ་འོས། དེ་ལྟ་ནའང་། དེ་སྔའི་རྟོག་གེ་བ་དག་གི་འབད་བརྩོན་ཆེན་པོའི་ལེགས་འགྲུབ་ལ་བརྟེན་ནས། ད་ཆ་ངས་ཡེ་ཤུ་ཆོས་ལུགས་ལ་དེ་འདྲའི་སྟབས་བསྟུན་གྱི་གོ་དོན་འཇོག་མི་ཐུབ། ངས་གོང་དུ་བཤད་པ་ལྟར། འདས་དུས་སུ་ཡེ་ཤུ་བ་ཟེར་བར་གོ་དོན་ངེས་ཅན་ཞིག་ཡོད། དེར་དམྱལ་བར་བཅངས་པའི་ཡིད་ཆེས་ཀྱང་འདུ། ཉེ་ལམ་བར་དུ་རྟག་བརྟན་གྱི་དམྱལ་བར་བཅང་པའི་ཡིད་ཆེས་ནི་ཐོག་མཐའ་བར་གསུམ་དུ་ཡེ་ཤུ་ཆོས་ལུགས་ཀྱིས་དད་མོས་བྱེད་སའི་གཞི་རྩའི་རྣམ་གྲངས་ཤིག་ཆགས་པ་རེད།
ཁྱེད་ཀྱིས་ཤེས་གསལ་ལྟར། ད་ཆ་རྒྱལ་ཁབ་འདིའི་ནང་། སྲིད་གཞུང་གི་ལམ་སྟོན་ལྟར་འདུ་ཤེས་དེ་གལ་ཆེར་བརྩི་མཚམས་བཞག་ཟིན་པ་རེད། འོན་ཀྱང་། ཁན་ཊེར་བྷུ་རུའི་ཆོས་དཔོན་དང་། ཡོར་ཁིའི་ཆོས་དཔོན་གཉིས་(3) ཀྱིས་དེར་ལྟ་ཚུལ་མི་འདྲ་བ་ཞིག་བཟུང་ཡོད་མོད། རྒྱལ་ཁབ་འདིར་ང་ཚོའི་ཆོས་ལུགས་ནི་གྲོས་ཚོགས་ཀྱི་ཁྲིམས་དོན་གཞིར་བཞག་ནས་གཏན་འབེབས་བྱས་པ་ཞིག་ཡིན་སྟབས། སྲིད་གཞུང་གིས་ཡེ་ཤུ་ཆོས་ལུགས་ལ་དད་མོས་བྱེད་ཀྱིན་ཡོད། རེད་དེ། དམྱལ་བའི་རྣམ་བཞག་ནི་ཡེ་ཤུ་བར་མཚོན་ན་དགོས་ངེས་ཤིག་གཏན་ནས་མ་རེད། དེར་བརྟེན། ངས་ཡེ་ཤུ་ཆོས་ལུགས་པས་དམྱལ་བར་ཡིད་ཆེས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་ཞིག་ཏུ་མཐོང་གི་མི་འདུག
1) མཆན་བུ་འདི་མཁས་དབང་དགེ་ཆོས་ཀྱི་གསེར་ཐང་ནས་དྲངས།
ད་ནི་དུས་ཕྱིས་རྒྱ་གར་དུ་ཡུན་རིང་པོར་སྲིད་བཟུང་པའི་ཀླ་ཀློ་རྣམས་ཀྱི་འབྱུང་ཁུངས་དང་ལོ་རྒྱུས་དག་ལ་རང་གི་གཤིས་ལུགས་ཀྱིས་སྐྱོན་བརྗོད་ཕྲ་མོ་ཡང་མ་ཤོར་བར། རྒྱལ་རབས་སུ་གསལ་བ་དེ་ཁོ་ན་ལྟར་བྲི་བར་བྱའོ།། དེ་ཡང་འདི་དག་ལ་རྒྱ་གར་པ་རྣམས་མླེ་ཙྪ་སྟེ་(म्लेच्छ-Mlechch)ཀླ་ཀློའམ་ཇག་པར་འབོད་པ་ངན་སྨྲས་ཀྱི་མིང་ཡིན་ཞིང་། རང་བཞིན་གྱི་མིང་ལ་མུ་སལ་མན་(मुसलमान-Muslim)དང་། ཆོས་ལུགས་ལ་ཨི་ས་ལེམ་(इसलाम-Islam)དང་། འདི་དག་གི་རྒྱལ་པོ་རྒྱ་གར་དུ་སྲིད་བཟུང་བ་ཕྱིས་ཤས་རྣམས་ལ་མོངྒལ་གྱི་རྒྱལ་པོར་(मुगल साम्राज्य-Mughal Empire)འབོད། ཡེ་ཤུ་མ་བྱུང་བའི་སྔོན་གྱི་འཇིས་པོའམ་ཡ་ཧུ་དར་ (यहूदियों-Jews)བྲིས་པ་དེ་དག་གི་ཆོས་ལུགས་དང་། མུ་སལ་མན་གྱི་ལུགས་གཉིས་རྩ་བ་གཅིག་ཡིན་པས། ཡེ་ཤུའི་ལུགས་དང་ཨི་ས་ལེམ་གཉིས་ཀྱི་དང་པོའི་འབྱུང་ཁུངས་ཀྱང་གཅིག་ཡིན་ཞིང་། ཅུང་ཟད་ཅིག་བཅོས་ན་རྒྱ་གར་གྱི་མུ་སྟེགས་པའི་ལྟ་བའི་རྩ་བ་དང་ཡང་བསྲེས་ནུས་པས། དུས་ཕྱིས་རྒྱ་གར་པའི་སྟོན་པ་ན་ནཀ་(Guru Nanak)དང་། དགའ་བྱེད་ནག་པོ་(Ramakrishna)སོགས་ཀྱིས་ཀྱང་ཆོས་དེ་གསུམ་ག་གཅིག་ཏུ་བསྲེས་ནས་ལུགས་གསར་པའི་སྲོལ་ཞིག་ཀྱང་ཕྱེས་སོ། ། དེ་ཡང་ཡེ་ཤུ་པ་དང་། ཡ་ཧུ་ད་པ་དང་། མུ་སལ་མན་གསུམ་གས་ཀྱང་སྣང་སྲིད་ཀུན་གྱི་བྱེད་པོ་བདེ་སྡུག་ཀུན་གྱི་སྟངས་འཛིན་པའི་ལྷ་གཙོ་བོ་གཅིག་པུ་ཞིག་ཡོད་ཅིང་། དེ་ཁོ་ན་སྐྱབས་གནས་སུ་འཛིན་དགོས་སོ་ཞེས་སྨྲ་བ་ཡིན་ཅིང་། རྒྱ་གར་གྱི་མུ་སྟེགས་རྣམས་ཀྱང་ཚངས་པ་ལ་དེ་ལྟར་ཤེས་པ་ཡིན་ལ། འོན་ཀྱང་སངས་རྒྱས་པའི་ཤན་ཞུགས་ཏེ་ཚངས་པ་དེ་རེ་འགའ་ཆོས་ཀྱི་དབྱིངས་ལྟ་བུར་བཤད་པས། ཤེས་རབ་ཅན་ལ་རྣམས་ལ་སྒོམ་རྒྱུ་དང་དཔྱད་རྒྱུ་མང་དུ་ཡོད་པ་ཞིག་བྱས་སོ།། དེ་ལྟར་ན་འདི་དག་གི་སྐྱབས་ཡུལ་གྱི་ལྷ་དེ་ལ་བྱེད་པ་པོ་ཞེས་ཐ་སྙད་བྱས་ན་རང་རེ་འཆད་བདེ་བས་དེ་ལྟར་བྱ་ལ། ཡ་ཧུད་ད་པ་དང་། ཡེ་ཤུ་རྣམས་ཀྱིས་ཡ་ཧོ་ཝའམ་(यहोवा-yahova / यहोवा-Jehovah)ཇ་ཧོ་ཝར་འབོད། མུ་སལ་མན་རྣམས་ཨ་ལ་(अल्लाह-Allah)ཞེས་འབོད་དེ་ངོ་བོའམ་བསམ་ས་དེ་གཅིག་ཡིན།
2) ཕྱི་ལོ་ ༡༨༦༨ ལོ་ནས་དཔར་འགྲེམས་བྱས་པའི་ལོ་ཐོ་ Whitaker’s Almanac. ཟེར་བ་འདི་ཡིན།
3) གནའ་སྔ་མོ་ནས་དབྱིན་ཇིའི་སྲིད་གཞུང་ཐོག་ཤུགས་རྐྱེན་ངེས་ཅན་ཡོད་པའི་ཡེ་ཤུ་ཆོས་ཁང་ཁག་གཉིས་ཏེ། Archbishop of Canterbury cathedral / Archbishop of York.
ཡིག་སྒྱུར་པའི་གསལ་བཤད།
ངའི་འདས་ཟིན་པའི་ལོ་ཟླ་མང་པོ་ཞིག་དགོན་པའི་ཁོར་ཡུག་ནས་འཚར་ལོངས་བྱུང་ཞིང་། ཡ་རབ་ཚང་གི་གཡོག་པོའི་ཚུལ་ལྟར་རང་གིས་གོ་ལོ་ཐོས་ལོ་མང་པོ་ཞིག་ཀྱང་། བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་དང་འབྲེལ་བ་ཡོད་སྟབས། དུས་རྒྱུན་ལྟ་གྲུབ་སྐོར་ཤེས་ཡོན་གྱི་སྡེ་ཚན་གཞན་ལས་ལྷག་པའི་དགའ་མོས་ཆེ་ཙམ་ཡོད་པས། དེ་འབྲེལ་གྱི་དཔེ་དེབ་ལྟ་ཀློག་བྱེད་རྒྱུ་དང་། དུས་ཚོད་བྱུང་ན་བོད་སྒྱུར་ཞུ་རྒྱུ་བཅས་ལ་མོས་པ་ཆེན་པོ་ཡོད་པས་ད་ལན་མཁས་དབང་ཁོང་གི་གསུང་རྩོམ་འདི་བོད་སྒྱུར་བྱས་པ་ཡིན། འོན་ཀྱང་འདིའི་ནང་ནོར་བ་འདྲ་ཡོད་ཚེ་མཁས་པའི་སྤྱན་སྔར་བཟོད་གསོལ་དང་། ཅི་ནས་ཀྱང་དག་པར་བཅོས་སུ་གསོལ་ཞེས་ཞུ་བར་འདོད།