བློ་བཟང་རིན་ཆེན།
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་དང་པོའི་མྱོང་ཚོར་གྱི་མཆོག་ཅེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།
སྔོན་གླེང་།
གྲོགས་པོ་ཤེས་རབ་དང་ལྷན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་གི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>ཅེས་པའི་ཕྱག་དཔེ་འདི་ཉིད་ཀློག་པར་ཁས་ལེན་བྱས་པ་བཞིན་བདུན་ཕྲག་གཅིག་ལ་ལེའུ་རེ་བཀླགས་ཤིང་བཀླགས་པའི་མྱོར་ཚོར་དང་། ཡང་ན་དཔྱད་རྩོམ་རེ་འབྲི་དགོས་པའི་གྲོས་འཆར་བཏོན་པ་འདི་ཉིད་ལག་བསྟར་བྱེད་རྒྱུར་ཅུང་ཙམ་དཀའ་ལས་བྱུང་། རྒྱུ་མཚན་བདུན་ཕྲག་འདིའི་ནང་ཁང་རྒན་ཚར་བའི་རྩིས་སྤྲོད་རྩིས་ལེན་ཚར་མ་ཐག གྲྭ་ཚང་གི་ཟླ་གསུམ་ལས་བྱེད་ལ་ཁེལ་ཞིང་། དེའི་རྩིས་སྤྲོད་རྩིས་ལེན་སོགས་བགྱིས་ནས་དུས་ཚོད་གང་འཚམ་དེ་ལ་བཏང་བ་ཡིན། ཁོ་བོ་ལས་བྱེད་དུ་ཁེལ་ས་ནི་བློ་གླིང་འཚིག་ཇ་ཁང་རེད། ངའི་ལས་རོགས་ནི་ཁམས་སྨར་ཁམས་ཕྱོགས་ནས་ཡིན་པའི་བསྟན་འཛིན་རྡོ་རྗེ་དང་། དབུས་གཙང་ཕྱོགས་ཀྱི་མི་འགྱུར་རྡོ་རྗེ་གཉིས་རེད། ང་ཚོ་མདོ་དབུས་ཁམས་གསུམ་གྱི་མི་སྣ་གསུམ་ལྷན་དུ་གྲྭ་ཚང་གི་ལས་བྱེད་དུ་ཁེལ་བ་ནི་རྒྱུན་ལྡན་ཞིག་ག་ལ་ཡིན། གང་ལྟར་ང་ཚོས་ལས་ཀ་ཧུར་ཐག་གིས་སྒྲུབ་བཞིན་ཟ་མ་གང་ལེགས་བཟོ་ཁུལ་བྱས་པ་ཡིན། ང་ཚོས་ཟ་མ་ཟ་བའི་བར་གསེང་དུ་ཁ་བརྡ་སྣ་ཚོགས་ཀྱིས་དུས་སྐྱེལ་ཞིང་དགོད་སྒྲས་དུས་འདའ་བར་བྱས། དེ་ལྟ་དེ་ལྟར་ངའི་བདུན་ཕྲན་འདིའི་ལས་འགན་སྒྲུབ་ལོང་མ་བྱུང་བར་ལྷག དེ་རིང་ཞོགས་ཇ་གྲུབ་མ་ཐག་ཁ་པར་ཉལ་ཁང་དུ་བཞགས་ནས་དཔེ་ཀློག་གི་འགོ་བརྩམས་ཤིང་མྱོང་ཚོར་གྱི་མཆོག་ཅེས་པའི་ལེའུ་འདི་ཚར་གཉིས་བཀླགས་པ་ཡིན། ཕྱི་དྲོ་སླར་ཡང་ཚར་གཅིག་བཀླགས་ཏེ་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་བཀླགས་བྱང་འདི་གྲུབ་པར་བྱས།
འགྲོ་བ་མིའི་གཞི་རྩའི་ཚོར་ཤེས།
ལེའུ་འདི་༧གོང་ས་མཆོག་ཡོ་རོབ་ཏུ་བསྐྱོད་སྐབས་ཀྱི་མྱོང་ཚོར་ཞིག་དང་སྦྱར་ནས་འགོ་བཙུགས་ཏེ་འགྲོ་བ་མིའི་གཞི་རྩའི་རང་བཞིན་ལྷུག་པོར་བརྗོད་འདུག དེའང་ཁོང་ཨ་ཤི་ཝེ་ཛི་རུ་ཡོད་པའི་(Nazi death camp)ལ་བསྐྱོད་སྐབས་སུ་འགྲོ་བ་མི་སྟོང་ཕྲག་མང་པོ་བསྲེག་སའི་ཐབ་རྣམས་མཐོང་ཞིང་། “ཐབ་དེ་དག་གིས་མཚོན་པའི་ཚོར་མེད་ཀྱི་བྱ་སྤྱོད་སྐྱི་གཡའ་བ་དེས་༧གོང་ས་མཆོག་གི་སྨྲ་ལྕེ་ལྐུག་པར་བཟོས་པ་མ་ཟད། ཡིད་ཀྱི་འཆར་སྒོའང་ཉམས་སུ་བཅུག” དེ་ནས་འགྲེམ་སྟོན་ཁང་དུ་ལྷམ་སྐོར་ཞིག་མཐོང་ཞིང་། དེའི་ནང་ནས་མང་པོ་ཞིག་ཆུང་ངུ་ཡིན་པ་དང་། ལྷན་པ་བརྒྱབ་ཡོད་པས་བྱིས་པ་དང་དབུལ་བོ་ཚོའི་ཡིན་པ་གསལ་བོ་རེད། གནས་ཚུལ་འདིས་༧གོང་ས་མཆོག་སྔར་ལས་ལྷག་པའི་སེམས་པ་སྐྱོ་རུ་བཅུག་ཅིང་། ངག་ནས་ཁོ་ཚོས་གནོད་ཚེ་ཐུབ་ས་ནི་དེ་འདྲ་ཞིག་རེད་ཅེས་གསུངས། སྐབས་དེར་གོང་ས་མཆོག་འགྲོ་མཚམས་བཞག་ནས་མནར་གཅོད་མྱོང་མཁན་དང་། གཏོང་མཁན་གཉིས་ཀར་སྙིང་རྗེ་བསྐྱེད་བཞིན། “ཚུལ་མིན་གྱི་བྱ་བ་ཚབས་ཆེན་འདི་ལྟ་བུ་ཞིག་ནང་ཡང་མི་འབྱུང་བའི་སྨོན་ལམ་དང་། ང་ཚོ་ཚང་མར་གཞན་སེམས་ཀྱིས་ཀུན་ནས་བསླངས་ཏེ། གཞན་གྱི་བདེ་སྡུག་ཁུར་དུ་ལེན་པའི་ནུས་པ་ཡོད་པ་ལྟར། གཞན་ལ་མནར་གཅོད་གཏོང་བ་དང་། སྲོག་གཅོད་པའི་ནུས་པའང་གཅིག་མཚུངས་སུ་ཡོད་པ་ཡིད་ལ་དྲན་བཞིན། མི་གསོད་ཁྲག་སྦྱོར་འདི་ལྟ་བུ་ཞིག་སླར་ཡང་འབྱུང་དུ་མི་འཇུག་པའི་དམ་བཅའ་”གནང་བ་རེད།
ཨ་ཤི་ཝེ་ཛི་རུ་བྱུང་བའི་དོན་རྐྱེན་ནི་ལེའུ་འདིའི་ཐོག་མའི་གླེང་སློང་བྱེད་ཀྱི་བརྗོད་བྱ་གལ་ཆེན་ཞིག་རེད། རེད་དེ་ང་ལ་དེའི་སྐོར་ཀྱི་གོ་རྟོགས་གང་ཡང་མེད་པས་ཆ་ཚང་བ་ཞིག་མ་བྱུང་ཡང་། བརྗོད་བྱ་ཐད་ནས་དཀའ་ངལ་འཕྲད་མ་སོང་། གང་ལྟར་“ཨ་ཤི་ཝེ་ཛི་རུ་བྱུང་བའི་དོན་རྐྱེན་འདི་ལྟ་བུ་ནི། ཆུང་ས་ནས་མི་སྒེར་སོ་སོ་དང་། ཆེ་ས་ནས་སྤྱི་ཚོགས་ཧྲིལ་པོ་ཞིག་འགྲོ་བ་མིའི་གཞི་རྩའི་ཚོར་ཤེས་དང་ཁ་བྲལ་ན་ཅི་ཞིག་འབྱུང་བའི་དྲན་སྐུལ་དྲག་པོ་ཞིག་ཡིན་པ་མ་ཟད། ད་དུང་འབྱུང་འགྱུར་གྱི་ནང་དུ་ཆག་སྒོ་འདིའི་རིགས་མི་འབྱུང་བར་ཁག་ཐེག་བྱེད་པའི་ཁྲིམས་ལུགས་དང་། རྒྱལ་སྤྱིའི་གྲོས་མཐུན་སོགས་དགོས་ངེས་ཡིན་པ་དང་”། འགྲོ་བ་མིའི་གནས་རིམ་དཀྱུས་མ་རྣམས་ཀྱི་མྱོང་ཚོར་ལ་བརྩི་འཇོག་བྱེད་པ་ནི་དེ་ལས་ཀྱང་གལ་ཆེན་ཡིན་པར་སྟོན་བྱེད་ཅིག་ཡིན།
༧གོང་ས་མཆོག་གིས་གསུང་བའི་འགྲོ་བ་མིའི་གཞི་རྩའི་ཚོར་ཤེས་ཟེར་བ་ནི། ང་ཚོར་ལྷན་སྐྱེས་སུ་མངའ་བའི་ཕན་ཚུན་ལ་གདུང་སེམས་མཉམ་བསྐྱེད་བྱེད་པའི་ནུས་པ་ཞིག་ཡིན། དེའང་གསལ་པོར་བསྙད་ན་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་ནུས་པ་ཞིག་ཡིན། ནུས་པ་དེ་ནི་“ང་ཚོ་འགྲོ་བ་མིའི་ངོ་བོའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ཞིང་། ང་ཚོས་ནུས་པ་འདི་བརྒྱུད་གཞན་གྱི་སྡུག་བསྔལ་གྱི་མྱོང་བའི་ནང་དུ་ཚད་གཞི་ངེས་ཅན་ཞིག་ལ་ཞུགས་ནས་སྡུག་བསྔལ་དེར་མཉམ་སྤྱོད་བྱེད་ཐུབ་ཀྱི་ཡོད། རོགས་སྐྱོབ་ཀྱི་ངུ་འབོད་གོ་ན། ནུས་པ་འདིས་ང་ཚོ་འགུལ་བསྐྱོད་བྱེ་དུ་འཇུག་པ་དང་། མི་ཞིག་ལ་འཚེ་བ་བྱེད་བཞིན་པ་མཐོང་ན། ནུས་པ་འདིས་ང་ཚོ་ཞེ་ལོག་ཏུ་འཇུག་པ་དང་། གཞན་གྱི་སྡུག་བསྔལ་མཐོང་ན། ནུས་པ་འདིས་ང་ཚོར་སྡུག་བསྔལ་དེ་མྱོང་དུ་འཇུག་པ་དང་། ད་དུང་གཞན་གྱི་དཀའ་སྡུག་སྣང་མེད་བྱེད་འདོད་ནའང་། ནུས་པ་འདིས་ང་ཚོར་རང་གི་མིག་ཟུང་ཟུམ་དུ་འཇུག་གི་ཡོད་”ཅེས་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པ་འདི་ཉིད་ཧ་ཅང་ནུས་སྟོབས་ཆེ་བར་མ་ཟད། འདི་ཉིད་ང་ཚོར་ལྷན་སྐྱེས་སུ་མངའ་བའི་སྒྲུབ་བྱེད་ཡིད་དབང་འཕྲོག་པ་མང་པོ་བཀོད་འདུག
འགྲོ་བ་མིའི་གཞི་རྩའི་རང་བཞིན།
འགྲོ་བ་མིའི་གཞི་རྩའི་རང་བཞིན་ནི་འགྲན་སེམས་དང་། འཁོན་འཛིན་ཡིན་པར་འདོད་པའི་སྤྱི་ཁྱབ་ཀྱི་ལྟ་ཚུལ་ཞིག་ཡོད་ཀྱང་། ༧གོང་ས་མཆོག་གི་དགོངས་ཚུལ་ནི་འགྲོ་བ་མིའི་རྩ་བའི་རང་བཞིན་བྱམས་བརྩེ་ཡིན་པར་བཞེད་ཀྱི་ཡོད། དེའང་ལྐུག་པའི་ཨུ་ཚུགས་ལྟ་བུ་མིན་པར་ཚན་རིག་པས་ཉམས་ཞིབ་དང་ཁོང་གི་བློ་གྲོས་ཀྱིས་དཔྱད་འབྲས་སུ་རྙེད་པའི་གྲུབ་དོན་ཞིག་རེད། ང་ཚོས་མ་བུའི་བར་གྱི་སླད་མེད་ཀྱི་བརྩེ་སེམས་ལ་མནོ་བསམ་ཐེངས་གཅིག་བྱོས་དང་། ཕྲུ་གུ་སྐྱེས་མ་ཐག་ནས་ཨ་མར་བཅངས་པའི་བྱམས་བརྩེ་ཞིག་མེད་ན། ཨ་མའི་ནུ་མའི་ཕྱོགས་ལ་འགུལ་ཞིང་ཨ་མའི་ནུ་མ་ཇི་ལྟར་ནུ། དེ་བཞིན་ཨ་མ་ལ་ཡང་ཕྲུ་གུར་བཅངས་པའི་བྱམས་བརྩེ་ཞིག་མེད་ན། ཨ་མའི་ནུ་མ་ལས་འོ་མ་རང་ཤུགས་ཀྱི་ཇི་ལྟར་ཡོང་། དེ་ལྟར་ཕན་ཚུན་གཉིས་ཀར་ཡོད་པའི་བྱམས་བརྩེ་ནི་ཆོས་ལུགས་ཀྱིས་བཀོད་འདོམས་དང་། ཁྲིམས་ལུགས་ཀྱིས་བཙན་འགེལ། དགེ་རྒན་གྱིས་བསླབས་པ་སོགས་གང་ཡང་མིན་པར་རང་བཞིན་གྱིས་བྱུང་བ་རེད། འདི་ལྟ་བུའི་མ་བུའི་བར་གྱི་བྱམས་བརྩེ་ནི་དུད་འགྲོའི་རིགས་ལའང་ཐུན་མོང་དུ་ཡོད། འདི་ནི་ང་ཚོའི་རྩ་བའི་རང་བཞིན་བྱམས་བརྩེ་ཡིན་པའི་བསམ་བློ་གཏོང་ཕྱོགས་གཅིག་ཡིན།
ཡང་ང་ཚོས་དྲག་སྤྱོད་དང་སེམས་བཟང་གི་བྱ་སྤྱོད་ལ་སོམས་དང་། “ང་ཚོ་ཕལ་ཆེ་བས་དྲག་རྩུབ་ཀྱི་བྱ་སྤྱོད་ནི་འཇིགས་སྐུལ་གྱི་རང་བཞིན་དུ་མཐོང་གི་ཡོད། དེ་ལས་ལྡོག་སྟེ། ང་ཚོར་སེམས་པ་བཟང་པོ་ཞིག་སྟོན་སྐབས། ང་ཚོས་ཡིད་ཆེས་པའི་སྒོ་ནས་ཡ་ལན་སྟེར་གྱི་ཡོད།” ད་དུང་འབྲས་བུ་དང་འཕྲོད་བསྟེན་ཕྱོགས་ནས་བསམ་བློ་བཏང་ནའང་། སེམས་བཟང་གི་བྱ་སྤྱོད་ཀྱིས་འབྲས་བུ་ཞི་བདེ་དང་བག་ཕེབས་བསྐྲུན་ཞིང་། དེའི་སྐྲན་ནད་དང་ནད་རིག་མང་པོ་ཞིག་སངས་དྲག་འགྲོོ་བར་མེད་དུ་མི་རུང་བ་ཞིག་ཡིན། མ་ཟད་ཚེ་སྲོག་འཕེལ་རྒྱས་ལ་གལ་ཆེ་བར་གདམས་ཡོད། དྲག་སྤྱོད་ཀྱིས་སེམས་ངལ་དང་དངངས་སྐྲག་བསྐྲུན་ཞིང་ཁྲག་ཤེད་མཐོ་བ་སོགས་བདེ་ཐང་ལ་ཧ་ཅང་གནོད། གནད་དོན་འདིས་འགྲོ་བ་མིའི་རྩ་བའི་རང་བཞིན་བྱམས་བརྩེ་ཡིན་པར་རམ་འདེགས་བྱེད་ཐུབ།
ད་དུང་ང་ཚོས་བྱིས་པ་ཚོའི་བྱ་སྤྱོད་ལ་སོམས་དང་། “སྤྱི་ཚོགས་ཀྱིས་བསླབ་པའི་སྤྱོད་པ་རྣམས་ཀྱིས་བསྒྲིབས་པའི་འགྲོ་བ་མིའི་རང་བཞིན་ལྷད་མེད་ཅིག་ཁོ་ཚོའི་སྟེང་དུ་མཐོང་ཐུབ། ཕྲུ་གུ་ཤིན་ཏུ་ལོ་ན་ཕྲ་བ་ཚོས་མི་དང་མིའི་བར་ལ་ཁྱད་པར་མི་འབྱེད་པ་དང་། ཁོ་ཚོས་རང་གི་གམ་དུ་ཡོད་པའི་མིའི་འཛུམ་མདངས་དེ་གཞན་ཐམས་ཅད་ལས་གཙིགས་སུ་འཛིན་པར་སྣང་། ཐ་ན་ཡར་འཚར་ལོངས་འབྱུང་བཞིན་པའི་སྐབས་སུའང་། ཁོ་ཚོས་མི་རིགས་དང་རྒྱལ་ཁབ། ཁྱིམ་རྒྱུད་ཀྱི་རྒྱབ་ལྗོངས་དང་ཆོས་ལུགས་སོགས་ཀྱི་ཁྱད་པར་ལ་དོ་སྣང་བྱེད་ཀྱི་མེད། བྱིས་པ་ཚོ་ལྷན་དུ་འཛོམས་སྐབས་ཁྱད་པར་དེ་དག་གླེང་བ་ལས་རྩེད་མོ་གལ་ཆེན་དུ་འཛིན་པ་”འདི་འགྲོ་བ་མིའི་གཞི་རྩའི་རང་བཞིན་བྱམས་བརྩེ་ཡིན་པའི་སྒྲུབ་བྱེད་རྨད་པོ་ཆེ་ཞིག་ཡིན་ངེས། གཞན་ཡང་ལེའུ་འདིར་འགྲོ་བ་མིའི་རྩ་བའི་རང་བཞིན་བྱམས་བརྩེ་ཡིན་པའི་སྒྲུབ་བྱེད་མང་པོ་བཀོད་འདུག་པས། ཁྱེད་ཀྱིས་ཀྱང་ཕྱག་དཔེ་འདི་ཚར་གཅིག་ཀློགས་དང་ཁྱེད་ཀྱི་བློ་མིག་ཇེ་ཡངས་སུ་འགྲོ་བར་ཁག་ཐག་བྱེད་ཆོག
བློའི་ཡོན་ཏན་རྣམས་ཀྱི་དགེ་མཚན།
འགྲོ་བ་མི་ལ་ལྷན་སྐྱེས་དང་ལྷན་སྐྱེས་མ་ཡིན་པའི་བློའི་རིགས་སྣ་ཚོགས་ཤིག་ཡོད་པ་ནི་དེ་ཙམ་གླེང་རིན་མེད་ནའང་། དེ་ལས་འགའ་ཞིག་ང་ཚོ་ལ་གནོད་ཅིང་ང་ཚོའི་བདེ་སྐྱིད་འཕྲོག་པར་བྱེད། འགའ་ཞིག་ནི་ང་ཚོ་ལ་ཕན་ཞིང་བདེ་སྐྱིད་བསྐྲུན་ཏེ་ང་ཚོའི་དམིགས་ཡུལ་འགྲུབ་པར་བྱེད་ཀྱི་ཡོད། བློ་དེའི་རིགས་ང་ཚོར་མ་སྐྱེས་པ་སྐྱེས་པ་དང་། སྐྱེས་པ་གོང་འཕེལ་དུ་གཏོང་བར་བརྩོན་དགོས། དཔེར་ན་“ང་ཚོས་རང་གི་སེམས་ཀྱི་ནུས་རྩོལ་རྣམས་གདུང་སེམས་མཉམ་བསྐྱེད་ཀྱི་ཚོར་བའི་ཕྱོགས་ལ་བཀོལ་སྐབས། ང་ཚོས་དེའི་ཚོར་ཤུགས་ཆེ་རུ་གཏོང་ཐུབ་པར་མ་ཟད། བྱམས་པ་དང་སྙིང་རྗེའི་ངོ་བོ་ལའང་བསྒྱུར་ཐུབ་ཀྱི་ཡོད་”པ་བཞིན། བློའི་ཡོན་ཏན་ཐམས་ཅད་དེ་ལྟར་གོང་འཕེལ་དུ་གཏོང་ཆོག དེ་ལྟར་“ང་ཚོས་བསམ་བཞིན་དུ་སྙིང་རྗེ་ལ་སྦྱོང་བརྡར་དང་། གོམས་འདྲིས་ཀྱིས་ཉམས་ལེན་བྱས་ན། གཞན་དང་འབྲེལ་ཐུབ་པའི་རང་གི་ལྷན་སྐྱེས་ཀྱི་ནུས་པ་གོང་འཕེལ་དུ་འགྲོ་ངེས་ཡིན། འདི་ནི་ངོས་ཀྱིས་གླེང་བའི་བླང་དོར་ལ་འཇུག་ཚུལ་རྒྱུ་མཚན་དུ་བྱས་ཚེ། གལ་ཆེན་ནང་གི་དོན་ཆེན་ཞིག་ཆགས་ཡོད། ང་ཚོས་སྙིང་རྗེ་གོང་འཕེལ་དུ་ཅི་ཙམ་བཏང་ན། དེའི་ཚོད་ཀྱིས་ང་ཚོའི་སྤྱོད་པ་ནི་དོན་དངོས་སུ་བཟང་སྤྱོད་དུ་འགྱུར་རྒྱུ་རེད་”ཅེས་གདམས་འདུག རེད་དེ་ཚན་པ་འདི་ཀློག་སྐབས་ཁ་སང་དེ་རིང་ང་ཚོས་(འཚིག་ཇ་ཁང་)གཙང་མ་དང་སྣོད་ཆས། འབོལ་གདན་སོགས་སྲུང་སྐྱོབ་ཆེད་འབུ་སྨན་གང་སར་གཏོར་བས་འབུ་མང་པོ་ཤི་བ་ཡིད་ལ་དྲན་ནས་ངོ་གནོང་དགོས་པ་བྱུང་།
ཡང་“གཞན་སེམས་ཀྱིས་ང་ཚོ་ཀུན་ནས་བསླངས་ན། གཞན་ལ་བསྟན་པའི་ང་ཚོའི་བྱ་སྤྱོད་ནི་རང་བཞིན་གྱིས་དགེ་བའི་ངོ་བོར་འགྲོ་ལ། ང་ཚོའི་སེམས་བྱམས་བརྩེས་གང་བའི་སྐབས་དོགས་ཟོན་གྱི་གནས་ཤིག་དེར་ལྷག་མེད།” དེ་བཞིན་བྱམས་བརྩེས་གཞན་དང་འབྲེལ་བ་ལེགས་པོ་ཞིག་འཛུགས་པའི་བར་ཆད་ཚང་མ་བཟློག་འགྲོ་ཡི་ཡོད། ད་དུང་“ང་ཚོས་ཀུན་སློང་བཟང་པོ་ཞིག་འཛིན་སྐབས། ང་ཚོར་ཡོད་སྲིད་པའི་ངོ་ཚ་དང་བདེ་འཇགས་མེད་པའི་ཚོར་ཤུགས་སོགས་ཉུང་དུ་འགྲོ་བ་དང་། ནང་གི་སྒོ་འདི་ཅི་ཙམ་ཕྱེ་ཐུབ་ན། དེ་ཙམ་གྱིས་རང་གཅེས་འཛིན་གྱི་བག་ཆགས་མཐུག་པོ་ལས་གྲོལ་བའི་རང་དབང་གི་འདུ་ཤེས་ཤིག་ང་ཚོར་སྐྱར་རྒྱུ་རེད།” རང་དབང་གི་འདུ་ཤེས་དེས་ང་ཚོར་གདེང་སྤོབས་ཀྱི་ཚོར་བ་བླ་མེད་ཅིག་སྤྲོད་ཐུབ་པའི་ཚིག་ཐག་བཅད་ཡོད།
ད་དུང་བློའི་ཡོན་ཏན་རྣམས་ཀྱི་དགེ་མཚན་དག་༧གོང་ས་མཆོག་རང་ཉིད་ཀྱི་ཉམས་མྱོང་དག་སྦྱར་ནས་འགྲེལ་བཤད་ལྷུག་པོར་གནང་བ་དེས། རང་ཉིད་གང་ལ་ཕྱོགས་པའི་མི་ཚེའི་ལམ་ཁ་འདི་ལ་ཡིད་ཆེས་སྲ་བརྟན་དང་གདེང་སྤོབས་བླ་མེད་ཅིག་སྐྱེ་བཅུག་སོང་། ལེའུ་འདི་ནན་གྱིས་བཀླགས་པའི་རྗེས་སུ་སྤྱི་ཚོགས་ཆེ་ཆུང་ལ་མ་ལྟོས་པར་ཆ་མཐུན་དང་འབྲེལ་ལམ་ཡག་པོ་མི་འབྱུང་བ་ནི། གཞན་སེམས་དང་བློའི་ཡོན་ཏན་རྣམས་ལ་རྗེས་སུ་འགྲོ་ལྡོག་བྱེད་བཞིན་ཡོད་པའི་གནས་སྟངས་འདི་གསལ་བོར་ཆགས་སོང་། ད་དུང་ལེའུ་འདིའི་མཇུག་ཏུ་༧གོང་ས་མཆོག་དང་ནེ་ཙོ་གཉིས་ཀྱི་འབྲེལ་ལམ་སྐོར་ནས་སྒྲུང་སྙིང་རྗེ་མོ་གསུངས་འདུག དངོས་སྒྲུང་འདིས་བྱ་བ་ཐམས་ཅད་རང་གི་འདོད་པ་ནང་བཞིན་མི་ཡོང་བའི་གནད་དོན་གསལ་བཤད་བགྱིས་འདུག མཚམས་རེ་རང་གིས་འབྲེལ་ལམ་འཛུགས་འདོད་པའི་མི་རེར་འཕྲད་ཅིང་། ང་ཚོའི་འབྲེལ་ལམ་དེ་ཙམ་ཡག་པོ་མ་བྱུང་བའི་སྐབས་ང་རང་ཡིད་ཐང་ཆད་དེ་སེམས་སྡུག་མྱོང་གི་ཡོད། རེད་དེ་༧གོང་ས་མཆོག་གིས་ཀྱང་ཁོང་གི་དགོངས་པ་ལྟར་མ་གྲུབ་པའི་དངོས་སྒྲུང་དེས་ངའི་སྡུག་བསྔལ་ནི་ཅི་ཡང་མིན་པའི་ངེས་པ་བྱིན་སོང་།
མཆན།• འདི་ནི་ཆོས་གྲོགས་ཤེས་རབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་རྣམས་ལ་འུ་ཅག་གིས་རྒྱུས་ཡོད་བྱེད་དགོས་པའི་བསམ་ཚུལ་ལྷུག་པོར་བརྗོད་པས་མཐུན་རྐྱེན་བྱས་ཏེ་སྔར་ཁོ་བོས་ཀློག་འགོ་བརྩམས་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་མྱོང་ཚོར་གྱི་མཆོག་ཅེས་པའི་ལེའུ་ལ་བལྟས་པའི་བཀླགས་བྱང་ཙམ་ཡིན།
མཆན། •བཀླགས་བྱང་འདི་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། གོང་དུ་བཀོད་པའི་ཨ་ཤི་ཝེ་ཛི་རུ་ཡོད་པའི་(nazi death camp)དང་ཨ་ཤི་ཝེ་ཛི་རུ་བྱུང་དོན་རྐྱེན་སྐོར་གྱི་གནས་ཚུལ་ཤེས་རྟོགས་རྒྱུས་མངའ་ལྡན་ཚེ་གཤམ་ལ་མཆན་དུ་འགོད་པར་འཚལ།
2020/4/27ལ་འཚིག་ཇ་ཁང་དུ་བློ་བཟང་རིན་ཆེན་གྱིས་བྲིས།