སྐྱེས་སར་ཀླུ་སྒྲུབ་ཀྱིས་རང་གི་སློབ་སྦྱོང་ཆེད་བོད་སྒྱུར་བྱས།
གཉིས་པ། བྱེད་པ་པོ་ཟེར་བ་ཞིག་ཡོད་དམ།
ལྷ་ཆེན་ནམ་བྱེད་པ་པོ་(1)ཟེར་བ་ཞིག་ཡོད་དམ། ཞེས་པའི་དྲི་བ་འདི་ནི། རྒྱ་ཆེ་ཞིང་བསམ་གཞིག་ནན་ཏན་གཏོང་དགོས་པའི་དྲི་བ་ཞིག་རེད། གལ་ཏེ་ངས་འོས་འཚམ་གྱི་བྱེད་ཐབས་ཤིག་ལ་བརྟེན་ནས་དོན་དག་འདི་ཐག་གཅོད་བྱེད་དགོས་ན། ཁྱེད་རང་འདིར་བཞག་ནས་བྱེད་པ་པོ་མ་སླེབས་བར་ངས་ཁྱེད་རང་ལ་སྒུག་འཇུག་དགོས་ཐུག་གི་རེད། ཡང་ངས་གནད་དོན་འདི་ཅུང་མདོར་བསྡུས་བྱས་ནས་བཤད་ན།
ཁྱེད་ཚོས་ཤེས་གསལ་ལྟར། གནམ་བདག་ཆོས་ཚོགས་(2)ཀྱིས་ལྷ་ཆེན་ནམ་བྱེད་པ་པོ་ཡོད་པའི་ལུང་ཚིག་ཅིག་གཏན་འབེབས་བྱས་ཏེ། དེ་བྱེད་པ་པོ་ཡོད་པའི་སྒྲུབ་བྱེད་དུ་བཀོད། དེ་ནི་ཅུང་ཡ་མཚན་ཆེ་བའི་ལུང་ཚིག་ཅིག་རེད། འོན་ཀྱང་དེ་ནི་ཁོ་ཚོ་རང་གི་ལུང་ཚིག་ཅིག་རེད། ཁོ་ཚོས་ལུང་ཚིག་དེ་འདྲ་ཞིག་ངོ་སྤྲོད་མི་བྱེད་ཐབས་མེད་བྱུང་བ་རེད།
དེའི་རྒྱུ་མཚན་ནི། དེ་སྔ་སྐབས་ཤིག་ལ་རང་དབང་གི་སྒོ་ནས་བསམ་གཞིག་བྱེད་མཁན་ཚོས། སྔར་གྱི་ངག་སྒྲོས་དང་། རྒྱུ་མཚན་དེ་དག་(དོན་དངོས་སུ་ལྷ་ཆེན་ནམ་བྱེད་པོ་ཟེར་བ་ཞིག་མེད་པའི་གནས་ཚུལ་སོགས།) རྒྱས་བཤད་བྱས་ཡོད་མོད། གནམ་བདག་ཆོས་ཚོགས་ཀྱི་ཆོས་གྲོགས་ཚོས་དེ་འདྲའི་བྱེད་པ་པོ་མེད་པར་སྒྲོག་མཁན་དེ་ཚོ་ངེས་པར་དུ་འགོག་དགོས་པར་མཐོང་གི་ཡོད།
དེར་བརྟེན་ཁོ་ཚོའི་སེམས་ལ་བྱེད་པ་པོ་ཡོད་པ་ནི་ཡོངས་བསྒྲགས་མ་བྱས་པའི་རྒྱུ་མཚན་གྱིས་ར་སྤྲོད་བྱེད་ཐུབ་པར་འདོད། ཁོ་ཚོའི་སེམས་ལ་རྒྱུ་མཚན་དེ་ནི་སྒྲུབ་བྱེད་ཅིག་ཏུ་བརྩིས་ནས་བྱེད་པ་པོ་ཡོད་པ་ཁུངས་སྐྱེལ་བྱེད་འདོད་སྐྱེ་བཞིན་ཡོད། དེ་ལྟའི་རྒྱུ་མཚན་གྱི་ནང་དུ། གནད་དོན་མང་དག་ཅིག་ཡོད་པ་ནི་སྨོས་ཅི་དགོས། འོན་ཀྱང་ངས་དེའི་ནང་གི་གནད་དོན་ཁ་ཤས་ཤིག་བདམས་(ལྷ་ཆེན་ནམ་བྱེད་པ་པོ་ཡོད་པའི་སྒྲུབ་བྱེད་རྣམས་དགག་བཞག་གིས་དེ་མེད་པར་བསྟན་པ།) ནས་གསེད་བཀྲོལ་བྱེད་འདོད་བྱུང་། མུ་འགོད།
======================
1 དེ་ཡང་ཡེ་ཤུ་པ་དང་། ཡ་ཧུ་ད་པ་དང་། མུ་སལ་མན་གསུམ་གས་ཀྱང་སྣང་སྲིད་ཀུན་གྱི་བྱེད་པོ་བདེ་སྡུག་ཀུན་གྱི་སྟངས་འཛིན་པའི་ལྷ་གཙོ་བོ་གཅིག་པུ་ཞིག་ཡོད་ཅིང་། དེ་ཁོ་ན་སྐྱབས་གནས་སུ་འཛིན་དགོས་སོ་ཞེས་སྨྲ་བ་ཡིན་ཅིང་། རྒྱ་གར་གྱི་མུ་སྟེགས་རྣམས་ཀྱང་ཚངས་པ་ལ་དེ་ལྟར་ཤེས་པ་ཡིན་ལ། འོན་ཀྱང་སངས་རྒྱས་པའི་ཤན་ཞུགས་ཏེ་ཚངས་པ་དེ་རེ་འགའ་ཆོས་ཀྱི་དབྱིངས་ལྟ་བུར་བཤད་པས། ཤེས་རབ་ཅན་ལ་རྣམས་ལ་སྒོམ་རྒྱུ་དང་དཔྱད་རྒྱུ་མང་དུ་ཡོད་པ་ཞིག་བྱས་སོ། །དེ་ལྟར་ན་འདི་དག་གི་སྐྱབས་ཡུལ་གྱི་ལྷ་དེ་ལ་བྱེད་པ་པོ་ཞེས་ཐ་སྙད་བྱས་ན་རང་རེར་འཆད་བདེ་བས་དེ་ལྟར་བྱ་ལ། ཡ་ཧུ་ད་པ་དང་། ཡེ་ཤུ་རྣམས་ཀྱིས་ཡ་ཧོ་ཝའམ་(यहोवा-yahova / यहोवा-Jehovah)ཇ་ཧོ་ཝར་འབོད། མུ་སལ་མན་རྣམས་ཨ་ལ་(अल्लाह-Allah)ཞེས་འབོད་དེ་ངོ་བོའམ་བསམ་ས་དེ་གཅིག་ཡིན་ཞེས་དགེ་འདུན་ཆོས་འཕེལ་གྱི་གསེར་ཐང་ནང་བྱུང་བ་བཞིན། ད་བར་དབྱིན་ཡིག་ནང་ GOD ཞེས་འབྲི་བཞིན་པ་དེར། བོད་ཡིག་ནང་། ལྷ་ཆེན་དང་། བྱེད་པ་པོ། གཙོ་བདག དཀོན་མཆོག་བཅས་སུ་བསྒྱུར་ཡོད་ན་ཡང་། ཤེས་རབ་ཅན་གྱི་གྲོགས་པོ་འགའི་དགོངས་པར་དཀོན་མཆོག་ནི་ནང་པ་རང་གི་ཐུན་མིན་གྱི་བརྡ་ཆད་ཅིག་ཡིན་པས། དེ་ཕྱི་རོལ་བའི་སྟོན་པ་ཞིག་ལ་སྤྱོད་པ་ནི། ཕྱོགས་མང་པོ་ཞིག་ནས་མི་ལེགས་པའི་དགོངས་ཚུལ་འདོན་གནང་མཛད་པ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། བྱེད་པ་པོ་ཞེས་པའི་བརྡ་ཆད་ཅིག་མཛད་འདུག་པས། རེ་ཞིག་དཔྱད་པའི་མཐའ་མ་རྙེད་བར་ལྷ་ཆེན་ནམ་བྱེད་པ་པོ་ཞེས་འབྲི་བར་བྱའོ།།
2 གནམ་བདག་ཆོས་ཚོགས་ནི་སྐབས་འདིར། Catholic Churche ལ་གོ་དགོས་ཤིང་། ཆོས་ཚོགས་འདིས་ལྷ་ཆེན་ནམ། བྱེད་པ་པོ་ཞིག་ཡོད་པའི་རིང་ལུགས་བཟུང་བར་གོ་དགོས།
ཡིག་སྒྱུར་པའི་གསལ་བཤད།
ངའི་འདས་ཟིན་པའི་ལོ་ཟླ་མང་པོ་ཞིག་དགོན་པའི་ཁོར་ཡུག་ནས་འཚར་ལོངས་བྱུང་ཞིང་། ཡ་རབས་ཚང་གི་གཡོག་པོའི་ཚུལ་ལྟར་རང་གིས་གོ་ལོ་ཐོས་ལོ་མང་པོ་ཞིག་ཀྱང་། བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་དང་འབྲེལ་བ་ཡོད་སྟབས། དུས་རྒྱུན་ལྟ་གྲུབ་སྐོར་ལ་ཤེས་ཡོན་གྱི་སྡེ་ཚན་གཞན་ལས་ལྷག་པའི་དགའ་མོས་ཆེ་ཙམ་ཡོད་པས། དེ་འབྲེལ་གྱི་དཔེ་དེབ་ལྟ་ཀློག་བྱེད་རྒྱུ་དང་། དུས་ཚོད་བྱུང་ན་བོད་སྒྱུར་ཞུ་རྒྱུ་བཅས་ལ་མོས་པ་ཆེན་པོ་ཡོད་པས་ད་ལན་མཁས་དབང་ཁོང་གི་གསུང་རྩོམ་འདི་བོད་སྒྱུར་བྱས་པ་ཡིན། འོན་ཀྱང་འདིའི་ནང་ནོར་བ་འདྲ་ཡོད་ཚེ་མཁས་པའི་སྤྱན་སྔར་བཟོད་གསོལ་དང་། ཅི་ནས་ཀྱང་དག་པར་བཅོས་སུ་གསོལ་ཞེས་ཞུ་བར་འདོད།